ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-08-17 21:38:37     རྩོམ་པ་པོ།   བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

342009975122919591.jpg

                                                      ༄༅། །ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་མཚམས་སྦྱོར་ 
                                མདོར་བསྡུས་སུ་བཀོད་པ་གཡས་འཁྱིལ་དུང་གི་རང་སྒྲ།
        དེ་ཡང་ཀླུ་རྒྱལ་དཔལ་བཙུན་དང་ཀླུའི་ལྕམ་མོ་སྣེ་རིང་ནས་འབབ་པའི་ཆུ་ཀླུང་ཆེན་པོ་སྟེ། ཀླུ་ཆབ་སྔོན་མོའི་སྟོད་རྒྱུད་དུ་ཆགས་པའི། མཚན་ཉིད་ཀྱི་གྲྭ་ས་ཆེན་མོ་སྟེ་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་མཚན་སྙན་བུ་མོའི་རྣ་རྒྱན་དུ་འཆང་བ་དེ་ཉིད། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་མངའ་བདག དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། དཔལ་དུས་ཀྱི་འཁོར་ལོའི་བཀའ་བབ་ཆེན་མོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ནང་ཐུགས་ཀྱི་སྲས་མཆོག བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་གསེར་གྱི་ཀ་ཆེན་རྣམ་བཞིའི་ཡ་གྱལ། སྡེ་རྒན་ཚང་སྐུ་ཕྲེང་གསུམ་པ་༧རྫེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་བོ་མཆོག་གིས། བོད་རབ་བྱུང་བཅུ་བཞི་བའི་ས་ཕག་སྟེ་སྤྱི་ལོ ༡༨༣༩ ལོར་ཕྱག་འདེབས་མཛད་ནས་ད་ལྟའི་བར་དུ་ལོ་ངོ་བརྒྱ་དང་བདུན་ཅུ་ལྷག་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཡོད། ཆོས་སྡེ་འདི་ཉིད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཁོངས་སུ་གཏོགས། རྫོང་མཁར་ནས་སྤྱི་ལོ་བདུན་བརྒྱད་ཙམ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད། ད་ལྟ་གྲྭ་བ་བཞི་བརྒྱ་ཙམ་བཞུགས་ཡོད། 
        དེ་ཡང་མདོ་སྨད་བསྟན་པའི་བཤད་སྒྲུབ་ཀྱི་ཤིང་རྟ་བ་ཆེན་མོ་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ ༧ རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོས་དབུ་དྲངས་ཏེ་ཆོས་སྡེ་ཆེན་པོ་འདིའི་གདན་རབས་ང་གསུམ་པའི་བར་དུ་འཆད་ཉན་བཤད་སྒྲུབ་དང་སྒྲིག་ལམ་ཀུན་སྤྱོད་སོགས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་དུ་བཏང་བའི་སྒོ་ནས་ཆོས་སྡེ་འདིའི་གདན་ཁྲི་བླ་མ་དང་དགེ་བའི་བཤེས་གཉེན་དམ་པ་མང་བོས་འཕྲོ་རིམ་པར་བསྐྱངས་པར་མཛད། 
