རོང་བོ་བུ་རྒུ་དགོན་པའི་ལོ་རྒྱུས་ཡིན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-07-12 15:59:21         ཀློག་ཐེངས།  

微信图片_20210712155455.jpg

མདོ་སྨད་རེབ་གོང་རོང་བོ་བུ་རྒུ་དགོན་ཐོས་བསམ་བྱང་ཆུབ་གླིང་ནི་རྩེ་ཁོག་རྫོང་ནས་སྤྱི་ལེ་༡༧༠དང་མཚོ་ངོས་མཐོ་ཚད་ལ༣༦༤༠ཡོད། སྔོན་ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པའི་རོང་བོ་ཤ་བུ་ནར་ཞེས་སྦྲ་དཀར་ནག་གི་སྡེ་བར་སྤྱི་བ་བཙུགས་པ་ལ། ཕྱིས་སུ་རེབ་གོང་སྟོད་ཀྱི་སའི་ཆ་རྩེ་འབལ་གཉིས་སུ་ཕྱེས་པའི་འབལ་སྟོད་ཡུན་དར་དུ་ཕྱི་ལོ་༡༩༣༦ལོར་དགོན་རིན་པོ་ཆེའི་ནང་ཆེན་དང་གྲྭ་ཤག་སུམ་ཅུ་ལྷག་གིས་དགོན་པའི་གཞི་ཆགས་མོད། ཁོར་ཡུག་ཆུང་བའི་དབང་གིས་རབ་བྱུང་བཅུ་དྲུག་པའི་ས་གླང་ཕྱི་ལོ༡༩༤༩ ལོར་༧རེབ་གོང་ཤར་སྐྱབས་མགོན་བདུན་པ་ཆེན་པོའི་ཞལ་གསུངས་ལྟར་མདོ་སྔགས་བསྟན་པའི་མངའ་བདག་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་དང་དགོན་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་གཙོའི་སྐུ་འཁོར་ཐམས་ཅད་དགོན་ས་བཙལ་དུ་ཕེབས་ནས་རྐ་རྒན་བུ་རྒུ་ལུང་བ་ས་བཀྲ་ལེགས་པ་དང་།མཐུན་རྐྱེན་འཛོམས་པར་གཟིགས་ནས་ཁོང་གིས་དགོན་ས་འདི་བཟང་གསུངས་ཏེ་ཞག་གཅིག་དེར་བཞུགས་ཤིང་ཙོང་ཁ་བརྒྱད་ཅུའི་ལུང་དང་བཀྲ་ཤིས་གསོ་སྦྱོང་གསུང་པ་དང་། རབ་གནས་སོགས་མཛད་ནས་བཀྲ་ཤིས་ཀྱི་མེ་ཏོག་གི་ཆར་ཕབ་ནས་ས་གཞི་བྱིན་གྱིས་རླབས་ཤིང་བཤད་སྒྲུབ་ཀྱི་སྡེ་རྣམ་པར་དག་པ་ཞིག་འབྱུང་བར་ལུང་བསྟན་པ་དང་དགོན་པའི་མཚན་ལ་ཐོས་བསམ་བྱང་ཆུབ་གླིང་ཞེས་མཚན་གནང་། ཁོང་གིས་ཞལ་ནས།རྗེ་བླ་མ་ཙོང་ཁ་བ་ཆེན་པོས་དགའ་ལྡན་ས་གླང་ལ་བཏབ་པ་ཡིན།ད་ལོ་ཡང་ས་གླང་ཡིན་པས་རྟེན་འབྲེལ་ཕུན་སུམ་ཚོགས་པས་ངེས་པར་དུ་དགོན་པ་ད་ལོར་འདེབས་དགོས་གསུངས་ནས་ལོ་དེར་ཡུན་དར་དགོན་པའི་གནས་གཞི་སྤོར་ནས་གུར་སྒར་བཏབ།བླ་མ་དགོན་ཚང་གཙོ་བྱས་ནས་དགེ་བའི་བཤེས་གཉེན་དུ་མས་བུ་རྒུ་ལུང་བའི་དགོན་ས་རུ་ས་བརྟགས་བསླངས་དང་ལྟོ་འཕྱེའི་ཐིག་སོགས་སྤྱི་ལྟར་བསྒྲུབས་ནས་འདུ་ཁང་རྟེན་གསུམ་དང་བཅས་པ་བཞེངས་ནས་ལེགས་གྲུབ་བྱུང་། དགོན་རིན་པོ་ཆེ་ཚང་དང་།བརྩི་བཞག་ཚང་རྣམ་གཉིས་ཀྱི་ནང་ཆེན་དང་གྲྭ་ཤག་དྲུག་ཅུ་ལྷག་གསར་བསྐྲུན་བྱས།

