སྔགས་སའི་མཚམས་ཐོག་མ་དགེ་འཕེལ་བྱང་ཆུབ་གླིང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-06 16:16:36     རྩོམ་པ་པོ།   མི་གསལ།     ཀློག་ཐེངས།  

མཚོ་ལྷོའི་བྲག་དཀར་རྫོང་འབྲོང་མཐིལ་ཡུལ་ཚོ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་སོ་གཅིག་གི་མཚམས་ཏེ་ལྷ་རི་ཞལ་དཀར་དབེན་གནས་བཀྲ་ཤིས་ཆོས་རྫོང་དུ་གྲགས་པའི་སར་ཆགས་ཡོད། འདི་ལ་ཡོངས་གྲགས་སུ་སྔགས་ས་མཚམས་ཐོག་གོང་མ་ཞེས་ཀྱང་འབོད། འདི་ཉིད་བྱ་བཏང་རི་ཁྲོད་པ་འདུ་བའི་ཆོས་སྡེ་ཞིག་ལགས་པས། གྲོང་ལ་རྒྱང་ཐག་རིང་ཞིང་བྲག་དང་ནགས་ཚལ། ཆུ་བོ་སོགས་ཀྱིས་ཕྱོགས་མཚམས་ཀུན་ཡོངས་སུ་བསྐོར་ཞིང་བྱ་དང་རི་དྭགས་གར་དུ་རྩེན་པའི་གནས་མཆོག་ཡིད་དུ་འོང་ཞིང་ཉམས་དགའ་བ། སྔོན་གྱི་སྐྱེས་ཆེན་དམ་པ་དུ་མས་ཐུབ་བསྟན་རིང་ལུགས་འཛིན་པར་བྱིན་གྱིས་བརླབས་པའི་རྒྱལ་བསྟན་དྲི་མ་མེད་པའི་གནས་ཤིག་གོ །

ཆོས་སྡེ་འདི་ཉིད་ཚེ་དང་སྒྲུབ་པ་ལ་སྙོམས་པའི་བྱ་བཏང་སྔགས་ས་དགེ་བཤེས་འཇམ་དབྱངས་དོན་ཡོད་མཆོག་གིས་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་སྟེ་སྤྱི་ལོ1912ས་ག་ཟླ་བའི་ཡར་ཚེས་ལ་ཕྱག་འདེབས་མཛད་པའི་དབུ་བཙུགས། གཞི་གསུམ་སོགས་རྭ་རྒྱས་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་ཇི་ལྟ་བ་ཡིན་ཞིང་། ཉམས་ལེན་གྱི་གཙོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་གཙོ་བོར་འཛིན་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།

ཆོས་སྡེ་འདི་ཕྱག་འདེབས་མཛད་མཁན་རྗེ་བཙུན་འཇམ་དབྱངས་དོན་ཡོད་མཆོག(སྤྱི་ལོ1878--1959)ནི་རབ་བྱུང་བཅོ་ལྔ་བའི་ས་སྟག་ལོར་ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བལ་བཟའི་བྱམས་རྒྱལ་གྱི་སྲིང་མོ་ཙིག་ལི་མ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཞོགས་ཨ་རོལ་ཚང་གི་མདུན་ནས་རབ་ཏུ་བྱུང་ཞིང་འདུལ་གཞུང་ལྟར་ཚུལ་ཁྲིམས་སྲུང་བ་དང་གཞུང་རིག་གནས་ལ་གསན་བསམ་མཛད། དེ་ནས་རིམ་བཞིན་བྱ་བཏང་རི་ཁྲོད་པའི་ཚུལ་དུ་གནས་འགངས་ཆེན་མང་པོར་མཇལ་ཞིང་བསྙེན་སྒྲུབ་མཛད་མཐར་གསང་བ་རིམ་གཉིས་ཀྱི་རྣལ་འབྱོར་ཚད་ལྡན་དུ་གྲུབ། དགུང་ལོ་ཉེར་བདུན་སྟེང་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་བྱོན་ཏེ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་ཐོས་བསམ་སྒོམ་གསུམ་མཐའ་འཁྱོལ་བ་མཛད།