        དེ་ནས་རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་ཀྱིས་གངས་ལྗོངས་ཡོངས་ལ་ཆག་སྒོ་ཉམ་ང་བ་སྣ་ཚོགས་བྱུང་བའི་རྐྱེན་པས་སེམས་ཅན་གྱི་ལས་བསོད་ཟད་དེ་ཆོས་སྡེ་འདི་ཉིད ཀྱི་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་འདུ་ཁང་སོགས་འབྱུང་བཞིའི་ལྟོ་བར་འཐིམས་ཏེ་ཤུལ་ལུས་མི་མངོན་པར་བྱས། དེ་ནས་ཞིང་འདིའི་མགོན་སྐྱབས་དམ་པར་གྱུར་བ་གསང་བདག་མི་ཡི་གར་གྱིས་རྣམ་པར་རོལ་བ༧ སྡེ་ཁྲི་རིན་པོ་ཆེའི་སྐུ་ཕྲེང་བརྒྱད་པ་ ༧ འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོས་ཆོས་སྡེ་འདི་ཉིད་བསྐྱར་བཞེངས་ཀྱི་ཚུལ་དུ་རྟེན་དང་བརྟེན་པར་བཅས་པ་ཞིང་འདིའི་སྐྱེ་འགྲོའི་བསོད་ནམས་ཀྱི་གཞི་དམ་པར་བཞེངས་པར་མཛད་དེ། ཆོས་སྡེ་འདིའི་ལུང་་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཆོས་ལྡན་ཚང་གིས་གདན་རབས་ཀྱི་འཕྲོ་བསྐྱངས་ཏེ་དགེ་བའི་བཤེས་གཉེན་དམ་པ་ཟམ་མ་ཆད་པར་རིམ་པར་ཕེབས་ཏེ་ད་ལྟའི་གདན་རབས་རེ་གསུམ་པའི་བར་དུ་འཆད་ཉན་བཤད་སྒྲུབ་བླ་ལྷག་ཏུ་འཕེལ་བཞིན་པའི་སྐབས་ལགས་སོ།། 
        ཤིང་ཕོ་འབྲུག་སྟེ་སྤྱི་ལོ ༡༨༤༤ལོར་མ་ཧཱ་པཎྚི་ཏ་ཆེན་མོ་དཔལ་མང་རིན་པོ་ཆེ་ཡབ་སྲས་གཙོས་བཀའ་པོད་རྣམ་ལྔའི་འཆད་ཉན་གྱི་ཕྱག་སྲོལ་མ་དགོན་བཀྲ་ཤིས་འཁྱིལ་བ་ལྟར་གནང་ནས་འཆད་ཉན་གྱི་སྲོལ་བཙུགས། དེ་ས་རིམ་བཞིན་ཁྲི་ཆེན་འཇིགས་མེད་བསམ་འགྲུབ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་དང་མཁན་རིན་པོ་ཆེ་ངག་དབང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་སོགས་སྐྱེ་ཆེན་དུ་མས་ཐབས་མཁས་ཐུགས་རྗེ་དང་། ཁྱད པར་དུ་མཁན་རིན་པོ་ཆེ་ངག་དབང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོས་རྩོད་ཡིག་ཀྱང་མཛད་དེ་འཆད་ཉན་གྱི་རྒྱུན་མ་ཆད་པར་ད་ལྟའི་བར་དུ་ངེས་དོན་གྱི་དགེ་བའི་བཤེས་གཉེན་མང་བོ་དང་རིགས་པ་སྨྲ་བ་བགྲང་གིས་མི་ལང་བ་འཁྲུངས་ནས་ཤིས་ཚང་སྒར་གསར་ཞེས་མཚན་སྙན་གྱི་དབྱར་རྔ་གངས་ལྗོངས་ཞིང་གི་དཀྱིལ་འཁོར་ན་གྲགས་བཞིན་པའི་སྐབས་ལགས་སོ།།

