རྒན་གྱའི་བྲག་དཀར་གྱི་གནས་བཤད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-06-27 14:36:50     རྩོམ་པ་པོ།   ལེགས་བཤད་སྨྲ་བའི་ཟླ་བ།    ཀློག་ཐེངས།  

微信图片_20220627143832.jpg

གངས་ཅན་བོད་ཀྱི་ཤར་ཕྱོགས་ཨ་མདོའི་ས་ཆའི་གནས་རི་སྙན་གྲགས་ཤིན་ཏུ་ཆེ་བ་རྒན་གྱའི་བྲག་དཀར་འདི་ཉིད།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་ཕྱོགས་སུ་སྤྱི་ལེ༤༥ཡས་མས་སུ་ཡོད། 

བོད་བརྒྱུད་ནང་བསྟན་གྱི་གནས་རིར་ངོས་འཛིན་མཁན་ཐོག་མ་ནི་སྤྱི་ལོ766ཡས་མས་སུ་རྒྱ་གར་ནས་བོད་དུ་ཕེབས་པའི་སློབ་དཔོན་པད་མ་འབྱུང་གནས་ཡིན་ལ། བོད་བརྒྱུད་ནང་བསྟན་ལ་མདོ་དང་སྔགས་གཉིས་ཡོད་པ་ལས་གནས་ཆེན་འདི་ནི་སྔགས་དང་འབྲེལ་ཡོད།   སྔགས་ལ་རྒྱུད་སྡེ་བཞི་ཡོད་པ་ལས་རིམ་པ་མཐོ་ཤོས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་འབྲེལ་ཡོད།  དེ་ལ་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས་ཡོད་པ་ལས་ཤེས་རབ་ཀྱི་རྒྱུད་དང་འབྲེལ་ཡོད། ཤེས་རབ་ཀྱི་རྒྱུད་ཀྱི་ལྷའི་གཙོ་བོ་འཁོར་ལོ་བདེ་མཆོག་ཡིན་ལ། གནས་ཆེན་འདི་ནི་འཁོར་ལོ་བདེ་མཆོག་གི་གནས་ཡིན།  

འཁོར་ལོ་བདེ་མཆོག་ཟེར་བ་ཅི་རེད་ཟེར་ན།   སྤྱི་ལོའི་སྔོན་གྱི་ལོ་500ཡས་མས་སུ་བྱོན་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་འཁོར་ལོ་བདེ་མཆོག་གི་སྐུའི་རྣམ་པ་བསྟན་པ་རེད། སྟོན་པ་ཤཱཀྱ་ཐུབ་པས་འཁོར་ལོ་བདེ་མཆོག་གི་རྣམ་པ་ཅིའི་ཕྱིར་བསྟན་པ་རེད་ཟེར་ན།  དེའི་གོང་གི་ལོ་ཤིན་ཏུ་མང་བོའི་རིང་འཇིག་རྟེན་དུ་རང་བྱུང་གི་བྲག་ཕུག་འདི་དང་འདི་ལྟ་བུ་ཡོད་པའི་ནང་དུ་གདུག་རྩུབ་ཅན་གྱི་མི་དང་མི་མིན་གྱི་སྲོག་ཆགས་འཚོ་སྡོད་བྱས་ནས་སེམས་ཅན་གཞན་གྱི་ཤ་ཁྲག་ཁོ་ན་ལ་ལོངས་སྤྱད་ཅིང་ཕྱི་རོལ་པའི་སྟོན་པ་ལྷ་དབང་ཕྱུག་ཆེན་པོ་སྐྱབས་གནས་སུ་བཟུང་ནས་འཚོ་བ་ཡུན་རིང་བསྐྱལ་བ་རེད།  ག

དུག་རྩུབ་ཅན་གྱི་སྤྱོད་པ་དེ་དག་མ་བཟོད་ནས་བྱམས་སྙིང་རྗེ་ཅན་གྱི་སྟོན་པ་ཤཱཀྱ་ཐུབ་པས་ཕྱི་རོལ་པའི་སྟོན་པ་ལྷ་དབང་ཕྱུག་ཆེན་པོ་དང་ཧ་ལམ་སྐུའི་རྣམ་པ་འདྲ་བའི་འཁོར་ལོ་བདེ་མཆོག་གི་རྣམ་པ་བསྟན་ནས།  རང་བྱུང་གི་བྲག་ཕུག་འདི་དག་ཏུ་གནས་པའི་གདུག་རྩུབ་ཅན་གྱི་མི་དང་མི་མིན་རིམ་གྱིས་ནང་བ་སངས་རྒྱས་པར་བསྒྱུར་བ་ཡིན་པར་བོད་བརྒྱུད་གསང་སྔགས་ཀྱི་གཞུང་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ལས་གསུངས་པས།  བོད་བརྒྱུད་ནང་བསྟན་དང་གནས་རི་འདིའི་འབྲེལ་བ་དེ་ནས་བྱུང་བ་རེད། 