ཕྱི་ལོ་༡༩༥༠ལོར་འཇམ་མགོན་བསྟན་པའི་སྲོག་ཤིང་ཡབ་རྗེ་གསེར་ཁང་བའི་ཕྱག་ལེན་ལྟར་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་བཙུགས། ལོ་རེའི་ཟླ་གསུམ་པའི་ཚེས་དགུ་ནས་བཟུང་ཉིན་བདུན་ལ་རྭ་རྒྱ་དགོན་པའི་ཕྱག་ལེན་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྒྲུབ་མཆོད་སྦྱིན་བསྲེག་དང་བཅས་པ་བསྒྲུབས། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བཟུང་གཞི་གསུམ་གྱི་ཕྱག་ལེན་ལྟར་དབྱར་ཁས་ལེན་དང་། ཟླ་བདུན་པའི་ཚེས་བཞི་ནས་ཚེས་བཅུ་གཅིག་བར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད།ཟླ་བརྒྱད་པའི་ཚེས་དགུ་ནས་བཅོ་ལྔའི་བར་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབས་པ་ཡིན། ཟླ་བཅུ་བའི་ཚེས་ཉེར་གཉིས་ནས་ཉེར་དྲུག་བར་ཉིན་ལྔ་ལ་དགའ་ལྡན་ལྔ་མཆོད་ཆེན་མོར་ཀུན་རིག་དང་། བདེ་གསང་འཇིག་གསུམ་གསུངས་པ་ཡིན།

ཕྱི་ལོ་༡༩༥༦ལོར་དགོན་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་ཁོང་གི་གདན་ས་རོང་བོ་བུ་རྒུ་དགོན་ཐོས་བསམ་བྱང་ཆུབ་གླིང་ནས་གྲུབ་ཆེན་མི་ཏྲ་ཛྭ་ཀི་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མི་ཏྲའི་དབང་དང་།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་པཎ་ཆེན་ཨ་བྷ་ཡ་ཀ་ར་ལ་དངོས་སུ་གནང་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་སྟེང་ཀྲི་ཡ་ནས་བཤད་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པའི་དཀྱིལ་འཁོར་ཞེ་ལྔའི་དབང་གནངས།

རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོའི་ཕྱི་ལོ༡༩༨༣ལོར་དགོན་རིན་པོ་ཆེའི་སྐུ་དབོན་དགེ་བའི་བཤེས་གཉེན་བློ་བཟང་ལྷུན་གྲུབ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཕེབས་པ་དང་། གཙང་སྤྲུལ་བློ་བཟང་ལུང་རྟོགས་རྒྱ་མཚོ་གཙོ་བྱས་སྤྱི་སྡེ་ཐུན་མོང་གིས་བཀའ་བགྲོའི་འོག་དགོན་རིན་པོ་ཆེའི་སྐུ་དབོན་བློ་བཟང་ལྷུན་གྲུབ་ཀྱིས་ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་གཞི་གསུམ་ཕྱག་ལེན་ཉེས་ལྟུང་དྲི་མ་འཁྲུད་པའི་འདག་རྫས་ལྟར་གཞི་གསུམ་ཕྱག་ལེན་དང་། དགོན་པའི་ཆོས་སྤྱོད་ཀྱི་རིམ་པའི་འདོན་ལྟ་དབྱངས་གསུམ་དང་ཕྱག་ལེན།དགོན་པའི་སྒྲིག་ལམ་བཅས་ཆོས་སྲིད་ཀྱི་བྱ་བ་ཡོད་ཚད་གཏན་ཕབ་བྱས།རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོའི་ཕྱི་ལོ་༡༩༨༥ལོར་སྲིད་གཞུང་གིས་ཆོས་སྒོ་འབྱེད་པའི་ཆོག་མཆན་གནངས་ཏེ་ཆོས་ཀྱི་སྒོ་མོ་རྒྱ་ཆེར་ཕྱེས།

རབ་བྱུང་བཅུ་བདུན་པའི་མེ་གླང་ལོའི་ཕྱི་ལོ་༡༩༩༧ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་མཚན་ཉིད་བཤད་གྲྭ་གསར་འཛུགས་གནང་། ཕྱི་ལོ་༢༠༠༤ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་རོང་བོ་དགོན་ཆེན་གྱི་ཕྱག་ལེན་ལྟར་བཙུགས། ཕྱི་ལོ་༢༠༡༡ལོར་ཨ་འབུར་སེར་བྱེས་དགེ་བཤེས་ཟླ་གྲགས་རྒྱ་མཚོའི་དབུ་མཛད་ནས་མདོ་སྨད་དུ་ཐེངས་དང་པོར་འཇམ་མགོན་བླ་མའི་ལྟ་གྲུབ་དབུ་མའི་བགྲོ་གླེང་རོང་བོ་བུ་རྒུ་དགོན་པར་འཚོགས།

ཕྱི་ལོ་༢༠༡༦ལོར་དགོན་མཆོག་སྤྲུལ་བརྒྱད་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གཙོ་འགན་བཞེས་ཏེ་སློབ་གྲྭའི་སློབ་ཁང་དང་དཔེ་མཛོད་ཁང་། གཞུང་སྒྲུབ་ཁང་། རྒན་གསོ་ཁང་སོགས་ཕྱོགས་བསྡུས་ཀྱི་ཐོག་ཁང་ཆེན་མོ་གྱན་༦༨གསར་བསྐྲུན་བྱས། དགོན་འདི་སྔར་ལས་དར་རྒྱས་སུ་གྱུར་ཏེ་ད་ལྟ་ལྷ་སྡེ་རང་ག་ནས་དགེ་འདུན་པ་སུམ་བརྒྱ་ལྷག་གི་གདན་སར་གྱུར་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་མི་ནུབ་རྒྱུད་འཛིན་གྱི་གནས་སུ་གྱུར་བའི་ཆོས་སྡེ་ཆེན་པོ་ཞིག་ཡིན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།