དགོན་ས་འཛིན་པའི་དུས་ས་ག་ཟླ་བའི་ཚེས་བཅུ་གསུམ་གྱི་ཐོ་རངས་སུ་དགོན་པ་འདེབས་པ་པོ་དང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐེག་ཆེན་གསོ་སྦྱོང་བླངས་ནས་སྨྱུང་གནས་ཀྱི་དབུ་བཙུགས། དེ་ནས་བཟུང་གྲྭ་པ་སོ་སོས་ཀྱང་ལོ་རེར་སྨྱུང་གནས་བརྒྱ་རེ་ཆག་མེད་དུ་སྲུང་བ་སོགས་དགོན་སྡེ་གཞན་ལས་འཕགས་པའི་ཁྱད་ཆོས་ལྡན་ཞིང་། དེ་ལས་གཞན་ད་དུང་གྲྭ་པ་རྣམས་ཀྱིས་ཤ་ཁྲག་ལོངས་སུ་མི་སྤྱོད་པ་དང་ཀོ་ལྤགས་ཀྱི་རིགས་མི་གྱོན་པ། གྲོང་ལ་མི་འཁྱམས་པ། ཡོང་སྒོ་ཅི་ཡོད་གཞུང་ལ་འཇོག་པ། བཟའ་བཏུང་གཞུང་ནས་སྦྱར་ཏེ་ལྷན་དུ་ལོངས་སྤྱོད་པ། རྒྱུ་མི་གསོག་པ། གྲྭ་པ་རྣམས་ལ་གཟིམ་ཤག་དང་ཆོས་གོས་རྣམ་གསུམ་སོགས་ཤཱཀྱའི་རིང་ལུགས་འཛིན་པའི་དགེ་སློང་ལ་འོས་པའི་ཆོས་ལས་གཞན་ལྷག་མ་ཡང་སྒེར་གྱིས་མི་འཛིན་པ་སོགས་བྱེད་པས་དགོན་སྡེ་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ལྡན།

དགོན་པའི་རྟེན་དང་བརྟེན་པའི་སྐོར་ལ་ཐོག་མར་ས་འཛིན་ལྷ་ཁང་ཁང་མིག་གསུམ་བཞེངས་ཤིང་། དེ་ནས་འདུ་ཁང་ཉིས་ཐོག་ཁང་མིག་དགུ་ཅན་དང་། རིམ་བཞིན་བྱམས་ཁང་སུམ་ཐོག་ཅན་ཞིག་དང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་སུམ་ཐོག་ཅན་དང་བདེ་མཆོག་ལྷ་ཁང་ཉིས་ཐོག་ཅན་སོགས་བཞེངས། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཏེ་སྤྱི་ལོ1951ལོར་འདུ་ཁང་ཆེན་མོ་ཀ་རིང་བཞི་ཅན། སྟེང་འོག་ཁང་མིག་བརྒྱ་དང་བཅུ་གཉིས་ཡོད་པ་བཞེངས་པས་ཆུ་སྦྲུལ་ལོར་ཡོངས་སུ་གྲུབ། ད་དུང་ཇ་ཁང་། གུང་ཚིགས་ཁང་མགྲོན་ཁང་། གྲྭ་ཤག་ལྔ་བཅུ། ལྕགས་རིའི་ཚུལ་དུ་མ་ཎི་འཁོར་ཁང་དང་འཁོར་ལོ། མདུན་དུ་མཆོད་རྟེན་ཆེ་ཆུང་བཅུ་གཅིག་བཞུགས་པས་མཐོང་བ་ཙམ་གྱིས་དབང་མེད་དུ་དད་པ་ངང་གིས་སྐྱེ་བ་ཞིག་ཡིན། དགོན་པའི་ནང་དུ་སྔགས་ས་དགེ་བཤེས་ཁོང་ཉིད་གཙོ་བྱས་པའི་རྣལ་འབྱོར་པ་མཁན་རིན་པོ་ཆེ་དཀོན་མཆོག་མཐར་ཕྱིན་དང་རྗེ་བཀའ་འགྱུར་པ་འཇིགས་མེད་བསྟན་པ་སོགས་བླ་མ་ལྔ་དང་གྲྭ་པ་ལྔ་བཅུ་ལྷག་བཞུགས། ནང་རྟེན་གྱི་གཙོ་བོ་སྔགས་ས་དགེ་བཤེས་ཚང་གིས་གཏེར་ནས་བཏོན་པའི་ལི་མའི་ཐུབ་དབང་རྡོར་གདན་མ་རྒྱུན་དུ་དྲི་བཟང་གིས་ཁྱབ་པ་བདུད་རྩི་འབབ་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་དང་། འདུ་ཁང་དང་ལྷ་ཁང་རེ་རེར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཐུབ་དབང་། དུས་གསུམ་སངས་རྒྱས། རྒྱལ་བ་རིགས་ལྔ་སོགས་སྐུའི་རྟེན་དང་། དངུལ་གྱི་སྐུ་གདུང་མཆོད་རྟེན་གཉིས་གཙོས་ཐུགས་ཀྱི་རྟེན། རྒྱལ་བའི་བཀའ་བསྟན་གཙོ་བྱས་པའི་བོད་ཀྱི་མཁས་དབང་རིམ་བྱོན་དུ་མའི་གསུང་འབུམ་དང་དཔར་ཁང་དུ་ཐར་མདོ་སོགས་ཀྱི་དཔེ་ཆ་དང་འཁོར་ལོའི་ཤིང་དཔར་བཞུགས་ཤིང་། ཁྱད་པར་དུ་སྔགས་ས་དགེ་བཤེས་ཚང་གི་གསུང་འབུམ་པོད་དྲུག་པོའི་དཔར་སོགས་ཤིང་དཔར་མང་དུ་བཞུགས་སོ། །

 གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་
སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།