སྒྲུབ་པའི་གནས་མཆོག་བྲག་དཀར་བདེ་ཆེན་འཇིགས་མཛད་རྡོ་རྗེ་རྫོང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-29 16:32:02         ཀློག་ཐེངས།  

615731532755435665.jpg

            འཇིགས་མཛད་རྡོ་རྗེ་རྫོང་ཞེས་པའི་དགོན་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་ཡུལ་ཚོའི་སྤྱི་ལེ་ཉེར་གཉིས་ཀྱི་མཚམས་སུ་ཆགས་ཡོད། སྒྲུབ་པའི་གནས་མཆོག་བྲག་དཀར་བདེ་ཆེན་འཇིགས་མཛད་རྡོ་རྗེ་རྫོང་གི་ལོ་རྒྱུས་མདོ་ཙམ་ཞུ་བ་ལ།དགོན་འདི་ཐོག་མར་ཕྱག་འདེབས་མཛད་པ་པོ་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྒྱུ་འཕྲུལ་དམ་པ༧ རྣམ་འདྲེན་བླ་མ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སྟེ། ཁོང་ཉིད་དགུང་ལོ་ང་བདུན་པ། སྤྱི་ལོ་༡༩༢༢་ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་གནས་འདིར་ཕྱགས་ཕེབས་ཏེ་བསང་དང་དཀར་གཏོར་བསྔོ་བ་སོགས་མཛད་ཅིང་། ལྗགས་བཀོད་ལྟར་གནས་འདིར་འཁོར་ལྔ་སྡེ་བཟང་བོའི་གྲངས་ལྡན་གཞི་བསྙེན་ཆེན་མོ་གཏོང་རྒྱུའི་ཉེར་བསྡོགས་ལ་གནས་པར། དགའ་ལྷ་དང་། གནས་བཅུ། དགེ་ལྡན་བསྟན་འབར་མ་རྣམས་ཀྱི་ལུང་བསྩལ། རྒྱབ་རིའི་བྲག་ལ་གཟིགས་ནས་རྡོ་རྗེ་འཇིགས་བྱེད་འགྱིང་སྟབས་སུ་གནས་པའི་གཤམ་དུ་ཆོས་རྒྱལ་ཕྱི་ནང་གསང་གསུམ་བཀའ་སྲུང་གི་ཚུལ་དུ་འཁོད་པ་དང་འདྲ་བས་ཅི་ནས་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་གནས་ཁྱད་པར་བ་ཞིག་ཏུ་གདོན་མི་ཟ་བའི་ཚུལ་གྱི་གསུང་འཕྲོས་མཛད། ཚུལ་དེ་ལྟར། སྨྲ་བའི་ཉི་མ་འཇིགས་མེད་པཎྚི་ཏས་ཀྱང་། འཇམ་དཔལ་ཁྲོས་པའི་མེས་པོ་གར་དགུའི་ཉམས།། ཟོལ་དུ་རྫོགས་པའི་དཀྱིལ་འཁོར་དངོས་ཉིད་དུ།། འདོམས་འདོད་སྙོམས་འཇུག་ལས་ལས་མ་བཞེངས་པའི།། དུས་དགྲའི་དབང་ཕྱུག་ས་འཛིན་ཟོལ་གྱིས་འགྱིང་།། ཞེས་དང་། བཀའ་སྡོད་ལས་གཤིན་ཕྱི་ནང་གསང་བ་ཡིས།། འཇམ་མགོན་སྒྲུབ་བསྟན་གང་གིས་ལུགས་གཞན་དང་།། བསྲེ་བསླད་མེད་པར་སྐྱོང་ལ་རབ་དགྱེས་པས།། རི་ཕྲན་ཚུལ་གྱིས་སྡེ་འདིའི་བྱ་ར་བྱེད།། ཅེས་གསུངས་པ་ལྟར་དང་།

