གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:28:16         ཀློག་ཐེངས།  

ཞི་བྱེད་གཅོད་ཀྱི་གདམས་པའི་མངའ་བདག་མ་ཅིག་ལབ་ཀྱི་སྒྲོན་མས། འབྱུང་འགྱུར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སྐྱེ་འགྲོའི་བདེ་སྐྱིད་ཡུན་རིང་འཕེལ་རྒྱས་སོགས་དགོས་པ་དུ་མའི་ཆེད། ཡུམ་སྲས་སོ་སོས་རང་རང་གི་ཐུགས་བསྐྱེད་དང་མ་འོངས་པའི་དུས་བབ་དང་བསྟུན་པའི་ཐུགས་སྨོན་ཡང་དག་པ་གནང་སྟེ་གཏེར་རྫས་བསགས། སྲས་ཆེ་བ་ཐོད་སྨྱོན་རྡོ་རྗེ་སེང་གེས་གཏེར་བུམ་བཟོས། སྲས་ཆུང་བ་ཐོད་སྨྱོན་བསམ་འགྲུབ་ཀྱིས་གཏེར་ལྕིབས་ཀྱིས་བཏུམ། སྟོང་སྡེ་ངག་གི་དབང་ཕྱུག་གིས་གཏེར་ཡིག་བྲིས། མ་ཅིག་རང་གིས་གཏེར་བུམ་ལ་རྒྱས་བཏབ་ཅིང་། གཞན་བཀྲ་ཤིས་པའི་གཏེར་རྫས་སྣ་ཚོགས་བསྣམས་ནས་ཡུམ་སྲས་འཁོར་བཅས་རྫུ་འཕྲུལ་གྱིས་གཡའ་རིའི་རྨོག་ལུང་དུ་བྱོནད་ལྟའི་གཏེར་ལུང་གི་ལུང་བའི་ཕུག། གནས་དེར་ཀླུ་བདུད་ནག་པོའི་ཕོ་བྲང་ཡོད་པ། འོག་ཏུ་ཕ་བོང་བོང་བུ་ཉལ་བ་འདྲ་བ།ད་ལྟ་བྲག་སོག་པོ་ཟེར ཆུ་མིག་གསུམ་ཡོད་པད་ལྟ་ཆུ་འགོ་དངོས་ཟེར། ཕུག་དེའི་བྱང་ཕྱོགས་ན་རི་སེང་གེ་ཁ་བྱང་ཕྱོགས་སུ་བལྟས་ནས་ཉལ་བ་འདྲ་བ།ད་ལྟ་གཡའ་རི་ཟེརལམ་གྱི་རི་རྒྱུད་ནི་མཆོད་རྟེན་བརྩིགས་པ་འདྲ་བའི་སར་བྲག་རི་ཛམ་ལྷའི་ལྟོ་བ་འདྲ་བ་ཞིག་ཡོད་པའི་ནང་དུ་གཏེར་སྦས། ཆོས་རྒྱལ་དང་ཞལ་བཞི་བ་གཉིས་ལ་གཏད་དེ་ཡུམ་སྲས་རྣམས་སླར་ཨེ་ལབ་ཏུ་རྫུ་འཕྲུལ་གྱིས་གཤེགས་ཞེས་གྲགས་སོ།། ད་ལྟ་ལུང་བ་དེའི་མདོར་བྲག་ལྷ་མགོན་པོ་དང་། ཆོས་རྒྱལ་རི་ཟེར་བ་ཡང་ཡོད། ལབ་སྒྲོན་གྱི་འཁྲུངས་ལོ་ལ་མི་མཐུན་པ་འགའ་རེ་ཡོད་ཀྱང་། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་ལྟར་རབ་བྱུང་གཉིས་པའི་ས་ཡོསསྤྱི་ལོ༡༠༩༩ལོར་འཁྲུངས་པའི་དབང་དུ་བྱས་ན། དགུང་ལོ་གྱ་དྲུག་པ་རབ་བྱུང་གསུམ་པའི་ཤིང་འབྲུགསྤྱི་ལོ༡༡༨༤ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་གཏེར་སྦས་པར་གསུངས། དེ་ནས་བཟུང་གཏེར་ལུང་དུ་གྲགས། དེའི་རྗེས་ཙམ་དུ་འབྲི་གུང་འཇིག་རྟེན་མགོན་པོའིསྤྱི་ལོ༡༡༤༣-༡༢༡༧དངོས་སློབ་འབྲི་གུང་རིན་ཆེན་བཟང་བོ་དང་། ཚོ་བཞིའི་དགེ་བསྙེན། ཙོང་ཁའི་རྡོར་བཟང་སོགས་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་གཙོ་འཁོར་འགའ་འབྲི་གུང་བཀའ་བརྒྱུད་པའི་བསྟན་པ་སྤེལ་ཕྱིར་ཡུལ་མདོ་སྨད་ཕྱོགས་སུ་ཕེབས་སྐབས། སྟག་ཚང་ལྷ་མོ་བརྒྱུད་དེ་གཡའ་རིའི་རྨོག་ལུང་འདིར་ཕེབས་ནས་སྒྲུབ་པ་མཛད་ཅིང་། ཀླུ་བདུད་བཙན་གསུམ་དམ་ལ་བཏགས། དེ་དག་གི་ཁ་གནོན་དུ་མགར་བའི་སོལ་ཁུང་དུ་གྲགས་པའི་གནས་སུད་ལྟ་ཏིས་རྟགས་རི་ཟེརམགར་བའི་ཏི་ཚར་གྲགས་པའི་མཆོད་རྟེན་མགོ་མཇུག་བཟློག་པར་བརྩིགས། རི་མཐོན་པོའི་མདོར་དུང་གཡས་འཁྱིལ་གྱི་མཚན་མ་ཡོད་སརད་ལྟ་གཏེར་ལུང་དགོན་པའི་རྒྱབ་རིགཏེར་མང་བོ་སྦས། བྲག་ལྷ་མགོན་པའི་རྩར་མགོན་པོ་ཞལ་