ད་ནི་མེས་པོ་སྔོན་མ་དག་ནས་བརྒྱུད་པའི་ངག་རྒྱུན་དང་ལོ་རྒྱུས་ཡིག་ཆ་ལས་མཐོང་བའི་རང་བྱོན་ངོ་སྤྲོད་ཞུས་ན།  གནས་སྒོའི་ཕྱི་རོལ་ཏུ་ཡོད་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་མཚན་སྔགས་དེ་ནི་ཤར་སྐལ་ལྡན་རྒྱ་མཚོས་ཕྱག་སེན་གྱིས་བྲིས་པར་བཤད།  

ནང་དུ་སླེབས་མ་ཐག་བྲག་འཇམ་པོ་ཞིག་གི་ངོས་སུ་ཕྱག་རྗེས་ཤིག་ཡོད་པ་དེ་ནི་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གིས1956ལོར་འདིར་ཕེབས་ཏེ་ཕྱག་དེ་ལ་བཞག་ནས་སྨོན་ལམ་བཏབ།  ཕྱག་ཡར་བཀྱག་མ་ཐག་ཤུལ་ནས་ཕྱག་རྗེས་དོད་ཡོད་པ་འདི་བྱུང་བ་རེད།  ཁོང་གི་རྣམ་ཐར་ན་ཡང་གསལ་ཞིང་དེར་ཡོད་ཀྱི་མི་དག་གིས་དངོས་སུ་མཐོང་བ་རེད།  

དེར་བཞུགས་ཁྲི་ཞིག་ཡོད་པ་དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་1980ལོར་གནས་གཟིགས་སུ་འདིར་ཕེབས་སྐབས་ཀྱི་བཞུགས་ཁྲི་རེད། དེ་ནས་ཡར་སོང་ན་སྙན་གསན་འབུལ་ས་དེར་རྡོ་བརྡུངས་ཏེ་བརྡ་གཏོང་བ་ནི།  གནས་ཁང་ནང་གི་མི་མིན་གྱི་སྲོག་ཆགས་དག་ལ་གུས་ཞབས་མཚོན་ཞིང་།  ད་དུང་དེ་དག་གིས་གནོད་པ་མི་བྱེད་པ་ལ་ཕན་པའི་བཤད་སྲོལ་ཡོད།

 དེ་ནས་ཚོགས་བདག་གླང་སྣ་དང་།  སྒོ་སྲུང་གི་རང་བྱོན།  ཨོ་རྒྱན་པད་སྡོང་གི་རྩ་བ་ཡོད། དེའི་གམ་དུ་གསང་སྔགས་ཀུན་གྱི་སྙིང་བོ་ཨོཾ་ཨཱཿཧཱུཾ་གྱི་རང་བྱོན་ཡོད་ལ།  དེ་ནི་1795ལོར་མཚོ་སྔོན་དགོན་ལུང་གི་བླ་མ་ཐུའུ་བཀྭན་རིན་པོ་ཆེས་ངོས་བཟུང་བ་ཡིན།  

གཞན་ཡང་ཉེ་འཁོར་དེར་གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་བཞི་བས་ངོས་འཛིན་གནང་བའི་བཾ་ཡིག་དང་མཁའ་འགྲོ་བརྡ་ཡིག་རང་བྱོན། ཨོ་རྒྱན་ཚེ་ཆུ་བཅས་ཡོད། དེ་ནས་བུ་གུའི་ནང་ནས་འཛུལ་ན་ཟམ་པའི་འོག་དེར་གཤིན་རྗེ་ཆོས་རྒྱལ་གྱི་ཕོ་དོང་དུ་གྲགས། 

དེ་ནས་གཤམ་དུ་བབས་ན་མཁའ་འགྲོ་མའི་ནུ་མ་རང་བྱོན་དང་དེའི་འོ་མ་འབབ་སའི་ཐོད་པ་དང་བཅས་པའི་རང་བྱོན། སྤྲིན་བརྩེགས་ཀྱི་གསེབ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབུའི་རྭ་ལྷང་ངེར་གསལ་བའི་རང་བྱོན།  ཚེ་ལྷ་སྒྲོལ་མ་དཀར་མོའི་རང་བྱོན།འདི་གཉིས་བླ་བྲང་དགོན་པའི་མཁན་པོ་ཚང་སྐུ་ཕྲེང་གསུམ་པས་ངོས་འཛིན་གནང་།  དགེ་སྡིག་ཤན་འབྱེད་ཆོས་རྒྱལ་རང་བྱོན། 

