དམར་གཙང་དགོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-21 17:30:32     རྩོམ་པ་པོ།   མེད།    ཀློག་ཐེངས།  

 微信图片_20180221173105.jpg

 

མདོ་སྨད་ཆོས་འབྱུང་ལས། ཙོང་ཆུ་བྱང་རྒྱུད་དམ་ཙོང་ཉིན་དབུས་ཀྱི་དམར་གཙང་བྲག་ནི། དམར་ཤཱཀྱ་མུ་ནི་དང་གཙང་རབ་གསལ་གཉིས་ཀྱི་བཞུགས་གནས་ཡིན་པས་མཚན་དེ་ལྟར་ཐོགས་ཤིང་། གནས་འདིར་བླ་ཆེན་པོས་གཙུག་ལག་ཁང་བཞེངས།དགེ་འདུན་གྱི་སྡེ་བཙུགས།

སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་རིལ་པོ་ལ་ཕྱི་ནས་སྨན་འདམ་གྱིས་བྱུགས་ཏེ་སྐུ་བརྙན་བཞེངས་པ་ཡིན་པས་མཛོད་སྤུའི་རྣམ་པ་གསལ་བ་དང་། སྐུ་ལ་གསོལ་བའི་ན་བཟའ་ལ་སྐྱིད་དྲེགས་ཆགས་ཤིང་། ཐུགས་ཀའི་ཐད་དུ་རེག་ན་དྲོད་ཡོད་པ་ལྟ་བུའི་ཉམས་དང་ཞལ་རས་ཀྱི་མདངས་ལ་མཐོང་སྣང་མི་འདྲ་བ་འབྱུང་བ་དང་། སྐབས་འགར་རྔུལ་ཆུ་ཐོན་ཞིང་། སྐུ་མདངས་སྨུག་པོ་བྱུང་ན་ཡུལ་ཁམས་འཁྲུག་པ་སོགས་མི་ཤིས་པ་འབྱུང་བ་དང་། མདངས་བཟང་ཞིང་དྲི་ཞིམ་པོ་བྱུང་ན་ཡུལ་ཕྱོགས་སུ་བཀྲ་ཤིས་པས།

ཐུའུ་བཀྭན་རྗེས། ཐུབ་བསྟན་ཉུང་འབྲུའི་ཚད་དུ་གྱུར་པ་ཉིད།།དཔག་བསམ་ཤིང་ལྟར་རྒྱས་མཛད་བཀའ་དྲིན་ཅན། །དགོངས་པ་རབ་གསལ་སྐུ་གདུང་རིལ་བོ་རུ། །དམར་གཙང་བྲག་ན་བཞུགས་པ་མཇལ་ལགས་སམ།།དེ་ཡི་ཞལ་མདངས་ཉིན་བཞིན་འགྱུར་བ་དང་། །ན་བཟའ་སྐྱི་ཆགས་ཐུགས་ཀ་དྲོད་དང་ལྡན། །སྐབས་འགར་ཚུལ་ཁྲིམས་དྲི་བཟང་འཐུལ་བ་སོགས། །ངོ་མཚར་ཁྱད་ཆོས་ལྡན་པ་གཟིགས་ལགས་སམ། །ཞེས་གསུངས་ལ།

ཞལ་ཙོང་ཆུའི་རྒྱུད་ལ་གཟིགས་པ་བསྟན་པའི་རྒྱུན་བཟང་པོ་རིང་དུ་གནས་པའི་རྟེན་འབྲེལ་དང་།དགོན་ལུང་གིས་གནས་འཛིན་མཛད་ཅིང་དགེ་འདུན་རྣམས་སྐབས་བབས་སུ་འདིར་ཕེབས་ནས་གསོ་སྦྱོང་མཛད་པའི་ཕྱག་སྲོལ་སྔ་མོ་ནས་ཡོད་འདུག་པ་བསྟན་པའི་བྱ་བ་རྨད་དུ་བྱུང་བར་སེམས།

གཡོན་གྱི་ལྷ་ཁང་ཆུང་ངུར་ཕྱག་རྡོར་གྱི་ཚབ་ལ་ལྷ་ལུང་དཔལ་རྡོར་གཡས་ཐུགས་ཀར་རྡོ་རྗེ་དང་། གཡོན་མཉམ་བཞག། རྡོ་རྗེ་སྐྱིལ་ཀྲུང་དང་གོས་སྔོན་གྱིས་ན་བཟའ་ཅན་གྱིས་བྱས་པའི་རིགས་གསུམ་མགོན་པོ། ཁ་སྐོང་གི་ཧྭ་ཤང་གཉིས་ཀྱི་འདྲ་སྐུ་གཅིག་སྨག་ཆས་ཞྭ་འབོག་བསྣམས་པ་ཐུགས་ཀར་ཐལ་སྦྱར།གཅིག་ཕུ་དུང་གི་སྟེང་དུ་ཆོས་གོས་གྱོན་པ་ཕྱག་གཉིས་ཐུགས་ཀར་བསྣོལ་ཐབས་ལ་མཉམ་པའི་སྟབས་ཀྱིས་བཞེངས་པ།གཡས་ངོས་སུ་བྱམས་པ་རང་བྱོན་དུ་གྲགས་པའི་བྲག་རི་རིང་བོ། དམར་གཙང་གྲོང་སྡེ་གོང་འོག་གཉིས་ཀའི་ལྷ་ཁང་སོ་སོར་དུས་གསུམ་སངས་རྒྱས་ཀྱི་སྐུ་མི་ཚད་ཙམ་རེ་རེ་བཞུགས། ཞེས་གསུངས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།