     780930513580632930.jpg 


            ཡོངས་འཛིན་འཇམ་པའི་དབྱངས་ལ་རྗེ་ཉིད་ནས་དགོན་པར་མཚན་ཞིག་དགོས་ཞེས་བཀའ་ཕབ་པར། རྗེ་དེས་ཀྱང་ཐུགས་བསམ་ཆེད་དུ་བཞེས་པ་ལ་མ་ལྟོས་པར་འཇིགས་མཛད་རྡོ་རྗེ་རྫོང་ཞེས་གསོལ་བས་ཀྱང་ཡི་དམ་འདི་ཉིད་ཀྱི་གནས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་གོར་མ་ཆག་ལ་ཕྱིས་ཡོངས་འཛིན་བློ་བཟང་དཔལ་བ་མཆོག་གནས་འདིར་ཐོག་མར་ཕེབས་སྐབས་མཚན་རྨིས་དང་གཟིགས་སྣང་འགའ་ཞིག་ལ་བརྟེན་ནས། མདུན་རིའི་དགེ་འཕེལ་རི་འདི་བདེ་མཆོག་གི་གནས་སུ་ཡང་ལུང་བསྟན་ཏེ། གནས་བསྟོད་ལས། གང་དུ་ཁྲག་འཐུང་འཁོར་ལོའི་བཀོད་པ་དངོས།། རྣམ་བཀྲ་འཇམ་མགོན་དོན་གྱི་པཎྚི་ཏའི།། ཡེ་ཤེས་སྒྲིབ་པ་དྭངས་པའི་མེ་ལོང་དུ།། ཤར་བའི་གསང་བ་བསམ་པའི་ཡུལ་ལས་འགོངས།། ཞེས་གསུངས་པ་དང།། གཞན་ཡང་རྒྱབ་རིའི་བྲག་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པ་དང་རྡོ་རྗེ་ཕག་མོ་སོགས་རང་བྱོན་མང་པོས་བྱུར་བར་གཏམས་ཡོད། དེར་མ་ཟད་གནས་འདི་ཉིད་གླིང་རྗེ་གེ་སར་རྒྱལ་བོའི་སྐབས་ཀྱི་གླིང་དར་འཕེན་གྱི་རྫོང་མཁར་ཡིན་པས་ལོ་རྒྱུས་ཁུངས་ལྡན་ཡང་ཡོད། ཕྱི་ལོ་གཉིས་པའི་ཉེར་ལྔ་ནས་ས་བརྟག་བསླང་གི་བྱ་བ་མཛད་ཅིང་།ཨ་རོལ་རྡོ་རྗེ་འཆང་དང་རྗེ་ཨ་བྷྱ་རྣམ་གཉིས་ནས་གནས་བདག་ལ་དམ་བསྒྲགས་སོགས་མཛད། ཤིང་གླང་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་ནག་ཟླར་རྒྱལ་མཆོག་བདུན་པའི་ཆོག་ཆེན་སྟེང་དུས་འཁོར་སྒྲུབ་མཆོད་བདག་འཇུག་དང་བཅས་པ་གསར་དུ་ཚུགས། ལོ་སྔ་ཕྱིར་རྩོལ་ཤད་ཀྱིས་བསྒྲུབས་ཏེ་དགེ་འདུན་འདུ་བའི་ཆོས་ཀྱི་ཀུན་དགའ་ར་བ་ཆེན་མོ་ལེགས་པར་གྲུབ། དེར་ནང་རྟེན་གྱི་རིམ་པ་ཡང། བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་།

         772740884395337499.jpg