 དེ་ནས་རང་གི་གཡོན་ཕྱོགས་ནས་མར་བབས་ན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དང་ཚོགས་རྫས་ཚོགས་གཏོར་གྱི་རང་བྱོན་ཡོད།  འདི་སི་ཁྲོན་ལྷ་མོ་ཀིརྟི་དགོན་པའི་དགོན་བདག་ཀིརྟི་སྐུ་ཕྲེང་གསུམ་པས་ཐོག་མར་ངོས་འཛིན་གནང་།  བདེ་མཆོག་ཡབ་ཡུམ་གྱི་བླ་མཚོ་གཉིས།  

དེ་ནས་སླར་འགོས་ཏེ་ཉག་ག་ནས་རང་གི་གཡས་ཕྱོགས་སུ་བབས་ན་གནས་བརྟན་བཅུ་དྲུག་གི་རང་བྱོན།  སངས་རྒྱས་སྟོང་གི་རང་བྱོན།མེ་ཏོག་དང་མུ་ཏིག་རྒྱན་འཕྲེང་གི་རང་བྱོན།

དེ་ནས་རང་གི་གཡོན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་།རང་གི་གཡས་སུ་ཅུང་རིང་སར་ཕུར་བུ་རང་བྱོན་ཡོད།  འདི་གཉིས་བླ་བྲང་དགོན་པའི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་མཆོག་གིས་༡༨༦༩ལོར་ངོས་འཛིན་ཐོག་མར་གནང་བ་ཡིན།  དཔལ་ལྡན་ལྷ་མོ་རྨ་བྱའི་གདུགས་དང་བཅས་པ།  མདུན་དུ་བྱང་རི་དམར་བོའི་ལྷ་མོའི་ཚེས་གཏོར་དང་བཅས་པའི་རང་བྱོན།  

མདུན་གྱི་དོང་ནང་དུ་ལྷ་མོའི་བླ་མཚོ། འདོད་འཇོའི་ཆུར་བ་ཡོད།  བྱང་རི་དམར་བོར་གཡས་སྐོར་དུ་སོང་ན་མཛོ་མོའི་མཁར་དུ་གྲགས་པ། མཁའ་འགྲོའི་བྲོ་ར། གླང་ཆེན་གྱི་སྣ་ཞགས།དབང་བོ་སྣ་ལྔ་རང་བྱོན་ཡོད།  དེ་དག་ལ་མཇལ་ནས་ཡར་འགོས་ཏེ་གཤིན་རྗེའི་འཕྲང་ཟེར་བའི་བུ་ག་ཡོད་སའི་གཟར་ས་ཞིག་ཡོད།  

དེའི་འོག་ལ་གཤིན་རྗེའི་མོ་དོང་ཟེར།  བུ་ག་ནས་འཛུལ་མ་ཐག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་རང་བྱོན་ཡོད།  འདི་བླ་བྲང་དགོན་པའི་དགེ་བཤེས་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གིས་༡༨༨༩ལོར་ཐོག་མར་ངོས་འཛིན་གནང་བ་ཡིན།  

དེ་ནས་ཡར་འགོས་ན་སེང་གེ་རྐང་ལག་བརྒྱད་པའི་རང་བྱོན་ཡོད་ཟེར་སྲོལ་ཡོད་ཀྱང་དེར་འགྲོ་སྲོལ་མེད།  མར་བབས་ན་བདེ་མཆོག་གི་དཀྱིལ་འཁོར་ནང་གི་དུར་ཁྲོད་དང་རོ་འདོགས་སའི་ཕུར་བ་གཉིས་ཀྱི་རང་བྱོན།  བདེ་མཆོག་གི་རིག་མ་རྡོ་རྗེ་ཕག་མོའི་རང་བྱོན་ངོ་མཚར་ཅན་ཡོད།  

དེ་ནས་ཡར་འགོས་ཏེ་མིས་བཟོས་ཐེམ་སྐས་ལ་འཛེགས་དགོས།  དེར་གླང་ཆེན་པགས་པའི་རང་བྱོན།དེ་ནས་མར་ཡོང་ན་སྲིན་པོའི་གློ་དང་སྙིང་གི་རང་བྱོན།  བདེ་མཆོག་གི་སྲུང་མ་དུར་བདག་ཡབ་ཡུམ་གྱི་རང་བྱོན་བཅས་ལ་ཕྱིར་ལམ་མཇལ་སྲོལ་ཡོད་པས་དེ་དག་མཇལ་ནས་གནས་ཁང་ཕྱི་ལ་ཡོང་དགོས།  

