ཆོས་སྒར་དགོན་པའི་ངོ་སྤྲོད་མདོར་བསྡུས

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-26 20:26:22     རྩོམ་པ་པོ།   སྒིས་ཆུང་།    ཀློག་ཐེངས།  

          34834615843759944.jpg

     འདི་ལ་དགོན་པའི་ངོ་སྤྲོད་མདོར་བསྡུས་པ་ལ་གསུམ།  དང་པོ་དགོན་པའི་ལོ་རྒྱུས་དངོས་དང་།  གཉིས་པ་རྟེན་རྫས་འགངས་ཆེན་གྱི་སྐོར།  གསུམ་པ་འཆད་ཉན་བཤད་སྒྲུབ་ཀྱི་སྐོོར། 

དང་བོ།  དགོན་པའི་ལོ་རྒྱུས་དངོས་ནི།   ཆོས་སྒར་དགོན་བཀྲ་ཤིས་ཆོས་རྫོང་གླིང་ནི།  རྨ་ལྷོ་རྫོང་ནས་རྩེ་ཆུའི་བཞུར་རྒྱུན་དེད་དེ་ནུབ་ཕྱོགས་སུ་སྤྱི་ལེ་སོ་གཅིག་གི་མཚམས་སུ་སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་དུ་དང་བོ་ཕེབས་གནས་དང་བོའི་མདོ་རྩེ་མདོ་བཀྲ་ཤིས་ཆོས་རྫོང་དུ་གནས་གཞི་ཆགས་ཡོད་གྲུབ་མཐའ་དགེ་ལུགས་པ་དང་དུས་འཁོར་གྲྭ་ཚང་ཞིག་ཡིན། 

 དེ་ཡང་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ང་བདུན་པ་ཆུ་ཕག་ལོ་སྟེ་སྤྱི་ལོ་༡༦༨༣ལོར་ཆིན་ཝང་ཇུ་ནང་གི་ཡབ་ཆེན་དར་རྒྱས་པོ་ཤོག་ཐུས་རྒྱལ་དབང་ལྔ་བའི་སྐུ་ཚབ་ཏུ་བ་སོ་རྗེ་དྲུང་བ་༧དཀོན་མཆོག་བསྟན་པའི་ཉི་མ་ཚང་དབུས་ནས་གདན་དྲངས་ཏེ་ཨུརྒེའི་ཞབས་བརྟན་གྲྭ་ཚང་ཕྱག་འདེབས་གནང་།    ཕྱིས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འདིའི་ཁྲིར་བཞུགས་ནས་གསང་སྔགས་སྨིན་རྒྱས་གླིང་ཞེས་མཚན་གནང་།  ཀུན་མཁྱེན་འཇིགས་མེད་དབང་བོ་ཁྲིར་བཞུགས་ནས་བཙའ་ཡིག་མུ་ཏིག་འཕྲེང་བ་གསུངས། དགོན་པ་འདི་གནས་གཅིག་ཏུ་བརྟན་ཆགས་མིན་པར་གུར་སྒར་བྱས་ནས་ཨུརྒེ་གཞིས་ཀའི་རྗེས་སུ་འབྲེང་སྟེ་ཞབས་བརྟན་སྒྲུབ་བཞིན་གནས་ངེས་མེད་དུ་སོང་།སོག་པོའི་རྟ་ཁྲི་ཞེས་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཁྲི་བ་མངགས་པའི་སྲོལ་ཡོད།  ཀུན་མཁྱེན་སྐུ་འཕྲེང་གཙོས་སྔ་གཞུག་ཏུ་ད་ལྟའི་བར་དུ་ཁྲི་རབས་ལྔ་བཅུ་ལྷག་བྱོན།  ཕྱིས་སུ་སེང་གེ་ཁང་ཆག་ནས་མཁར་གྱང་རྡུང་ནས་གཞི་སྡོད་བྱ་རྩིས་བྱས།  རྒྱལ་བོས་རྙིང་མ་བསྟེན་ཏེ་ཕུར་བའི་འཆམ་སོགས་ཚུགས་ཀྱང་དགེ་ལུགས་པའི་སྲུང་མས་བཀའ་ཆད་ཕོགས་ཏེ་སྡེ་བ་དང་དགོན་པ་འཐོར་ཞིང་གྲྭ་བ་རྣམས་སྡེ་ཁྲོད་དུ་སོང་ནས་སེར་སྡེ་དྲུག་ཏུ་བྱས་ནས་བསྡད།    

