གྲོ་ཚང་རྡོ་རྗེ་འཆང་།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-05 21:30:18     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

  མིང་རྒྱལ་རབས་སྐབས་སུ་བཞེངས་པའི་གྲོ་ཚང་རྡོ་རྗེ་འཆང(瞿昙寺)ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་མངའ་བའི་གྲོ་ཚང་རྫོང་ཁོངས་སུ་གནས་ཤིང་། ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་མིག་སྔའི་བར་དུ་བདག་སྐྱོང་བྱས་པ་ཅུང་ལེགས་པའི་དགོན་སྡེ་ཞིག་ཡིན།
དགོན་རྙིང་འདི་ནི་མིང་རྒྱལ་རབས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་བོད་ཁམས་སུ་དབང་མཛད་པའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག་བཀའ་བརྒྱུད་པའི་བླ་མ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྤྱི་ལོ1392ལོར་བཞེངས་པ་ཡིན། 1959ལོར་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་དགོན་གནས་སུ་བཞག་པ་དང་། 1982ལོར་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་དགོན་གནས་གཙོ་བོར་བཞག
གྲོ་ཚང་རྡོ་རྗེ་འཆང་གི་ཕྱིའི་བཟོ་བཀོད་ལ་བོད་རྒྱ་ལུགས་གཉིས་ཀྱི་ཁྱད་ཆོས་ལྡན་ཞིང་། པེ་ཅིང་གི་ཕོ་བྲང་རྙིང་མ་དང་མཚུངས་པས་ཕོ་བྲང་རྙིང་མ་ཆུང་བ་ཞེས་ཀྱང་འབོད། འདི་ཉིད་ཐོག་མ་བོད་བརྒྱུད་ནང་བསྟན་གྱི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་ཡིན་ལ། ཕྱིས་སུ་དགེ་ལུགས་པའི་གྲུབ་མཐའ་རིམ་གྱིས་འཕེལ་རྒྱས་བྱུང་བ་དང་མཉམ་དུ་དགེ་ལུགས་པའི་དགོན་སྡེ་རུ་གྱུར། ཆོས་སྡེ་འདི་གའི་རྟེན་གཙོ་བོ་ལ་གསེར་གྱི་ཐམ་ག་དང་། བ་སོའི་ཐམ་ག བ་སོའི་ཕྱག་ཕྲེང་། རྡོ་བརྐོས་མི་ལ་རས་པའི་སྐུ་བརྙན་སོགས་ཡོད་ཅིང་། སྒོས་སུ་རིང་ཚད་ལ་སྨི་གྲུ་བཞི་མ800ལྷག་ཡོད་པའི་ལྡེབས་རིས་ནི་རྒྱལ་ནང་གི་བོད་བརྒྱུད་ནང་བསྟན་ཁྲོད་ལོ་རྒྱུས་ཀྱི་དུས་ཡུན་རིང་བོའི་ལྡེབས་རིས་གྲས་ཀྱི་གཅིག་ཡིན།
ཆོས་སྡེ་ཆེན་མོ་འདི་ནི་བོད་སོག་ཧོར་བཅས་མི་རིགས་གསུམ་གྱི་གདན་ས་ཆེན་མོ་ཞིག་ཡིན་པ་ཟད། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཡང་དོད་པོ་ལྡན་ནོ།།

       གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                  དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།