བཞི་བ་ཞལ་གཟིགས་ཏེ་སླར་བྲག་དེ་ལ་ཐིམ་པ་དང་། གཞན་ཡང་། ས་འདུལ་གྱི་རྡོ་འབུམ་དང་ལབ་རྩེ་འགའ་རེ་ཡང་བརྩིགས་པར་གྲགས་སོ།། མཁས་པ་འབྲི་གུང་མི་གསུམ་དུ་གྲགས་པ་གནས་འདིར་བཞུགས་སྐབས། ཡུལ་འདིར་ཕྱུག་སྐོར་ཟེར་བའི་སྡེ་བ་དེར་བཞུགས་པའི་གསང་སྔགས་འཆང་བའི་རྣལ་འབྱོར་བ། གཉན་པོ་ལྷ་རྒྱལ་དུ་གྲགས་པ་དེ་འབྲི་གུང་རིན་བཟང་བའི་སློབ་མར་གྱུར་ཏེ་འབྲི་གུང་མཁས་པ་རྣམ་གསུམ་གྱིས་སྒྲུབ་པ་མཛད་པའི་ཤུལ་དུ། བླ་མའི་བཀའ་བཞིན་རབ་བྱུང་བཞི་བའི་ཆུ་རྟསྤྱི་ལོ༡༢༢༢ལོར་ཕྱོགས་དེའི་གྲྭ་རྒྱུན་འགའ་བསྡུས་ཏེ་དགོན་ཆུང་ཞིག་གསར་འདེབས་མཛད་ཅིང་འདུ་ཁང་ཞིག་ཀྱང་བཞེངས། དེ་ནས་བཟུང་གཏེར་ལུང་དགོན་དུ་གྲགས། དེ་དུས་དགོན་པའི་ཡི་དམ་གཙོ་བོ་རྟ་མགྲིན་ཡང་གསང་དང་རྡོ་རྗེ་ཕུར་བ་ལ་བྱེད་པས་བཀའ་རྙིང་འདྲེས་མའི་གྲུབ་མཐའ་འཛིན་པའི་སྡེ་ཞིག་ཏུ་སྣང་། ཕྱིས་སུ་བླ་བྲང་རང་ནས་ཡང་གསང་དང་ཕུར་བ་ལོ་རེ་བཞིན་མ་ཆད་པ་བྱེད་པའི་སྲོལ་མ་ཉམས་པར་ཡོད་པའང་དེའི་རྐྱེན་གྱིས་རེད། ཉན་པོའི་གདུང་རྒྱུད་དེ་ལས་མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ་པ་དུ་མ་བྱོན་ནས་སྡེ་འདི་རིམ་གྱིས་བསྐྱངས། གདུང་རྒྱུད་དེ་ལས་འཁྲུངས་པའི་ཉན་པོ་ཤཱཀྱ་རྒྱལ་མཚནནམ་འཁྲུངས་མི་གསལཞེས་བྱ་བ་དབུས་སུ་བྱོན་ཏེ་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་མཇལ། ཆོས་འབྲེལ་ཞུས། དེ་དུས་འབྲི་གུང་དང་སྣེ་གདོང་བར་སྡེ་གཟར་གྱི་སྐབས་སུ་ཁེལ་བས། ཁོང་རང་ཉིད་འབྲི་གུང་ཐེལ་དུ་བཞུགས་མ་བདེ་བར་འབྲས་སྤུངས་སུ་ཕེབས་ནས་ཡུན་རིང་བཞུགས་ཤིང་སླར་ཡང་རང་ཡུལ་དུ་ཕེབས་ཏེ། རབ་བྱུང་དགུ་བའི་ས་རྟསྤྱི་ལོ ༡༥༥༨ལོར་ཕ་བོང་རི་ཁྲོད་དང་རྟ་རྫོང་རི་ཁྲོད་སོགས་གཏེར་ལུང་དགོན་དུ་ཕྱོགས་བསྡུས་བྱས་ཏེ་དགོན་པ་དགེ་ལུགས་པར་བསྒྱུར་ཅིང་། གྲྭ་བཙུན་ལྔ་བརྒྱ་ཤོང་བའི་འདུ་ཁང་གསར་བཞེངས་བྱས། དེ་ལ་ཉན་པོའི་འདུ་ཁང་དུ་གྲགས།ད་ལྟའང་དེའི་ཤུལ་ཡོདརབ་བྱུང་བཅུ་གཅིག་པའི་དཀྱིལ་ཙམ་ལ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་གཡའ་རིའི་རྨོག་ལུང་གི་ཕུག་ཏུ་ཕེབས་ནས་སྒོམ་སྒྲུབ་ཡུན་རིང་མཛད། ས་དེ་ལ་སྒོམ་ཁང་ཐོད་ཅེས་གྲགས། དེ་དུས་ཉན་པོ་བླ་མ་ཟེར་བས་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་བཏབ་པའི་རྗེས་སུ། ཁོང་གིས་ས་ཕྱོགས་འདི་ན་ལབ་སྒྲོན་གྱིས་རྗེ་རང་གི་སྐལ་བའི་གཏེར་ཞིག་སྦས་ཡོད་པ་འདྲ་ཞེས་སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པ་གསལ་བོར་ཡང་ཡང་གསུངས་ཀྱང་། དགོན་པ་གསར་འདེབས་སུ་ཐུགས་བྲེལ་བའི་དབང་གིས་རེ་ཞིག་ལུས། ཁོང་དགུང་ལོ་དོན་གཅིག་བཞེས་པའི་སྐབས་གློ་བུར་དུ་གཏེར་འདོན་པའི་དུས་ཡིན་གསུངས་ཏེ། ཕྱོགས་སོ་སོའི་མིང་དྲི་བ་མཛད་པར་བུ་སློབ་འགས་ཕྱོགས་འདི་ན་གཏེར་ལུང་ཟེར་བའི་ས་ཡོད་ཅེས་ཞུས་པས། ལབ་སྒྲོན་གྱི་མ་འོངས་ལུང་བསྟན་ལས། མ་འོངས་དུས་ཀྱི་སྙིགས་མ་ལ།། རྡོ་རྗེའི་མིང་དུ་སྤྲུལ་ནས་ཀྱང་།། གཏེར་ཆོས་འདི་ལ་སྤྱོད་པར་ཤོག ། ཅེས་གསུངས་པ་དེ་ང་ཡིན་གསུངས། རབ་བྱུང་བཅུ་གཉིས་པའི་ས་ཁྱིསྤྱི་ལོ༡༧༡༨ལོའི་ཧོར་ཟླ་དང་བོའི་ཡར་ཚེས་ལ་གཏེར་ལུང་དུ་ཕེབས། གཏེར་ཁ་མ་རྙེད་པའི་ཚུལ་གྱིས་ཕྱོགས་སོ་སོར་བཙལ་བའི་སྐབས་སུ། བྲག་མགོ་ཞིག་ནས་བྱ་རོག་ཅིག་འཕུར་འོངས་ཏེ་ཤུག་སྡོང་གི་ལོ་མ་བཅད་ནས་བྲག་དེའི་རྩར་འཕངས། ཆོས་སྐྱོང་གི་རྣམ་འཕྲུལ་དུ་མཁྱེན་ནས་དེའི་རྩར་ཕེབས་པ་ན། བྲག་ངོས་དེར་གཏེར་སྒོ་ཡོད་པ་གཟིགས་ནས་ཀུན་མཁྱེན་མཆོག་ཐུགས་ཤིན་ཏུ་མཉེས་ཏེ། ཞབས་ཞུ་བ་རྣམས་ལ་བྲག་སྒོ་རྐོ་རུ་བཅུག་པས་རྐོ་མ་ཐུབ། དེ་ནས་ཀུན་མཁྱེན་མཆོག་གིས་ཐུགས་སྲས་ངག་དབང་བཀྲ་ཤིས་པར་ཁྱོད་སོང་ལ་རྐོས་ཞེས་གསུངས་པས་ཐུགས་སྲས་ཚང་གིས་བྲག་སྲུབས་ཤིག་ཡོད་པ་གཟིགས་ནས་དེ་རྐོ་བར་བརྩམ་པ་ན། བྲག་སྲུབས་དེ་རང་ཤུགས་ཀྱིས་ཆེན་པོར་གྱུར། དེ་ནས་ཀུན་མཁྱེན་མཆོག་ཐུགས་མཉེས་ཏེ་ངག་དབང་བཀྲ་ཤིས་པ་ལ་ཁྱོད་རང་བྲག་ཕུག་ཏུ་སོང་ལ་གཏེར་གང་ཡོད་ལོངས་གསུངས་པས། གཏེར་བུམ་དང་ཚེ་སྐུ། ཆོས་དུང་དཀར་པོ། གཏེར་ཡིག་བཅས་བླངས་ནས་ཀུན་མཁྱེན་ལ་ཕུལ་ཏེ། སླར་ཡང་བྲག་ཕུག་ཏུ་ཕེབས་པར་བརྩམ་པ་ན། བྲག་ཁ་དེ་སླར་ཡང་སྒོ་བརྒྱབ་པ་ལྟ་བུར་དམ་པོར་སོང་བས་ཐུགས་སྲས་ཚང་གི་སྐུ་གཟན་ཡང་བྲག་སྦུགས་སུ་ལུས་པས། ཀུན་མཁྱེན་གྱིས་ཁྱོད་རང་གིས་རྗེས་སུ་གཏེར་ཁ་སྲུང་དགོས་པ་འདྲ་གསུངས། བྲག་སྒོའི་ཤུལ་དུ་ཛམ་ལྷ་འབྲུག་གཞོན་གྱི་བུམ་གཏེར་བཞག བྲག་ངོས་ལ་གཏེར་བཏོན་ཚར་ཞེས་རྡོ་ཡིག་བརྐོས་ནས་བཞག་ཡོད་པ་དང་། ཀུན་མཁྱེན་ཡབ་སྲས་ཀྱི་བཞུགས་ཁྲི་བཅས་ད་ལྟ་ཡང་མཇལ་དུ་ཡོད། དེ་ལྟར་ཀུན་མཁྱེན་ཡབ་སྲས་གནས་དེར་ཟླ་བ་གཅིག་ལྷག་ཙམ་བཞུགས་པའི་སྐབས་སུ། ཉན་པོ་དཀའ་བཅུ་བས་རང་དགོནགཏེར་ལུང་དགོནདུ་ཀུན་མཁྱེན་ཡབ་སྲས་གདན་དྲངས། ཀུན་མཁྱེན་གྱིས་ངས་གནས་འདིར་གཏེར་བླངས་པས་དོན་གྲུབ། ངག་དབང་བཀྲ་ཤིས་པ་ལ་རྟེན་འབྲེལ་འགྲིག་ལ་མིང་ཡང་བཟང་བས་ཁྱོད་ཀྱིས་དགོན་པ་འདི་ལ་བདག་པོ་བྱོས་གསུངས་པས། ཐུགས་སྲས་ངག་དབང་བཀྲ་ཤིསསྤྱི་ལོ༡༦༧༨-༡༧༣༨ ནས་ཀྱང་བླ་མའི་བཀའ་སྤྱི་བོར་བླངས་ཏེ་སྐབས་དེར་དགོན་པའི་བཅའ་ཡིག་ཀྱང་ལྗགས་རྩོམ་མཛད་དེ་གནང་། དེ་ནས་བཟུང་གཏེར་ལུང་དགོན་དེ་ཐུགས་སྲས་སྐུ་ཕྲེང་རིམ་བྱོན་གྱིས་འཛིན་བདག་གནང་སྟེ་བཤད་སྒྲུབ་ཆོས་སྤྱོད་བཅུའི་བྱ་བ་སྤེལ་བའི་གདན་སའི་གཙོ་བོར་གྱུར། ཐུགས་སྲས་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དབྱངས་བཀྲ་ཤིས་པསྤྱི་ལོ༡༧༣༩- ༡༨༡༣རྒན་གྱ་གོང་མའི་ཚོ་བར་སྐུ་འཁྲུངས། གྲུབ་དབང་རིན་པོ་ཆེ་བློ་བཟང་དོན་གྲུབ་ཀྱིས་འཇམ་མགོན་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པའི་སྤྲུལ་སྐུར་ངོས་འཛིན་མཛད། བཀྲ་ཤིས་འཁྱིལ་དུ་ཆོས་སྒོར་ཞུགས་ནས་གསན་སྦྱང་མཐར་ཕྱིན་པ་མཛད། དགུང་གྲངས་ཉེར་གསུམ་སྟེང་གདན་སའི