 རྗེས་སུ་བླ་ཁོ་རྡོ་རྗེ་འཆང༧རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོས་སོག་ཡུལ་ནས་དུས་འཁོར་དབང་ཆེན་གནང་སྐབས་ཆིན་ཝང་ཀུན་དགའ་དཔལ་འབྱོར་དང་ཡུམ་ཀླུ་སྨན་མཚོས་ཐུགས་འདོད་ལྟར་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་སྤྱི་ལོ་༡༩༣༧་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཆད་ཉན་རྒྱལ་མཚན་དང་བོ་བསྒྲེངས་གནས་ཤ་བོའི་ཐང་ནས་སེར་སྡེ་དྲུག་གཅིག་ཏུ་བསྡུས་ནས་གསང་སྔགས་ཆོས་རྫོང་གླིང་ཞེས་མཚན་གནང་ཞིང་།  ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གསུངས་ཤིང་།  ཙན་དན་དཀར་པོའི་གཎྜི་དང་ཐུབ་པ་མཆོད་འཛིན་མ་ལམ་རིམ་མཆན་གཅིག་མའི་དཔེ་ཆ་སོགས་རྟེན་སྐལ་དུ་ནས་གནང་ནས་དབྱར་དགག་གསོ་གསུམ་དང་གྲྭ་བ་ཚོ་འདོད་ཆུང་ཆོག་ཤེས་དང་ཆོས་སྤྱོད་འདོན་པའི་རིམ་པ་སོགས་བསླབ་སྟོན་ཞིབ་རྒྱས་གནང་། 

རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཏེ་སྤྱི་ལོ་༡༩༤༡ལོར་༧རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་གིས་གསུང་བཀོད་བཞིན་སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བླ་བྲང་དགོན་པ་གསར་ཚུགས་སྐབས་ཀྱི་དགུན་མཚམས་བཞུགས་གནས་རྩེ་མདོ་བཀྲ་ཤིས་ཆོས་རྫོང་དུ་གནས་གཞི་སྤོར་ནས་གཏན་སྡོད་ཀྱི་གྲྭ་ཤག་དང་འདུ་ཁང་མཆོད་རྟེན་ཨུརྒེའི་ཕོ་བྲང་སོགས་གསར་བཞེངས་མཛད།

རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྟེ་སྤྱི་ལོ་༡༩༤༦ལོར་ཆིན་དབང་བཀྲ་ཤིས་ཚེ་རིང་དང་ཝང་ཨ་མ་ཀླུ་སྨན་མཚོ་རྣམ་གཉིས་ནས་དགོན་མགོ་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་ཆེན་པོ༧རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོར་ཕུལ་ནས་དགོན་པའི་མཚན་ལ་བཀྲ་ཤིས་ཆོས་རྫོང་གླིང་གསོལ། རབ་བྱུང་བཅུ་དྲུག་པའི་ས་བྱི་སྟེ་སྤྱི་ལོ་༡༩༤༨ལོར་ཅང་ཅེ་ཧྲི་ནས་འགྲོ་དྲུག་རྣམ་འདྲེན་གླིང་ཞེས་གཟི་བརྗིད་སྒོ་བྱང་གནང་།  རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྟེ་སྤྱི་ལོ་༡༩༥༤ལོ་ནས་བཟུང་སྔར་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཁྲི་བ་དང་དགེ་རྒན་བླ་མ་གཞུང་ལས་བ་བཅས་མངགས་པའི་སྲོལ་བསྐྱང་། དེ་ནས་རིག་གནས་གསར་བརྗེ་སྐབས་དགོན་སྡེ་སྤྱི་དངའདྲ་བར་གོད་ཆག་ཆེན་པོ་ཐེངས།   

རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ་༡༩༨༠ལོར་ཡང་དར་བསྟན་པའི་དབུ་བརྙེས་ནས་ཆོས་སྒོ་ཕྱེས་ཏེ་འདུ་ཁང་དང་ལྷ་ཁང་ནང་ཆེན་གྲྭ་ཤག་མཆོད་རྟེན་སོགས་བསྐྱར་གསོ་དང་འཆད་ཉན་ཡར་རྒྱས་ཀྱི་འགོ་བརྩམས། དེ་ནས་ཀུན་མཁྱེན་བླ་མས་ཐུགས་རྗེས་གཟིགས་ནས་ཁྲི་བ་དང་དགེ་རྒན་བསྐོས་བཞག་མཛད་ནས།   ཐོག་མའི་ཁྲི་བ་ཚོ་འདུ་ཚང་༧རྗེ་སྐལ་བཟང་མཁས་གྲུབ་ཁོང་དང་འདོད་རྟ་ཕྱག་ལེན་གྱི་དགེ་རྒན་དུས་འཁོར་བ་༧ཁོང་ཨ་ཁུ་བསྟན་པ་ཚང་ལམ་རིམ་བློ་སྦྱོང་རིག་གནས་ཀྱི་དགེ་རྒན་བླ་བྲང་རྡོ་རམས་པ་༧རྗེ་དགེ་འདུན་སྐལ་བཟང་ཚང་སོགས་རིམ་བཞིན་འདོན་པ་དང་རིག་གནས་དགེ་རྒན་གང་མང་ཟམ་མ་ཆད་པར་ད་ལྟའི་བར་དུ་ཕེབས་བཞིན་ཡོད།  ཀུན་མཁྱེན་སྐུ་འཕྲེང་དྲུག་བ་ཆེན་པོ༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱིས་བཅའ་ཡིག་དང་སྒྲིག་ཡིག་གསུངས་ཀྱང་། དུས་འཁྲུག་སྐབས་སུ་མེད་བརླགས་སུ་བཏང་ན་ཡང་།  ཁོང་གིས་བརྩེ་ཆེན་ཐུགས་རྗེས་གཟིགས་པ་མ་ལྷོད་པས་ཡང་བསྐྱར་བཅའ་ཡིག་འདོན་སྒྲིག་སྒྲིག་ཡིག་བཅས་གསར་དུ་རྩོམ་གནང་མཛད་ཡོད།  རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཏེ་སྤྱི་ལོ་༢༠༠༤ལོར་ཆོས་སྒར་དགོན་པ་ཞིང་ཆེན་རིམ་པའི་གནའ་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་བཞག   

 རབ་རྒྱལ་ས་ཁྱི་སྟེ་སྤྱི་ལོ་༡༩༥༨ཡར་སྔོན་ལ་དགོན་པ་འདིར་གྲྭ་བ་སུམ་བརྒྱ་ལྷག་བཞུགས།  ད་སྐབས་གྲྭ་བ་བརྒྱ་ལ་ཉེ་བ་དང་དགོན་བདག་ཁྲི་ཆེན་གུང་ཐང་རིན་པོ་ཆེས་གཙོས་བླ་མ་བརྒྱད་བཞུགས།  འདུ་ཁང་རུང་ཁང་མཆོད་རྟེན་གཉིས།  འཇམ་དབྱངས་ལྷ་ཁང་བཙན་ཁང་འཁོར་ཁང་ནང་ཆེན་ལྔ་གྲྭ་ཤག་དྲུག་ཅུ་བཅའ་ཡོད།  དགོན་པ་འདིའི་མཆོད་ཡོན་སྤྱིན་བདག་སྔོན་སོག་པོ་མདའ་བཅུ་གཅིག་ཡིན་ལ་ཐུན་མོང་ནས་འདུ་ཁང་བཞེངས་བ་དང་འབྱོར་བ་ཞན་པའི་གྲྭ་བ་ཚོ་ར་སྐོར་གང་མང་གི་སྦྱིན་བདག་བྱས།  ད་སྐབས་༼ཁ་གསུམ་ཚོ་ཧོར་ཏེ་༽མཐོ་ཡུལ་མ་ཡུལ་ཚོ་དང་༼མཐའ་བ་སྟེ་༽གླང་ཆེན་གཉིས་གཙོས་ཕྱོགས་ངེས་མེད་ཀྱི་དད་ལྡན་རྣམས་ཀྱིས་མཆོད་ཡོན་སྦྱིན་བདག་བྱེད་བཞིན་ཡོད་དོ།

གཉིས་པ།   རྟེན་རྫས་འགངས་ཆེན་གྱི་སྐོར་ནི།   རྟེན་རྫས་འགངས་ཆེན་གྱི་རིམ་པ་ལ།  སྔོན་ཆད་མང་བོ་ཞིག་བཞུགས་ཡོད་ཀྱང་རིག་གནས་གསར་བརྗེ་སྐབས་མེད་བརླགས་སུ་བཏང་།  ད་སྐབས་བཞུགས་པ་ནི།  རྟ་ཚག་རྗེ་དྲུང་བའི་གོས་བེར། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདྲ་སྐུ།  ཇོ་བོ་ཤཱཀྱ་མུ་ནེའི་སྟོད་གོས་དང་པང་ཁེབས་ཆོས་གོས། སློབ་དཔོན་པདྨའི་རྡོ་རྗེ་རྩེ་དགུ་མ་གཉིས།  རབ་བྱུང་མུ་ཏིག་གི་དུང་ཆོས།  རྗེ་སྐུ་གཏེར་མ་ཉེར་ལྔ། ཆིན་ཝང་ཡུམ་ཆེན་ཀླུ་སྨན་མཚོ་ལ་བཀྲ་ཤིས་ལྷུན་པོ་ནས་གནང་པའི་འཐག་གྲུབ་གྱི་ཐང་ག་བཞི།  ཀིརྟི་བློ་བཟང་འཕྲིན་ལས་ཀྱི་ཞབས་ཆགས།   ཆིན་ཝང་རྒྱལ་རབས་རིམ་བྱོན་གྱི་ན་བཟའ་བཅུ་གསུམ་སོགས་གནའ་རྫས་བྱིན་ལྡན་གང་མང་།  བཀའ་བསྟན་གཙོས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་གསུང་འབུམ་གང་མང་།  གསེར་དངུལ་གཡུ་བྱུར་རིན་ཆེན་དུ་མས་བརྒྱན་པའི་མགོ་ཚ་ཚང་དང་པཎ་ཤུལ་ཚང་གི་གདུང་རྟེན་གཙོས་ལྷ་ཆ་མཆོད་ཆ་གང་མང་མང་ཞིག་ཡོད་དོ།།