           གུར་གསུང་འབྱོན་མ་སོགས་བླུག་སྐུ་དང་ལྡེར་བཟོ་སྣ་ཚོགས་དང་། རྗེ་ཐམས་ཅད་མཁྱེན་པ་དང་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་གཉིས་ཀྱི་རྣམ་ཐར་འཁྲུངས་རབས་སོགས་གྱན་ཐང་སྐོར་དང་། བཀའ་བསྟན་གཙོ་བོར་གྱུར་བའི་གསུང་རབ་པོ་ཏི་མང་བོ། ཕྱིས་སུ་སྐྱབས་གཅིག་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་གི་སྐུ་གདུང་དངུལ་གྱི་མཆོད་རྟེན་གྱན་ཚད་མ་སོགས་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་བཞུགས། བླ་གྲྭ་བརྒྱ་ཕྲག་གཉིས་ལྷག་རྒྱས་ཏེ་གོང་གསལ་ཆོ་འཕྲུལ་སྨོན་ལམ་དང་། ནག་ཟླའི་སྒྲུབ་མཆོད། གཞན་ཡང་བཞི་བའི་སྨྱུང་གནས་དང་ལྔ་བའི་མཆོད་པ། བརྒྱད་པའི་མ་ཎི། བཅུ་བའི་ལྔ་མཆོད། དུས་མཆོད་ཆེན་མོ། བོད་ལོའི་སྐུ་རིམ་དང་གཅོད་ཀྱི་ཆོས་ཐོག དབྱར་དགག་གསོ་གསུམ་སོགས་ཆོས་སྤྱོད་ཀྱི་བྱ་བའི་རིགས་མང་བོ་ཚུགས་ཡོད་ཅིང་། མཆོད་གཞིས་ཀྱང་མགོན་ཤུལ་ཚོ་ཆེན་བཅུ་སོགས་རྒྱ་ཆེའོ།། གཞན་ཡང་ཡབ་རྗེ་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་སྐུ་སྔ་ཕྱི་གཙོ་བོར་གྱུར་བའི་འཇམ་དབྱངས་བླ་མ་བློ་བཟང་དཔལ་ལྡན། འཇམ་མགོན་སྨྲ་བའི་ཉི་མ་རྗེ་ཨ་བྷྱ་ཞབས། ཨ་རོལ་རྡོ་རྗེ་འཆང་།ལྔ་རིག་སྨྲ་བའི་པཎ་ཆེན་དཔྱི་ས་བློ་གྲོས་རྒྱ་མཚོ་རྣམས་ཀྱིས་ཆོས་འཆད་ཉན་གྱི་རིམ་པ་རྒྱ་ཆེར་སྤྲོས། ང་བརྒྱད་ས་ཁྱི་ལ་ཆོས་སྡེ་འདི་ཉིད་མིང་གི་ལྷག་མར་གྱུར་ན་ཡང་།བསྟན་པ་ཡང་དར་གྱི་འཛུམ་ཞལ་ཐོག་མར་ཤར་བའི་སྐབས་ཉིད་ན།འཇམ་མགོན་བསྟན་པའི་མངའ་བདག༧ཁྲི་ཆེན་འཇམ་དབྱངས་འཕྲིན་ལས་དབང་བོ་མཆོག་གིས་རྒྱ་གར་འཕགས་པའི་ཡུལ་ནས་གསུང་འཕྲིན་གྱི་ལམ་ནས་ཐུགས་བཀོད་གནང་བ་ལྟར། སྤྱི་ལོ་༡༩༨༡ ལོའི་ཧོར་ཟླ་ལྔ་བའི་ཚེས་བཞི་ནས་གདན་སར་གཞི་བཟུང་སྟེ་དགེ་འདུན་གྱི་འདུ་ཁང་དང་གཅིག་མཐུས་ཀྱི་ལྷ་ཁང་གྱན་གསུམ་མ་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་། དབྱར་བླ་མ་རྡོ་རྗེ་འཆང་འཕགས་ཡུལ་ནས་ཆིབས་བསྒྱུར་གནང་། རབ་རྒྱན་མེ་སྟག་ལོའི་དཔྱིད་ནས་ཁྲི་ཆེན་བླ་མ་མཆོག་གི་ཕྱག་རྫས་ལ་གཞི་བྱས། མགོན་ཤུལ་སྡེ་སྤྱིས་དད་འབུལ་རྒྱ་ཆེར་བགྱིས་པ་ལ་བརྟེན་ནས་འདུ་ཁང་བསྐྱར་བཞེངས་རྟེན་དང་བརྟེན་པ་ལེགས་པར་གྲུབ་སྟེ།

          327453177305150135.jpg