་ཁུར་བཞེས་ཏེ་ཚོགས་ཆེན་ཁྲིར་བཞུགས། དགུང་གྲངས་ཉེར་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་རྟསྤྱི་ལོ༡༧༦༢ལོར་གཏེར་ལུང་དགོན་དུ་ཕེབས་ཏེ་བླ་བྲང་གསར་བཞེངས་དང་། ཇོ་ཁང་ཐོག་བརྩེགས་ཅན་བཅས་བཞེངས། དེ་ནས་མགར་རྩེ་དགོན་དུ་ཕེབས་ཏེ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གསར་བཞེངས་དང་། དགོན་པར་འཆད་ཉན་གསར་འཛུགས་གནང་སྟེ་བཅའ་ཡིག་བཞག དེའི་སྐབས་མདོ་སྨད་རེབ་གོང་ཕྱོགས་ཀྱི་ནང་སོ་དང་མཆོད་ཡོན་གཅིག་ཏུ་འབྲེལ་ཏེ་ནང་སོ་མཆོག་གིས་རྗེ་ཉིད་ལ་གཟིམ་ཁང་བཀོད་ལེགས་རྒྱ་ཆེན་པོ་བཞེངས་ཤིང་རྗེའི་སྐུ་ཕྲེང་རྗེས་མ་ཐམས་ཅད་ཀྱི་སྐུ་རྒྱབ་གདུང་རྩ་བྱེད་རྒྱུའི་ཁས་ལེན་ཕུལ། རྗེ་ཉིད་ནས་ཀྱང་ཞལ་བཞེས་མཛད་དེ་རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས། སྐུ་ཚེ་སྨད་དུ་ཁ་གྱ་ཤོག་པ་བཞིའི་སྐྱ་སེར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པས་ཁ་གྱའི་དགོན་དུ་ཕེབས་ནས་འཆད་ཉན་གསར་འཛུགས་དང་འབྲེལ་དགོན་པར་བདག་སྐྱོང་མཛད་ཅིང་བཅའ་ཡིག་གསར་འཇོག་ཀྱང་གནང་། ཤོག་ཁ་བཞིའི་གཞུང་ནས་རྗེ་ཉིད་ལ་གཟིམ་ཁང་རྒྱ་ཆེན་བཞེངས་ཏེ་ཕུལ་བས་སྐུ་ཚེ་སྨད་ལ་ཕལ་ཆེར་ཁ་གྱའི་དགོན་དུ་བཞུགས། བསེ་སྐུ་ཕྲེང་གསུམ་པ་བློ་བཟང་བཀྲ་ཤིས་རབ་རྒྱས་ནིསྤྱི་ལོ༡༨༡༤-༡༨༧༩མདོ་སྨད་རེབ་གོང་ནང་སོའི་ཁྱིམ་དུ་འཁྲུངས། རོང་བོ་དགོན་ཆེན་དུ་ཐུགས་གཉེར་མཐར་ཕྱིན་མཛད་དེ་ཚོགས་ཆེན་ཁྲིར་ཡང་བཞུགས། དགུང་གྲངས་ཉེར་དགུ་བ་ཆུ་སྟགསྤྱི་ལོ༡༨༤༢ལོར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་བཞུགས་མཛད། ལོ་དེར་གོང་ས་རྒྱལ་བའི་དབང་བོ་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་པོ་ཏ་ལར་ཁྲི་འདོན་མཛད་སྒོ་བྱེད་པའི་སྐབས་ལ་ཁེལ་བས། རྗེ་འདི་ཉིད་མདོ་སྨད་ཕྱོགས་ཀྱི་མཇལ་འགྲུལ་ཐམས་ཅད་ཀྱི་ཐོག་མ་ཡིན་པས། པོ་ཏ་ལར་རྒྱལ་དབང་མཆོག་ལ་སྟོང་འབུལ་སྤམ་མཐོ་བ་ཕུལ། དེ་ཚེ་སྲིད་སྐྱོང་ཚེ་སྨོན་གླིང་ཧོ་ཐོག་ཐུ་མཉེས་ཆེན་པོ་བྱུང་སྟེ། རྗེ་འདི་ཉིད་ལ་སྡེ་བ་གཞུང་ནས་དམིགས་བསལ་གྱིས་གཟེངས་བསྟོད་དང་བཀུར་བཟོས་ཆེན་པོ་བྱས་ཐོག་དགའ་ལྡན་ཁང་གསར་དུ་བཞུགས་སུ་བཅུག་སྟེ་སྔ་ཕྱི་བར་གསུམ་ཐམས་ཅད་དུ་སྲིད་སྐྱོང་ཚེ་སྨོན་གླིང་གཙོས་གཞུང་ཞབས་ཆེ་འབྲིང་མང་བོས་དམིགས་བསལ་གྱི་བསྙེན་བཀུར་སོགས་གཟིགས་སྐྱོང་ཆེན་པོ་གནང་། དགུང་གྲངས་སུམ་ཅུ་བ་ཆུ་ཡོསསྤྱི་ལོ༡༨༤༣ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལྷ་ལྡན་དུ་གསར་ཕེབས་ལ། སྡེ་བ་གཞུང་ནས་མཛད་སྟོན་རྒྱ་ཆེན་བགྱིད་པའི་སྐབས་སྲིད་སྐྱོང་ཚེ་སྨོན་གླིང་ཧོ་ཐོག་ཐུས་རྗེ་འདི་བ་དམིགས་བསལ་གྱིས་མཛད་སྒོའི་གྲས་སུ་གདན་དྲངས་པར་མ་ཟད། ནོ་མོན་ཧན་གྱི་ཆོ་ལོ་དང་བཀའ་ཤོག་ཀྱང་བསྩལ། དགུང་གྲངས་སོ་གཅིག་པ་ཤིང་འབྲུགསྤྱི་ལོ༡༨༤༤ལོར་དབུས་ནས་རང་ཡུལ་དུ་ཕེབས་ཁར་སྲིད་སྐྱོང་རིན་པོ་ཆེ་ནས་སླར་ཡང་སྣམ་ཕྲུག་དང་གཟིམ་སྦིས་སོགས་དངོས་པོ་སྤམ་མཐོ་བའི་གནང་སྐྱེས་དང་བཅས། བྱང་ནག་ཆུའི་བར་འུ་ལག་བཏང་བ་དང་། གཞུང་ཞབས་པ་གཉིས་ཀྱིས་ཕེབས་སྐྱེལ་ཞུས། དགུང་གྲངས་སོ་བདུན་པ་ལྕགས་ཁྱིསྤྱི་ལོ༡༨༥༠ལོར་གཏེར་ལུང་དགོན་རྙིང་དེ་མཐོན་པོའི་མདོ་དུང་དཀར་གཡས་འཁྱིལ་གྱི་མཚན་མ་ཡོད་སའི་རིའི་གཤམ་སྔོན་འབྲི་གུང་མཁས་པ་མི་གསུམ་གྱིས་གཏེར་སྦས་པའི་གནས་གུར་ཞབས་ཐང་དུ་གྲགས་པད་ལྟའི་དགོན་པ་ཡོད་སདེར་སྤོ་རྒྱུའི་རྟགས་མཚན་ཡང་ཡང་བྱུང་བར་བརྟེན། མཛོད་པ་ཆོས་རྗེ་སོགས་སྣེ་མོ་བ་རྣམས་དང་གྲོས་བསྟུན་གནང་སྟེ་ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་དེ་གའི་གྲོང་སྡེའི་རྒན་གཞོན་རྣམས་གུར་ཞབས་ཐང་དུ་བོས་ནས་དགོན་རྙིང་གི་མདུན་རིའི་བཀག་ནགས་དང་གཞན་ཡང་རྟ་ནོར་སོགས་ཟང་ཟིང་གི་དངོས་པོའི་གནང་ཆ་ཕོན་ཆེ་བ་བསྩལ་ཏེ་ཡུལ་མི་རྣམས་མགུ་བར་བྱས་ཤིང་། ཁྲལ་དང་བཙན་ཐབས་ལྟ་བུ་མ་ཡིན་པར་བདག་པོ་ལས་ས་བསླངས། གནས་འདིའི་ཁྱད་ཆོས་ནི་རྒྱབ་རི་གླང་ཆེན་གཡས་ཉལ་གྱི་ཚུལ་དུ་ཡོད་པའི་རྩེ་མོ་རྒྱལ་བོ་གདན་ཁྲིར་བཞུགས་པ་ལ། གཡས་གཡོན་གྱི་རི་བློན་པོས་མཐའ་བསྐོར་ནས་ཡོད་པ་ལྟ་བུ། མདུན་རི་བཙུན་མོས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་རྫས་སྟོབ་པའི་ཚུལ་གྱིས་འདུད་པ་ལྟ་བུ། ཤར་ཕྱོགས་བཀྲ་ཤིས་ཚེ་རིང་མ་ཞལ་ཚུར་གཟིགས་ཀྱི་རྣམ་པར་ཡོད་པ། ལྷོར་གཡུ་འབྲུག་སྔོན་མོ་དལ་གྱིས་རྒྱུ་བ་ལྟ་བུ། མདུན་དུ་འབྲུ་རིགས་སྣ་ལྔའི་བང་མཛོད་ཐང་ཐར་བརྡལ་བ་ལྟ་བུའི་དགེ་མཚན་གྱི་རི་མོ་མིག་གི་བདུད་རྩིར་གྱུར་པ་གྲངས་ལས་འདས་ཤིང་བསམ་གྱིས་མི་ཁྱབ། དེ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་དེར་ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། རྗེ་ཉིད་དང་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་གསུམ་ལྷག་དང་བཅས་པ་ཕེབས་ནས། རྒྱུད་སྡེའི་དགོངས་པ་ལྟར་ས་བརྟག་བསླང་སྦྱོང་རྣམས་ཕྱག་ལེན་བཞིན་བགྱིས་ཏེ། བཀྲ་ཤིས་པའི་གསོ་སྦྱོང་གི་སྒོ་ནས་བྱིན་གྱིས་བརླབས། ཉིན་དེ་ནས་བཟུང་། མཛོད་པ་རབ་འབྱམས་པ་དང་། གཉེར་བ་བློ་བཟང་མཁྱེན་རབ་ཀྱིས་ལས་ཁུར་གྱི་འགན་བཞེས་ཏེ་ལས་འགོ་བརྩམས། ཧོར་ཟླ་ལྔ་བའི་ཡར་ཚེས་ལ་བླ་བྲང་གི་གཟིམ་ཆུང་ལེགས་པར་གྲུབ་སྟེ་རྗེ་ཉིད་ཀྱང་དེར་བཞུགས་ཤིང་རིམ་གྱིས་འདུ་ཁང་གྱན་ལྔ་བཅུ་ཅན་དྲི་གཙང་ཁང་དང་བཅས་པ། ཇོ་ཁང་གྱན་ཉེར་ལྔ་ཐོག་བརྩེགས་ཅན། ལྷ་མོའི་བཙན་ཁང་གྱན་བཅུ་ལྷག་ཅན། གཞན་ཡང་ཚོམས་ཆེན་གྱན་སུམ་ཅུ་ཅན་དང་མགོན་ཁང་། གཟིམ་ཁང་བདེ་ཡངས་ཆེ་ཆུང་སུམ་ཐོག་ཅན་དང་། ཕྱག་གཉེར་ཁང་སོགས་རྭ་སྐོར་ཆེ་ཆུང་ལྔ་དང་། དགོན་པའི་སྤྱི་ཁང་སོགས་གྲྭ་ཤག་བརྒྱ་ཕྲག་ལྷག་ཙམ་ལེགས་པར་གྲུབ། དགུང་གྲངས་ཞེ་བདུན་པ་ལྕགས་སྤྲེལསྤྱི་ལོ༡༨༦༠ལོར་ཧལ་ཧའི་ཨམ་འབན་ཚེ་ཙིན་རྒྱལ་བོའི་བླ་མ། ཡུ་ལགས་ཧོ་ཐོག་ཐུ་ཚང་གིས་མི་སྣ་ཡང་བཏང་ནས་རྗེ་ཉིད་སྨད་སོག་ཏུ་གདན་འདྲེན་ཞུས་པ་ལྟར། ལོ་དེའི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཕེབས་མགོ་བརྩམས་ཏེ། རིམ་གྱིས་ཧ་ལ་དང་པ་ཡན་ཞན། ཐོ་ཝོར་སོགས་སུ་བྱོན། དེ་ནས་ད་གུང་ཧོ་ཤུལ་དགོན་དུ་ཕེབས་ནས་ཡུན་རིང་བཞུགས་ཏེ། འདོད་ཆོས་སྣ་ཚོགས་གསུངས། དགུང་གྲངས་ཞེ་དགུ་བ་ཆུ་ཁྱིསྤྱི་ལོ༡༨༦༢ལོའི་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་ལ་རི་བོ་རྩེ་ལྔར་བྱོན་ནས་ཞིས་པན་ཐང་དགོན་པའི་གྲྭ་བ་རྣམས་ལ་འདོད་ཆོས་སྣ་ཚོགས་དང་དབང་རྗེས་མང་བོ་བསྩལ། ཧོར་ཟླ་བཞི་བའི་ཚེས་གཅིག་ལ་མེ་རྒན་བང་གི་ཧོ་ཤུའི་དགོན་དུ་ཕེབས་ནས་ཡུ་ལགས་ཧོ་ཐོག་ཐུ་དང་པེ་ཟི་རིན་པོ་ཆེ་དང་གོང་མའི་དམག་དཔོན་ཆེན་པོ་ཐེ་ཙིའི་བུ། ཡི་དམ་ཐོ་ཡོན་གསུམ་གཙོ་བྱས་ཏེ་ཝང་དང་བེ་གུ་སོགས་དཔོན་རིགས་ཆེ་ཆུང་དུ་མ་བཅས་སེར་སྐྱ་དམངས་ཚོགས་བརྒྱ་ཕྲག་ལྷག་ལ་རྡོ་རྗེ་འཕྲེང་བའི་དབང་དང་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་སོགས་དབང་ལུང་རྗེས་གསུམ་སྲོག་གཏད་ཀྱི་རིགས་མང་དུ་བསྩལ་ཏེ། ས་ཕྱོགས་དེ་གའི་ཆེ་རྒུ་ཐམས་ཅད་ཀྱི་བླ་ན་མེད་པའི་སློབ་དཔོན་དུ་གྱུར་ཅིང་མཚན་སྙན་ཤིན་ཏུ་རྒྱས། དགུང་གྲངས་ང་དགུ་བ་ཆུ་སྤྲེལ་ལོརསྤྱི་ལོ༡༨༧༢པེ་ཅིན་ཡོང་ཧོ་གུང་དགོན་པའི་ལྷ་ཁང་དུ་ཡོང་ཧོ་གུང་དགོན་པའི་ཇ་སག་ཏཱ་བླ་མ་དང་། པ་ཡར་ལ་ཝང་སོགས་དང་ལྷན་དུ་གོང་མར་མཇལ་ཕྱག་ཞུས། རྗེས་སུ་གོང་མས་གཟིགས་སྐྱོང་གིས་ལྷ་ཁང་སེར་པོར་བཞུགས་སུ་བཅུག་ཅིང་རྒྱལ་ཕན་ཆོས་སྤྱོད་སློབ་དཔོན་ཏཱ་ཤྲཱི་ཞེས་གཟེངས་བསྟོད་ཀྱི་འཇའ་ས་དང་། གཡང་ཊིའི་རྒྱ་ཐམ་བཅས་ཀྱི་གསོལ་རས་བསྩལ་པས། རྗེ་ཉིད་ཀྱི་བཞེད་དོན་མཐའ་དག་བདེ་བླག་ཏུ་གྲུབ། རྗེས་སུ་དམག་དཔོན་ཆེན་པོ་ཐེ་ཙིས་དང་། པ་ཡར་ལ་ཝང་། ཇ་སག་ཏཱ་བླ་མ་བཅས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུས་ཀྱི་མཛད་སྟོན་ཡང་རྒྱ་ཆེར་བྱས་ཏེ་སླར་ཧོ་ཤུའི་དགོན་དུ་ཕེབས། དགུང་གྲངས་དྲུག་ཅུ་བར་སླར་ཡང་ཨུ་ཙིན་ཏཱ་ཝང་དང་པེ་ཟི་རྒྱལ་བོ་རྣམ་གཉིས་ཀྱིས་ཧལ་ཧ་ཕྱོགས་སུ་གདན་འདྲེན་ཞུས་ཀྱང་། རང་གི་གདན་སའི་གདན་འདྲེན་གྱི་མི་སྣ་ཡང་མང་བོ་སླེབས་འདུག་པས་རང་ཡུལ་དུ་ཕྱིར་ཕེབས་རྒྱུའི་ཐུགས་འདུན་ཆེ་བས་ཞལ་བཞེས་མ་གནང་བར་པད་དཀར་ཆོས་གླིང་དུ་ཕེབས། དེ་ནས་ཧ་ལ་ཞན་དུ་ཕེབས་ཏེ་ཧ་ལ་ཞན་ཝང་གིས་ལག་བདེ་བཅུ་ལྷག་དང་དམག་མི་ཉིས་བརྒྱ་བཅས་ཀྱི་རྫོང་འབུལ་དང་བཅས་ཨ་ལག་ཤ་བརྒྱུད་ལན་ཇུའི་མཁར་ལ་འབྱོར། ཏོ་ཐོ་ཡེ་དང་ཏཱ་ལོ་ལེ་གཉིས་ཀྱི་ཡཱ་མོན་དུ་གདན་དྲངས་ཏེ་གོང་མའི་འཇའ་ས་ལ་བཀུར་བཟོ་དང་བཅས་བསྙེན་བཀུར་ཉིན་འགར་བྱས། འདོད་ཆོས་ཀྱང་མང་དུ་བསྩལ། མཐར་རྒྱའི་དམག་མི་རྟ་བ་ལྔ་བརྒྱས་རྫོང་བ་ཕུལ་ཀྱང་རྗེ་ཉིད་ཀྱིས་མ་བཞེས་པར་བརྟེན། བོད་ཤིང་སྒོ་ཡན་ཆད་ནས་བྲག་ལྕོག་བར་གྱི་རི་སྒར་བཅུགནམ་ལྷ་ཁག་གསུམ། ཧོར་གཙང་ཤོག་བཞི། ཁ་རྒྱ་ཤོག་བཞི། གཙོས་ཤོག་བཞི། རོང་ངར་ཚོ་གསུམ། དེ་སྔའི་དགོན་པ་དང་གྲོང་སྡེ་བཅས་ལ་ཟེར།སྤྱིའི་བདག་པོའིཙུང་ཀོནབ་སོའི་ཐམ་ག་དང་རྒྱའི་བཀའ་ཡིག་ལྷེབ་ལྟེབ་མ་བཅས་གནང་སྟེ་སྐྱེལ་མི་ཉིས་བརྒྱ་དང་བཅས་མེན་ཇུའི་མཁར་དུ་ཕེབས། དེ་ནས་སྐྱེལ་མ་རྣམས་ཕྱིར་ལོག་ཏུ་བཅུག