གནས་ཁང་ཕྱི་ན་སྒྲོལ་མ་དཀར་མོ་དང་སྒྲོལ་མ་ལྗང་གུའི་རི་གཉིས།རིགས་གསུམ་མགོན་པོའི་རི།  ལྷ་དབང་ཕྱུག་ཆེན་པོའི་རྟགས་མཚན།  མ་ཅིག་ལབ་སྒྲོན་གྱི་བཀའ་སྲུང་ཀླུ་བདུད་བཙན་གསུམ་གྱི་རི།གུང་རུ་སྐུ་ཕྲེང་གསུམ་པའི་ཕྱག་རྗེས།  གུ་རུ་དྲག་པོའི་གནས་རི་དང་སྒོམ་ཁང་།  ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག    གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་རིམ་བྱོན་དང་།  རྣལ་འབྱོར་མ་སངས་རྒྱས་འཚོ་མོའི་སྒོམ་ཁང་སོགས་ཡོད་དོ།། 

འདིའི་ཉེ་འཁོར་དུ་ཆོས་བརྒྱུད་དགེ་ལུགས་ཡིན་པའི་རྒན་གྱའི་བྲག་དཀར་དགོན་པ་ཡོད་པ་དེས་དགོན་ནང་དུ་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་ཉམས་ལེན་གནང་བཞིན་ཡོད་པར་མ་ཟད།དུས་ཆེན་དམིགས་བསལ་བ་ཐོན་དུས་བྲག་དཀར་གནས་ཁང་ནི་བདེ་མཆོག་གི་སྒྲུབ་པ་ཉམས་ལེན་གནང་སའི་ལྟེ་གནས་ཡིན།  སྐབས་དེར་དད་ལྡན་མང་ཚོགས་མང་བོ་ཕྱོགས་སོ་སོ་ནས་ཡོང་སྲོལ་ཡོད། 

རྗེ་ཙོང་ཁ་བའི་བླ་མའི་བླ་མ་ཏ་དབེན་གཞོན་ནུ་སེང་གེས་གནས་འདིར་དགོན་པ་ཐོག་མར་བཏབ་སྐབས་སུ་གྲྭ་བ་ཁྲི།  སྔགས་པ་སྟོང་།  དམག་མི་འབུམ་ཚོགས་པར་མདོ་སྨད་ཆོས་འབྱུང་དུ་གསལ། 

 ཕྱིས་སུ་སྤྱི་ལོ་༡༧༡༡ལོར་རྒན་གྱའི་པཎྜི་ཏས་འབྲས་སྒོ་མང་ཡིག་ཆ་རྙིང་བའི་ཐོག་ནས་མཚན་ཉིད་བཤད་གྲྭ་བཙུགས།  སྤྱི་ལོ༡༧༥༢ལོར་གུང་ཐང་སྐུ་ཕྲེང་གཉིས་པས་རྒྱུད་གྲྭ་བཙུགས། སྤྱི་ལོ༡༧༨༣ལོར་བླ་བྲང་དགོན་པའི་དགོན་ལག་ཏུ་གྱུར།  ད་ལྟ་དགོན་ནང་དུ་དགེ་འདུན་པ་བརྒྱ་དང་ལྔ་བཅུ་ཡས་མས་ཀྱིས་བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་བཞིན་སྣང་ངོ་།།

ཡིག་ཆའི་ཁུངས།

རྩོམ་པ་པོ།ཤར་སྐལ་ལྡན་རྒྱ་མཚོ༡༧༠༧-༡༧༧༧། མཚན་བྱང་།

ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ། པོད་དང་པོ། དཔར་བསྐྲུན་གནས་ཚུལ།1999ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

ཤོག་ངོས345/ཐིག་ཕྲེང་10/྄

རྩོམ་པ་པོ། བྲག་དགོན་པ་བསྟན་པ་རབ་རྒྱས༡༨༠༡-༡༨༦༧། མཚན་བྱང་། མདོ་སྨད་ཆོས་འབྱུང་། དཔར་བསྐྲུན་གནས་ཚུལ།1982ལོར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན།

ཤོག་ངོས580/ཐིག་ཕྲེང་1/    ཤོང་ངོས་562/ཐིག་ཕྲེང་།27/

རྩོམ་པ་པོ། ཞང་སྟོན་བསྟན་པ་རྒྱ་མཚོ། མཚན་བྱང་། ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ། པོད་དང་པོ། དཔར་སྐྲུན་གནས་ཚུལ། བླ་བྲང་དགོན་པའི་ཤིང་དཔར། ཤོག་ངོས་5/ཐིག་ཕྲེང་4/

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།