           བླ་མ་རྡོ་རྗེ་འཆང་ཉིད་ནས་རབ་ཏུ་གནས་པའི་ཆོ་ག་ཡང་དག་པར་མཛད། དེར་བཞུགས་རྟེན་གསུམ་གྱི་རིམ་པ་ཡང། ཁྲི་ཆེན་གོང་མའི་གདུང་རྟེན་དངུལ་གྱི་མཆོད་རྟེན་གྱན་ཚད་མ་དང་།འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་སྐུ་བརྙན་ཐོག་ཚད་མ་སོགས་འབུར་སྐུ་མང་བོ་དང། རྗེ་གཟིགས་པ་ལྔ་ལྡན་སོགས་གྱན་ཐང་སྐོར་དང་གོས་སྐུ་ཆེན་མོའི་གཙོས་གོས་ཐང་ཆེ་ཆུང་སྣ་ཚོགས། བཀའ་བསྟན་དང་རྗེ་ཡབ་སྲས་ཀྱི་ལེགས་བཤད་སོགས་པོ་ཏི་བརྒྱ་ཕྲག་མང་བོ་དང་། གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་སྣ་ཚོགས་བཅས་འབོར་ཆེན་བཞུགས། གཞན་ཡང་འཇམ་མགོན་བསྟན་པའི་སྲོག་ཤིང་། མཁས་གྲུབ་བྱེ་བའི་གཙུག་རྒྱན ༧ ཁྱབ་བདག་བླ་མ་ཁྲི་ཆེན་འཇམ་དབྱངས་ཕྲིན་ལས་དབང་བོ་འཇིགས་མེད་དྲེགས་པའི་སྡེ་དཔལ་བཟང་བོའི་གདུང་རྟེན་སྙིང་བོར་བཞུགས་པའི་མཆོད་སྡོང་ལྷ་ཁང་ཆེན་མོ་འཇམ་དཔལ་རྣམ་པར་རོལ་བའི་ཕོ་བྲང་དང་། སྒྲོལ་མའི་ལྷ་ཁང་། ཁྲི་ཆེན་འཇམ་དབྱངས་བླ་མ་མཆོག་གི་ཆོས་ཀྱི་ཕོ་བྲང་ཨེ་ཝཾ་བདེ་ཆེན་དགའ་འཁྱིལ་དང། སྟག་གེའི་ནང་ཆེན། དགོན་མཐའི་མཆོད་རྟེན་ཆེན་མོ་དང་གྲྭ་ཤག་བརྒྱ་ཕྲག་ལྷག་དང་། བླ་གྲྭ་ཉིས་བརྒྱར་ཉེ་བ་བཞུགས། ད་ལྟ་ཡང་ཁྲི་ཆེན་འཇམ་དབྱངས་བླ་མ་མཆོག་དང་། སྐྱབས་མགོན་བརྒྱད་པ་ཆེན་པོའི་ཡོངས་འཛིན་དམ་པ་འཇིགས་མེད་ཐེག་མཆོག་ལྔ་རིག་སྨྲ་བའི་པཎ་ཆེན་དགེ་རྒན་རིན་པོ་ཆེ༧རྗེ་བཙུན་འཇིགས་མེད་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་ཀྱི་ཆར་མི་ཟད་པའི་བདུད་རྩིས་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།།
 

            ༄༅།།བྲག་དཀར་བདེ་ཆེན་རྡོ་རྗེ་རྫོང་གི་གནས་བསྟོད་ངོ་མཚར་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

འཇམ་དབྱངས་གསང་གསུམ་ལྷོ་ཕྱོགས་ཚངས་པའི་མཚོ།།
བསྲུབས་སྐྱེས་དགེ་ལེགས་སྣང་བའི་དཀྱིལ་འཁོར་ཆེས།།
འཕྲིན་ལས་དཔག་བསམ་དབང་བོ་རབ་བཞད་པའི།།
མཆོག་སྤྲུལ་བསྟན་པའི་ཉི་མར་གསོལ་བ་འདེབས།།
ཆོས་དབྱིངས་མི་ཟད་མཁའ་ཡི་མེ་ལོང་མར།།
འཇིག་རྟེན་སྐར་མའི་རྩེ་དགའ་ཅི་ཡང་འཛིན།།
རྣམ་སྣང་ཕྱག་གི་ཉེར་ལྔའི་དཀྱིལ་འཁོར་གྱི།།
བཅུ་གསུམ་ཁྱབ་བདག་ལྷ་ཡི་བཞིན་རས་ལ།།
མི་མཇེད་ཞིང་ཁམས་གཡུ་འབྲུག་སྟོང་གི་སྒྲས།།
སྐྱེ་རྒུའི་རྣ་བའི་ལམ་ལ་རབ་རྩེན་པའི།།
བྱེ་བ་ཕྲག་བརྒྱའི་སྙིང་ལ་ཐུབ་དབང་གིས།།
གཡུང་དྲུང་གོ་འཕང་བརྙེས་པའི་མ་ག་དྷ།།
དེ་ཡི་བྱང་ཕྱོགས་གངས་ཀྱི་ར་བ་ན།།
མདོ་ཁམས་རྨ་བྱའི་གར་གྱི་སྒྲོ་གཤོག་ངོམ།།
རྨ་ཀླུང་གངྒཱའི་སྲིང་མོའི་ལྟ་སྤྱོད་ཀྱིས།།
ལྷོ་བྱང་ལན་བུའི་ཉག་མ་གཉིས་སུ་གྱེས།།
གཙུག་ལག་མི་ཟད་ཆུ་ཤེལ་ནོར་བུའི་ཕྲེང་།།
ལྷོ་རྒྱུད་ལྷ་མོའི་རྒྱན་དུ་ཐོབ་པའི་ཡུལ།།
གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས།།
ངོ་མཚར་སྙན་པའི་བ་དན་ཅི་ཡང་སྐྱོད།།
ཐུགས་སྨོན་སིནྡྷུ་གཡོ་བའི་རྦ་རླབས་ཀྱི།།
སྙིང་བོར་སྨིན་པ་སྐལ་ལྡན་གདུལ་བའི་ལྷ།།
ལེགས་འདོམས་ཚངས་དབྱངས་འབུམ་གྱི་རྔ་སྒྲ་ཡིས།།
སེང་ཆེན་རལ་བའི་གདན་ན་ཅི་ཡང་རྩེས།།
དེ་ཡི་སྤྲུལ་རབས་བདུན་པའི་དཔག་བསམ་གྱི།།
ཁོ་ལག་སྲིད་ཞིའི་གཙུག་ལ་སྐྱེད་བསྲེངས་པའི།།
ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཞེས།།
གྲགས་པའི་རོལ་མོ་རྒྱལ་བ་རྣམས་ཀྱང་འཁྲོལ།།
མགོན་དེའི་ཕྱག་རྗེས་སྐྱ་རེངས་དར་དཀར་གྱིས།།
དྲངས་པའི་ཆོས་སྡེ་ལྷ་ཡི་སྨིན་ལེགས་མའི།།
འཛུམ་ཟེར་བྱེ་བའི་ཁ་ལོ་བྱ་བཏང་གི།
སོར་རྩེ་ཡོལ་བའི་སྲུབ་ལས་ཁྱོད་ལ་སྟོན།།
གཡས་འཁྱིལ་དུང་དཀར་ལྟོ་བ་སྤྲད་པ་ཡིས།།
ལུགས་གཉིས་རྔ་སྒྲའི་དབྱངས་ཀྱིས་སྲིད་པ་འགེངས།།
དམར་ནག་ཆུ་བོ་བསྣོལ་བའི་ཕྱག་རྒྱ་ཡིས།།
བླ་སློབ་དམ་ཚིག་འགྱུར་བ་མེད་པའི་རྟགས།།
གཡས་གཡོན་ལུང་ཕྲན་གསེར་ཉ་རབ་འཁྱུག་པས།།
མདོ་སྔགས་གནས་ལ་རྣམ་དཔྱོད་བཀྲ་བའི་བརྡ།།
རྒྱབ་རིའི་རྩེ་མོ་དགུང་ལ་བསྙེགས་པ་འདི།།
ཐེག་ཆེན་ཆོས་ཀྱི་མངའ་ཐང་དར་བའི་དཔེ།།
ཡབ་རྗེ་སྤྱན་ལ་མངོན་སུམ་སྣང་བ་ཡིས།།
འཇམ་དབྱངས་ཁྲོས་པ་བཛྲ་བྷེ་ར་ཝའི།།
ཞབས་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱིས།།
མཚོན་དོན་ནམ་མཁའི་ཕ་མཐའ་ལས་ཀྱང་བརྒལ།།
དེ་འདབས་ནོར་འཛིན་བུ་མོའི་སྟེགས་བུ་ལ།།