དེར་མེན་ཇུའི་ཏཱ་ལོ་ཡེས་བསྙེན་བཀུར་དང་བཅས་ཉིན་འགར་ངལ་གསོ་བྱས་མཐར་རང་ཡུལ་གྱི་བསུ་མ་རྒྱ་ཆེར་འབྱོར། དེ་ནས་ཏཱ་ལོ་ཡེ་རང་ཉིད་ཀྱིས་ཐོ་ཇུ་བར་དུ་སྐྱེལ་མ་བྱས་པ་དང་། དེར་མཛོད་གཉེར་དང་བླ་སྤྲུལ་མང་པོས་བསུ་མ་དང་བཅས་ཧོར་ཟླ་བཅུ་བའི་ཚེས་གཅིག་ལ་གཏེར་ལུང་དགོན་དུ་འབྱོར། དེ་ནས་ལོ་གཉིས་ཙམ་བཞུགས་པ་ན་སླར་ཡང་ཨ་ལག་ཤ་ཝང་གི་གདན་འདྲེན་པ་ཡང་ཡང་འབྱོར་བས། དགུང་གྲངས་རེ་གསུམ་པར་སླར་ཡང་ཨ་ལག་ཤར་ཕེབས་ཏེ་ལོ་གསུམ་ཙམ་བཞུགས། དགུང་གྲངས་རེ་དྲུག་པར་ཨ་ལག་ཤར་ཞི་བར་གཤེགས། སྐུ་ཕྲེང་བཞི་བ་བསེ་བློ་བཟང་བཀྲ་ཤིས་བསྟན་པའི་རྒྱལ་མཚན་ནིསྤྱི་ལོ༡༨༨༠- ༡༨༨༩ཡུལ་རེབ་གོང་ནང་སོའི་རྒྱུད་པར་འཁྲུངས། དགུང་ལོ་བདུན་སྟེང་གཏེར་ལུང་དུ་གདན་སར་འཁོད་ཀྱང་བར་ཆད་ཀྱི་རྐྱེན་གྱིས་དགུང་གྲངས་དགུ་བའི་སྟེང་གཤེགས་སོ།། བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ་ནིསྤྱི་ལོ༡༨༩༠-༡༩༣༧ ཡུལ་རེབ་གོང་ནང་སོའི་ཁྱིམ་དུ་འཁྲུངས། དགུང་ལོ་བདུན་སྟེང་གཏེར་ལུང་དུ་གདན་སར་འཁོད། དགུང་ལོ་བཅུ་གསུམ་སྟེང་རོང་བོ་དགོན་ཆེན་གྱི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་མཐར་ཕྱིན་མཛད། དགུང་གྲངས་སུམ་ཅུ་བར་རོང་བོ་དགོན་ཆེན་གྱི་ཚོགས་ཆེན་གྱི་ཁྲི་བཞུགས། དགུང་གྲངས་སོ་གཅིག་པ་ས་ལུགསྤྱི་ལོ༡༩༡༩ལོར་འབག་ཆེན་ཚེ་ཧོ་ཀ་ལོའི་དམག་དཔུང་ཡོང་ནས་བླ་བྲང་དགོན་པ་བཅོམ་རྒྱུ་ཡིན་ཟེར་ནས་ཧོས་དམག་འབོར་ཆེན་བཏང་བ་ལ། གཏེར་ལུང་ཕྱག་མཛོད་མགོན་ལོའི་དགེ་སློང་དང་། གཉེར་བ་རྒྱ་མཚོ་གཉིས་ཀྱིས་ས་རི་སྒར་བཅུའི་དམག་དྲངས་ཏེ་ཤིང་སྒོ་ནས་དམག་འཐབ་དྲག་པོ་ཡུན་རིང་བྱས་ཀྱང་མང་སྣེ་ཉུང་གིས་མ་ཟིན་པར་ཧོས་དམག་གིས་ཧོར་གཙང་དང་གནམ་ལྷ་ཁག་གཉིས་ཀྱི་སྡེ་བ་མང་བོ་མེར་བསྲེགས་རྒྱུ་ནོར་བཙན་འཕྲོག་དང་། མི་སེར་མང་བོ་བསད་རྐྱེན་བཟའ་མི་རྒན་གཞོན་བྱིས་པ་རྣམས་སྐོར་སྐོར་བྱས་ཏེ་གཡའ་རིའི་རྫ་གསེབ་ཏུ་བྲོས་ནས་ཟླ་གཅིག་ལྷག་ཙམ་བསྡད། ཧོས་དམག་གི་དམག་སྒར་གྱི་ལྟེ་བ་གཏེར་ལུང་དགོན་དུ་བྱས་ཏེ་ལྷ་ཁང་འདུ་ཁང་ཚང་མ་མེར་བསྲེགས། བླ་བྲང་ནང་དང་གྲྭ་ཁང་སོ་སོའི་ནང་དུ་དཔོན་དམག་དང་དམག་མི་ཡོངས་རྫོགས་ཟླ་གཅིག་ལྷག་ཙམ་ལ་བསྡད་དེ་སྐུ་གསུང་ཐུགས་རྟེན་དང་། རྒྱུ་དངོས་ཡོངས་རྫོགས་བཅོམ་འཕྲོག