        ཀུན་མཁྱེན་བླ་མ་ཡབ་སྲས་ཉི་ཟླ་རྣམ་གཉིས་ཀྱི་གཟི་བྱིན་དང་ཞིང་འདིའི་སྐྱེ་འགྲོའི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་ཆོས་སྡེ་འདིར་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་སྤྱན་ཡངས་ཤིང་བསླབ་གསུམ་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས་གཉེན་མང་བོ་འཁྲུངས་ཡོད་པ་ནི་སྒྲོ་བཏགས་གཏམ་གྱི་བཤད་ཡམས་གྱིས་མ་སྦགས་པར་གཟུར་གནས་མཁས་པའི་གསུང་ལམ་ན་གྲགས་བཞིན་འདུག འདིར་གཙོ་བོ་ནི་སྒོ་མང་གདན་རབས་དོན་གསུམ་པ་གཞུང་བ་དགེ་བཤེས་སྐལ་བཟང་ཐབས་མཁས་དང་སྒོ་མང་གདན་རབས་དོན་བཞི་བ་གཞུང་བ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། ངེས་པ་དོན་གྱི་གྲུབ་པའི་དབང་ཕྱུག་ཆེན་མོ་ཨ་ཁུ་ཁྱ་དགེ་ཚང་དང་། མཁས་གྲུབ་གཉིས་འཛོམས་ཀྱི་དཔལ་གྱིས་ཕྱུག་ཅིང་ཆོས་སྡེ་འདི་ཉིད་ཀྱི་གདན་རབས་ང་བཞི་བ་ཨ་ཁུ་ཆོས་ལྡན་ཚང་སོགས་དགོངས་པ་གཞན་དུ་གཤེགས་ཟིན་པའི་དགེ་བའི་བཤེས་གཉེན་རྣམས་དང་། ལྷག་པར་དུ་ད་ལྟའི་བསྟན་འཛིན་གྱི་སྐྱེས་ཆེན་གསེར་རིའི་འཕྲེང་བ་ལྟར་བཞུགས་པ་དག་གི་གཙུག་ན་མངོན་པར་མཐོ་ཞིང་། བསླབ་གསུམ་བདུད་རྩིའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང་སྡེ་སྣོད་ལེགས་བཤད་འཆད་པ་ལ་ཆགས་ཐོགས་མི་མངའ་བའི་དགེ་བའི་བཤེས་གཉེན་དམ་པ། གངས་ལྗོངས་སྙུང་གནས་པ་ཨ་ཁུ་རིན་པོ་ཆེ་སྐལ་བཟང་སྨོན་ལམ་དཔལ་བཟང་བོ་མཆོག་ནི། མདོ་སྨད་ཆོས་འཁོར་ཚོ་བཅུ་གཉིས་ཀྱི་སའི་ཆར་་སྐུ་ཡི་མྱུ་གུའི་ལང་ཚོ་ཐོག་མར་འཁྲུངས། དམ་པ་འདི་ཉིད་སྐུ་ན་ཕྲ་བའི་དུས་ནས་བཟུང་བྱམས་དང་སྙིང་རྗེ་ཡི་དཔལ་གྱིས་ཕྱུག་པའི་དམ་པའི་རང་རྟགས་མངོན་པར་གསལ། ཆོས་སྡེ་ཆེན་པོ་འདིར་ཆོས་ཞུགས་མཛད་དེ་དགེ་བའི་བཤེས་གཉེན་དམ་པ་དག་སྒོ་གསུམ་ཚུལ་མཐུན་གྱིས་བསྟེན་ཏེ་གཞུང་བཀའ་པོད་ལྔ་ལ་ཉིན་མཚན་སྦྲེལ་ཏེ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་མཛད། སློབ་གཉེར་གནང་བའི་ཞོར་དུ་སྙུང་གནས་ཆགས་མེད་དང་ཕྱག་དང་ཞལ་འདོན་གྲངས་ཀྱིས་མི་ཟིན་པ་སོགས་ཐུགས་དམ་མཉམ་བཞེས་གནད་སྨིན་མཛད་པར་མ་ཟད། ཆོས་སྡེ་འདིར་བུ་སློབ་ཏུ་མ་གྱུར་བ་མེད་ལ་དགོན་སྡེ་གཞན་ནས་ཀྱང་སློབ་མ་གང་མང་བསྐྱངས། དེ་མིན་བྱམས་པའི་སྤྱན་གྱིས་ཉམ་ཐག་འགྲོ་ལ་གཟིགས། སྙིང་རྗེ་ཆབ་ཀྱིས་འགྲོ་བ་ཉམ་ཐག་པའི་དབུགས་ཀྱི་འཕེལ་ཁ་གསོ་བར་མཛད་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་ལྷུར་བཞེས་ཏེ་སྡེ་ཁྲི་རིན་པོ་ཆེ་མཆོག་གི་བཀའ་གསུང་ཅི་ནུས་སུ་བསྒྲུབས་དང་སྒྲུབ་བཞིན་ད་ལྟའང་བསྟན་འགྲོའི་དཔལ་མགོན་དུ་ཞལ་བཞུགས་པ་འདི་ལགས་སོ།།

        སྤྱིར་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་འདི་ནི་མཚན་ཉིད་ཁོ་ན་ཆེད་སྦྱོང་གནང་སའི་ཆོས་སྡེ་ཞིག་ཡིན་མོད། འོན་ཀྱང་མ་འོངས་སངས་རྒྱས་བསྟན་པའི་འཕེལ་འགྲིབ་དང་སྤྱི་ཚོགས་དང་དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་སྨན་ཁང་དང་རིག་གནས་གསབ་སྦྱོང་འཛིན་གྲྭ་གཉིས་ཟུར་དུ་གསར་འཛུགས་གནང་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་འདུག དེ་ལྟར་ཆོས་སྡེ་འདི་ཉིད་ཡར་ཟླའི་དཔལ་ལ་འགྲན་བཞིན་པ་དང་ཆོས་སྡེ་འདིའི་ལྷ་འབངས་སུ་གཏོགས་པའི་དད་ལྡན་ཁྲི་མ་འབུམ་གྱིས་རང་རང་ཚོད་ཀྱིས་བསོད་ནམས་བསགས་དང་གསོག་བཞིན་པའི་སྐབས་ལགས་སོ།།

                                                         རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།