གསེར་གྱི་རུས་སྦལ་ལང་ཚོ་བྱང་ལ་ངོམ།།
དབང་ཕྱོགས་ཆུ་ནག་གཞུང་ལ་བགྲོད་པའི་སྣེར།།
སྐྱ་བོའི་སྟག་གི་རྔམ་ཟིལ་ཤར་ལ་གཡོ།།
ཤྭ་ཁྱི་སྤུན་གསུམ་རི་བོའི་ཚོམ་བུ་ཡིས།།
རྒྱང་རིང་བྱང་ཕྱོགས་ཡུལ་ནས་སོ་ལ་བྲེལ།།
མཐུ་ལྡན་གྱ་ཙོང་དམག་དཔོན་རིན་ཆེན་གྱིས།།
གཞན་སྡེ་ཕས་རྒོལ་འཇོམས་པའི་སྟངས་ཀ་རྫོགས།།
སྟག་གཡག་གནམ་ས་རལ་བའི་ངར་སྒྲ་ཡིས།།
འདིར་གནས་རྣལ་འབྱོར་སྒྲུབ་པའི་གེགས་རྣམས་སེལ།།
ནུབ་ན་འདབ་ཆགས་དམར་བོའི་སྒྲོ་གཤོག་གི།
རྩེ་མོ་གཡོ་བས་སྡེ་འདིའི་ཕུན་ཚོགས་བསྲུངས།།
ལྷོ་རུ་གཡུ་འབྲུག་འཁྱུག་པའི་ཉམས་འགྱུར་གྱིས།།
ཆུ་དམར་དབང་གིས་ཁམས་གསུམ་བསྡུ་ལ་བྲེལ།།
ཆུ་དམར་མཐོངས་རྩེ་དགུང་ལ་ཟུགས་པ་ཡིས།།
བདེ་སྐྱིད་དབྱངས་ཀྱི་རོལ་མོ་ཀུན་ནས་འགུགས།།
གཡོན་གྱི་གོར་མོའི་བང་རིམ་བརྩེགས་པ་འདིས།།
ཞི་བསིལ་གོ་འཕང་ལག་པའི་རྩེ་ལ་ལེན།།
དེ་སྟེང་མཁའ་དབྱིངས་འཁོར་ལོ་རྩིབས་བརྒྱད་ཀྱིས།།
གནས་འདིར་དམ་པའི་སྐྱེ་བོ་ངང་གིས་འདུས།།
ལུང་མདོ་གསེར་གྱི་བུམ་པའི་ཁ་སྒོ་ན།།
ཐབས་ཤེས་ཟུང་འཇུག་མཚོན་པའི་བརྡ་ཐབས་སུ།།
ཆུ་གཉིས་ལྟོ་བ་སྦྱོར་བའི་ཉམས་འགྱུར་ལ།།
རྒྱལ་རྣམས་ཆགས་པ་འཆར་ཁའི་ཉི་མ་བཞིན།།
ཕུ་མདོའི་རི་བོ་བསྣོལ་བའི་དར་དཀར་གྱི།།
བླ་རེས་མི་བསྲུན་གདོང་བ་ས་ལ་སྦྱོར།།
དགེ་འཕེལ་བདེ་མཆོག་འཁོར་ལོའི་ཕོ་བྲང་ན།།
ལྷ་ལྕམ་རབ་མྱོས་རྐང་བའི་སྟངས་སྟབས་ཀྱིས།།
ཡོངས་འཛིན་སྙན་གྱི་བུ་གས་མ་བསྲོན་པ།།
ཕྱི་རབས་སྐལ་བཟང་ཡིད་ལ་གཏམ་དུ་གླེང་།།
དབུ་རྩེ་ཉི་ཟླའི་ལམ་ལས་བརྒལ་བ་ཡི།།
ལ་ཐོད་དར་གྱིས་བརྒྱན་པའི་ཉན་རི་ཞེས།།
ལྷ་ཡི་དགེ་བསྙེན་ཟོལ་གྱིས་བྱང་ཕྱོགས་ནས།།
ཞི་བ་མཆོག་གི་ལས་རྣམས་འབད་པས་སྒྲུབ།།
སྟོབས་ལྡན་རི་བོ་ཆེ་ལ་རབ་གྲགས་པའི།།
བློན་པོ་རིན་ཆེན་སིལ་བརྒྱའི་གདུགས་བཟུང་ནས།།
ཀླུ་དབང་ནོར་བུའི་གཏེར་ལས་བླངས་པ་ཡི།།
སྲིད་པའི་ཁྱད་ནོར་སྟོབས་པའི་རྣམ་འགྱུར་ངོམ།།
ཆེ་རྒུས་འདུད་ཅིང་དགོས་དགུ་འཛོམས་པའི་བརྡར།།
ལ་དགུ་ལུང་དགུའི་ཡུལ་ནས་ཐོན་པ་ཡི།།
དབང་དྲག་དམར་ནག་ཆུ་བོའི་རླབས་ཀྱི་ཕྲེང་།།