དཔེ་མཛོད་དང་དཔྱད་གཞིའི་ཡིག་རིགས་འགངས་ཆེ་བ་ཚང་མ་མེར་བསྲེགས་བཏང་། གྲྭ་བ་བརྒྱ་ལྷག་ཙམ་བསད། དེ་དུས་སྤྲུལ་བའི་སྐུ་རང་ཉིད་རོང་བོ་དགོན་ཆེན་དུ་བཞུགས་པས་སྐུ་ལ་ཉེས་སྐྱོན་མེད་ཙམ་མ་གཏོགས་གཞུང་སྒེར་གྱི་རྒྱུ་རྫས་ཚང་མ་རྩ་མེད་དུ་སོང་། དེའི་རྐྱེན་ཕྱི་ལོ་ནས་བཟུང་རྗེ་ཉིད་ཀྱིས་ལོ་འགའི་རིང་ལ་རེབ་གོང་རྩེ་ཁོག་སོགས་འབྲོག་ཕྱོགས་དང་རོང་ཁུལ་སོགས་ལ་འབུལ་སྡུད་དང་སློང་མོ་བྱས་པས་སླར་ཡང་འདུ་ཁང་དང་ལྷ་ཁང་གསར་བཞེངས། བླ་བྲང་ཞིག་གསོ་དང་འབྲེལ་འདུ་ཁང་ནང་བྱམས་སྐུ་ཐོག་ཚད་ཅན་ཉེ་སྲས་བརྒྱད་དང་བཅས་པ། ལྷ་ཁང་ནང་དུ་ཇོ་སྐུ་གཙོ་བྱས་རྗེ་སྟོང་སྐུ་དང་གཤེགས་ལྷ་སོ་ལྔ་ལི་སྐུ། བླ་བྲང་ཡང་རྩེ་རུ་གནས་བརྟན་བཅུ་དྲུག་གཙོ་བྱས་ལི་སྐུ་སྣ་ཚོགས་བརྒྱ་ཕྲག་གསུམ་ལྷག གསུང་རྟེན་ཅོ་ནེ་བཀའ་བསྟན་གཙོས་གླེགས་བམ་སྟོང་ཕྲག་ལྷག་སོགས་སྐུ་གསུང་ཐུགས་རྟེན་དང་། གསེར་ཏོག་རྒྱལ་མཚན། མཆོད་རྫས་སྣ་ཚོགས་སོགས་གསར་བཞེངས་རྒྱ་ཆེན་པོ་མཛད། རིམ་པ་ཐམས་ཅད་སྔོན་མ་ལྟར་རྒྱུད་པའི་ཕྱག་བཞེས་བཞིན་གསང་འཇིགས་དང་ཀུན་རིག་ས་ཆོག་དང་བཅས་པ་རྒྱུན་མ་ཆད་པར་གནས་སོ།། བསེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ནི་ས་སྐྱོང་རོང་བོ་ནང་སོའི་ལྷ་སྡེ་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་བྱ་བའི་སྡེ་བར༡༩༣༨ལོའི༡ཚེས༡༨བོད་ལུགས་མེ་གླང་ལོའི་ཟླ༡༢བའི་ཚེས༨ལ་འཁྲུངས། ༡༩༣༧ལོར་ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས། ནང་སོ་འཇིགས་མེད་གཙོ་བྱས་ས་རི་སྒར་གཞུང་གིས་གདན་ཞུས་ལྟར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་གཏེར་ལུང་དུ་ཕེབས། བསེ་སྐུ་ཕྲེང་ལྔ་བ་ལོ་དེར་འདས་པའི་ཡང་སྤྲུལ་ངོས་འཛིན་གྱི་སྐྱབས་འཇུག་ཞུས་པས་ཕྱག་ཡིག་དམ་སྦྱར་མ་ཡིག་སྒམ་དང་བཅས་པ་གནང་ནས་ལོ་གཅིག་ན་ས་ཁ་ཕྱེ་ཆོག་པའི་བཀའ་རྒྱ་བསྩལ་པ་བདག་དམ་ནན་མོ་བྱས། ༡༩༣༩ལོའི་ཧོར་ཟླ་གཉིས་པའི་ཚེས༡༡ལ་ནང་སོ་འཇིགས་མེད་གཙོ་བྱས་རོང་བོ་དགོན་ཆེན་གྱི་གྲྭ་ཚང་སོ་སོའི་སྐུ་ཚབ། ཤར་བླ་བྲང་གི་ཕྱག་མཛོད་དགེ་ལེགས་རྒྱ་མཚོ། ས་རི་སྒར་གྱི་མི་སྣ་ཡོངས་རྫོགས་བཅས་གཏེར་ལུང་བླ་བྲང་ཚོམས་ཆེན་དུ་འཚོགས་ཏེ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་བསྩལ་བའི་ཡིག་སྒམ་གྱི་ཁ་ཕྱེ། ཨ་ཁྱུང་སྒར་བ་སྐུ་སྐྱེས་ཀྱིས་ཕྱག་ཡིག་དམ་སྦྱར་མ་བཀླགས་པས། ཡུལ་ཕྱོགས་དང་སྡེ་བའི་རྟགས་ཕ་མའི་མིང་ཟུར་དང་བཅས་གསལ་བོར་བསྟན་འདུག་པ་དང་། ཡང་མཚན་ལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ཐོགས་ཞེས་དང་། སྲུང་མདུད་བཅས་བསྩལ་འདུག་པས། དགུང་ལོ་གསུམ་པར་ངོས་འཛིན་གྱི་ལྷ་རྫས་དཀར་པོ་ཐོག་མར་འཐེན། དགུང་ལོ་ལྔ་བར་གཏེར་ལུང་བླ་བྲང་གི་ཐུགས་སྲས་སྐུ་ཕྲེང་གོང་མ་ན་རིམ་གྱི་ཁྲི་སྟེང་དུ་འཁོད། དགུང་ལོ་བདུན་པ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རིམ་པར་བསྟེན་ཏེ༡༩༥༨ལོའི་བར་ཆོས་དང་རིག་གནས་ལ་སློབ་སྦྱོང་མི་དམན་པ་བྱས་སོ།། ཟུར་ལྟའི་དཔྱད་གཞི། ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས། སྣུམ་དཔར་མ

བརྒྱུད་འགོད།