ཁྲོ་ཁོ་ནུར་མའི་དགོན་གསང་སྔགས་ཐར་བ་གླིང་གི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-07 09:15:28     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་གཅན་འོད་ཟེར་ར    ཀློག་ཐེངས།  

微信图片_20200907091415.jpg

༄༅།།རྨ་ཆུ་རྫོངས་མཚེ་རུ་མ་ཡུལ་ཚོ་ཁྲོ་ཁོ་ནུར་མའི་གསང་སྔགས་ཐར་བ་གླིང་གི་དགོན་པ་འདི་ཐོག་མར་གསར་འདེབས་མཛད་མཁན་ནི་འཇམ་མགོན་བླ་མ་སླར་ཡང་བྱོན་པ་དགའ་ལྡན་ཁྲི་རབས་ང་གཅིག་པ་ཁྲི་ཆེན་དཔལ་ལྡན་གྲགས་པ་སྟེ་ཧོར་ཚང་གསེར་ཁྲི་ཞེས་ཡོངས་སུ་གྲགས་པའི་སྐུ་ཕྲེང་བཞི་བ་རྗེ་འཇིགས་མེད་བསྟན་པའི་ཉི་མ་ཡིན།ཁོང་གིས་རབ་བྱུང་བཅུ་བཞི་བའི་ཆུ་གླང་སྟེ་སྤྱི་ལོ་༡༨༥༣ལོར་རྒྱལ་མདོ་འདི་ནས་དགོན་སར་གཟིགས་ཤིང་འདུ་ཁང་བཞེངས་སར་ས་འདུལ་དང་རྟགས་བརྒྱབ་ནས་དགོན་པ་གསར་འདེབས་ཀྱི་རྨང་གཞི་བཏིངས།   

        རབ་བྱུང་བཅུ་གཉིས་པའི་ནང་བྱུང་བའི་ཁྲོ་ཁོ་ནུར་མའི་དཔོན་པོ་གྲགས་ཅན་ཁེ་ཐལ་དབལ་ཚྭགས་ཞེས་པའི་དུས་ནས་ནུར་མའི་སེར་སྡེ་ཞེས་པ་བླ་སེར་བརྒྱད་ཅུ་ལས་གྲུབ་པ་ཞིག་ཡོད་པ་དེ་དགོན་སྡེ་རུ་བསྒྱུར།དེའི་རྗེས་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་སྟེ་སྤྱི་ལོ་༡༩༣༡ལོར་ཁྲི་ཆེན་ཧོར་ཚང་སྐུ་ཕྲེང་དྲུག་པ་རྗེ་བློ་བཟང་དཔལ་ལྡན་རྒྱ་མཚོས་སྐུ་གོང་མའི་ཐུགས་སྨོན་བཞིན་འདུ་ཁང་སོགས་བཞེངས་པའི་མགོ་བརྩམས།    མེ་བྱ་སྟེ་སྤྱི་ལོ་༡༩༥༧ལོར་ཐོག་སོ་གཉིས་ཅན་གྱི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ལེགས་པར་བཞེངས་གྲུབ་ནས་ལོ་དེའི་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་གྲུབ་སྟོན་གྱི་མཛད་སྒོ་སྤེལ།

རྒྱུན་བཞུགས་ཀྱི་གྲྭ་བཙུན་བརྒྱ་ལྷག་འདུས་ཤིང་དགོན་སྡེ་འདིར་བཞུགས་པའི་སྤྲུལ་སྐུ་ཡང་གཞི་ཞབས་སྤྲུལ་སྐུ་འཇམ་དབྱངས་བསྟན་པ་རྒྱ་མཚོ།    མཚོ་སྔོན་སྤྲུལ་སྐུ་སྐལ་བཟང་ཤེས་རབ་ཆོས་འཕེལ།   སྤྲུལ་སྐུ་ཤེས་རབ་གྲགས་པ་རྒྱ་མཚོ།    ཁྲི་རྙིང་སྤྲུལ་སྐུ་ཚུལ་ཁྲིམས་ཡར་འཕེལ་རྣམས་ཡོད།

དགོན་སྡེ་འདི་སྒྲུབ་སྡེ་ཡིན་ལ་ཆོས་སྤྱོད་ཀྱི་རིམ་པ་ནི་ཞོགས་ཚོགས་རྒྱུན་ཇ་དང་དབྱར་དགག་གསོ་གསུམ།   སྨོན་ལམ་ཆེན་མོ།  ཟླ་རེའི་ཡར་ངོ་མར་ངོའི་གསོ་སྦྱོང་།  བླ་མའི་གདུང་མདུན།  རྔ་ཆིངས།  གཉིས་པའི་དཔྱིད་ཆོས།  གསུམ་པའི་བདེ་མཆོག་སྒྲུབ་མཆོད།  བཞི་བའི་སྨྱུང་གནས།  ཀུན་རིག་སྒྲུབ་མཆོད།   ལྔ་བའི་གདུང་མཆོད་ཆེན་མོ།   དྲུག་པའི་རབ་གནས།  གཏོར་ཆེན །བརྒྱབ་པའི་གསང་འདུས་སྒྲུབ་མཆོད།  དགུ་བའི་འཇིགས་བྱེད་སྒྲུབ་མཆོད།  བཅུ་བའི་ལྔ་མཆོད་ཆོས་ཐོག་དང་བཅུ་གཅིག་དང་བཅུ་གཉིས་པའི་སྒྲུབ་ཚོགས། ཆོས་མཚམས་སུ་ལམ་རིམ་སོགས་ཀྱི་དཔེ་ཁྲིད་དང་བགྲོ་གླེང་བློ་འཛིན་སྐྱོར་སྦྱངས་སོགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་དང་རྒྱུད་སྨད་གྲྭ་ཚང་སོགས་ལ་དཔེ་བླངས་ནས་ཁུངས་དག་ཅིང་ངོས་གཙང་བའི་ཕྱག་ལེན་དམ་པ་སྔ་མས་བཙུགས་པའི་ཕྱག་བཞེས་བཞིན་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད

     །སྤྱི་ལོ་༡༩༩༡ལོར་ཧོར་ཚང་གསེར་ཁྲི་སྐུ་ཕྲེང་བདུན་པ་ཆེན་པོ་རྗེ་བཙུན་དཔལ་ལྡན་འཇིགས་མེད་གྲགས་པ་རྒྱ་མཚོ་མཆོག་གསེར་ཁྲིར་མངའ་གསོལ་མཛད་པ་ནས་ད་ལྟའི་བར་དགོན་པ་འདིའི་སྒྲིག་ལམ་ཀུན་སྤྱོད་དང་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་གང་ཅིའི་ཐད་ལ་ཁོང་གིས་གཟིགས་སྐྱོང་བླ་མེད་གནང་བ་དང་།   སྤྱི་ལོ་༢༠༠༦ལོར་ཀུན་མཁྱེན་རིན་པོ་ཆེ་མཆོག་གིས་སྐྱབས་རྗེ་དམ་པ་ཧོར་གཙང་ཁྲི་ཆེན་ཚང་ལ་འདུ་ཁང་གསར་བཞེངས་ཀྱི་བཀའ་གྲོལ་ཞིང་གསུང་བཀོད་ཞིབ་རྒྱས་གནང་བ་བཞིན།  སྤྱི་ལོ་༢༠༠༦ལོའི་ཧོར་ཟླ་༥བའི་ཚེས་༡༡ལ་རྒྱུད་སྡེ་ནས་འབྱུང་བ་ལྟར་གྱི་ཆོ་ག་སྔོན་དུ་བཏང་ནས་བཞེངས་འགོ་བརྩམས་ཏེ།སྤྱི་ལོ་༢༠༡༡ལོའི་ཧོར་ཟླ་༨པར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་ལེགས་གྲུབ་བྱུང་།   

        འདུ་ཁང་ཆེན་མོ་ནི་ཐོག་སོ་གསུམ་ཅན་ཞིག་ཡིན་ལ།  མཐོ་ཚད་རྨིད་༡༡.༢༥དང་།  བྱམས་ཁང་གི་མཐོ་ཚད་ལ་རྨིད་༡༤.༠༠ཡོད།  སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༡༧༣༠.༨༩ཡོད།  སྟེང་འོག་བར་ཤོད་ཚང་མར་གྱན་༡༦༦དང་ཀ་བ་རིང་ཐུང་༢༨༢ཙམ་ཡོད།  རྟེན་ལ་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང་། བླ་སྐུ།  རྒྱུད་སྡེ་སོ་སོའི་ལྷའི་སྐུ་བརྙན་དང་།   ཞལ་ཐང་དང་གྱན་ཐང་བྱིན་ཅན་མང་བོ་དང་།  རྩེ་ཞོལ་དང་སྡེ་དགེ་སོགས་ཀྱི་བཀའ་བསྟན་སྤུས་ལེགས་ཚར་དུ་མ་དང་གསུང་རབ་མང་བོ་བཞུགས་ཡོད།    

       མདོར་ན་འདུ་ཁང་ཆེན་མོའི་ཕྱི་ནང་བཀོད་པ་དང་སྐུ་གསུང་ཐུགས་རྟེན་ཚང་མ་ཚད་ལྡན་དག་ལ་ཁུངས་བཅོལ་ཞིང་དཔེ་བླངས་ནས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དམ་པར་ལེགས་པར་གྲུབ་ཡོད་དོ། །   ད་ལྟ་དགེ་འདུན་པ་བརྒྱ་ཕྲག་གསུམ་ལ་ཉེ་བ་ཙམ་གྱིས་དགོན་པ་རང་གི་བཅའ་ཡིག་ལྟར་ལམ་རིམ་ཆེ་ཆུང་གི་འཆད་ཉན་དང་རྒྱུད་སྡེ་སོ་སོའི་སྒྲུབ་མཆོད་ཉམས་ལེན་གྱི་སྒོ་ནས་མདོ་སྔགས་ཟུང་དུ་འབྲེལ་བའི་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བརྩོན་བཞིན་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཡིན་ཞིང་།  མཚེ་རུ་མ་ཡུལ་ཚོའི་ཁྲོ་ཁོ་ནུར་མ་རུ་གོང་ཞོལ་གཉིས་ཀྱི་སྡེ་དམངས་༢ཀྱི་དད་ལྡན་པ་༢༥༠༠ལྷག་གིས་ཡོན་བདག་གཙོ་བོ་བྱས་ཏེ་དར་ཞིང་རྒྱས་བཞིན་པའོ།།

青春年花平台ལས་བཤུས།

བརྒྱུད་འགོད།