སྡེ་འདིའི་ཞབས་སྐྱེས་ནོར་བུའི་སྟེགས་ལ་རྩེས།།
གསེར་དངུལ་རིན་ཆེན་རྒྱབ་ལ་བཀལ་བ་ཡི།།
གཤིན་རྗེའི་ཕྱོགས་ནས་ཐོན་པ་སྤོས་ཀྱི་གླང་།།
སྣ་ཞགས་ཆུ་གཉིས་འདྲེས་པའི་བསྣོལ་མཚམས་སུ།།
བཞག་པས་སྡེ་འདིར་བསོད་ནམས་མངའ་ཐང་སྟེར།།
རྩྭ་ལྗང་སྨན་གྱི་མྱུ་གུས་རྒྱན་བྱིན་པའི།།
རི་ལ་ངུར་སྨྲིག་མདངས་ཅན་དགེ་སྦྱོང་གིས།།
དྲེགས་ལྡན་གཞན་སྡེའི་གཟི་བྱིན་རྨེག་མེད་དུ།།
གཏོང་བའི་ལ་མོག་ཡབ་སྲས་ཤར་ན་འགྱིང་།།
དེ་ལྟར་དཔལ་ལྡན་ཚངས་པ་སྡེ་བཞི་ཡི།།
དོན་རྣམས་ལག་པའི་མཐིལ་ལ་འཁོར་བའི་གནས།།
ཁོར་ཡུག་རི་ལ་ལྗོན་པས་ལྗང་ཐང་ཐང་།།
བྱ་མང་གཤོག་པའི་གར་གྱིས་བཀྲ་ཡར་ཡར།།
ཁུ་ལོ་ཡབ་ཡུམ་གསུང་སྙན་ཀྱུ་རུ་རུ།།
རབ་མཛེས་སྤང་གི་མེ་ཏོག་ཁྲ་ལམ་ལམ།།
དྭངས་བསིལ་ལྟེངས་ཀའི་རང་མདངས་འོད་འཚེར་འཚེར།།
ལྷ་ཤུག་ལྗོན་པའི་བསུང་ཞིམ་ཆི་ལི་ལི།།
མཐོ་མཐོ་བྲག་ལ་རྔམ་པའི་ཉམས་འགྱུར་རྫོགས།།
མཛེས་མཛེས་ཐང་ན་རྩི་ལྗོན་གཡུར་དུ་ལྡེམ།།
དམའ་དམའ་གཤོང་ན་རླབས་ཀྱིས་ལག་གཡུག་བྱེད།།
རིག་རིག་ཐམས་ཅད་སྨོན་པ་འཆོར་བའི་ཡུལ།།
ཨ་ཧོ་ལས་ཀྱི་ཁུ་ལོས་བོས་པ་ཡི།།
བྱ་བཏང་བཞིན་གྱི་སོས་ཀའི་མིག་ཡངས་མ།།
གུས་པའི་མིག་ལ་སྲེད་པའི་རྣམ་འགྱུར་གྱིས།།
ཇ་ཡུན་ཙམ་ལ་ལག་པས་གར་ཞིག་བྱས།།

             བྲག་དཀར་བདེ་ཆེན་རྡོ་རྗེ་རྫོང་གི་གནས་བསྟོད་ངོ་མཚར་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདི་ཡང་དེ་གའི་གྲྭ་རིགས་རྣམ་དཔྱོད་ཡངས་པ་བསྟན་པ་དང་རང་གྲྭ་སྐལ་བཟང་གཉིས་ནས་ལྷ་རྫས་ཆེ་ལེགས་དང་བཅས་བསྐུལ་བ་ན།  འདི་ལ་རྗེ་ཨ་བྷྱ་ཞབས་ཀྱིས་མཛད་པ་ཡོད་མོད་ཀྱང་མ་སྦྱངས་མཁས་པར་འདོད་པ་དག་གིས་ལྟ་ཅི།སྙན་ངག་སོང་བར་རློམ་པ་ཙམ་གྱིས་ཀྱང་མི་གོ་བར་མཐོངས་ནས་རང་ཉིད་ཀྱིས་ཀྱང་འབྲི་འདོད་ཀྱི་འདུན་པས་མཚམས་སྦྱར་ཏེ་རབ་རྒྱན་བྱ་ལོ་དགེ་ཟླའི་༣ཚེས་༧གྲངས་ལ་ངག་དབང་དབྱངས་ཅན་བཞད་པས་ཕྲལ་མར་བྲིས་པ་དགེ། །།
 

                                                                                            རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།