གསུམ་པ།  འཆད་ཉན་བཤད་སྒྲུབ་ཀྱི་སྐོར་ནི།  ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་དགུ།  གཉིས་པའི་ཚོགས་མཚོད་ཉིན་བདུན་མངོན་བྱང་བདག་འཇུག  ནག་ཟླའི་སྒྲུབ་མཆོད་ཉིན་བདུན་དུས་འཁོར་ས་ཆོག་དང་རྡུལ་ཚོན་གར་འཆམ་སྦྱིན་སྲེག་དང་བཅས་པ་ཆ་ཚང་།  བཞི་བའི་སྨྱུང་གནས་ལ་ཐུགས་རྗེ་ཆེན་པོའི་ཆོ་ག  ལྔ་བའི་དབྱར་ཆོས་ལ་མགོན་ཆོས་ལྔ།  དྲུག་པའི་བཅོ་ལྔ་ནས་དབྱར་གནས་ཆེན་མོ་ཉིན་ཞེ་ལྔའི་ཕྱག་མཆོད་སྒྲིབ་སྦྱོང་།  བརྒྱད་པའི་ནང་སྟོན་ཆོས་ཆེན་མོ་དགོངས་རྒྱན་དང་བླ་མཆོད།  དགུ་བའི་ནང་ཀུན་རིག་སྒྲུབ་མཆོད་ལ་ཀུན་རིག་ས་ཆོག་དང་རྡུལ་ཚོན་སྦྱིན་སྲེག་དང་བཅས་པ་ཆ་ཚང་།  བཅུ་པའི་ནང་ལྔ་མཆོད་ཆེན་མོ།  བཅུ་གཅིག་པའི་ནང་དགུན་ཆོས་དང་གཏོར་རྒྱག  བཅུ་གཉིས་པའི་ནང་མགོན་པོ་བདུན་སྒྲུབ།  གདུང་མཆོད་རྣམས་ལ་མི་འཁྲུགས་པའི་བདག་འཇུག་དང་འཇིགས་བྱེད་དཔལ་ཅིག་གི་བདག་འཇུག  ཡར་ངོས་མར་ངོས་ཀྱི་གསོ་སྦྱོང་དབྱར་གནས་དགག་དབྱེ་སོགས་གཞི་གསུམ་ཆོ་ག་དང་ལག་ལེན་ཇི་ལྟ་བ་བཞིན་ནོ།། 

 ད་དུང་རྩིས་ས་རིས་སྒྲ་སྙན་ངག་ཡི་གེ་དཀར་ནག་ལཉྩ་ཝརྟི་སུམ་རྟགས་མངོན་བརྗོད་མེ་རི་བཅའ་བཟོ་རོལ་མོ་འབུད་དཀྲོལ་སོགས་དུས་ཚིགས་རེ་རེ་བཞིན་རྒྱུགས་ལ་སྤྲད་དགོས།  འདིར་འཛིན་གྲྭ་གསུམ་དུ་བྱས་ཡོད།  གོང་མ་དཀའ་རམས་འཛིན་གྲྭ་ལ་ཆོ་ག་ཆོས་སྤྱོད་ཡོངས་རྫོགས་སྟེང་ལམ་རིམ་བློ་སྦྱོང་སྡོམ་གསུམ་བསྐྱེད་རྫོགས་ཉམས་ལེན་གྱི་སྐོར།  བར་མ་བསྐྱེད་རིམ་འཛིན་གྲྭ་ལ།  ཆོ་ག་ཆོས་སྤྱོད་ཀྱི་དབྱངས་བར་རྟ་དུས་འཁོར་བསྐྱེད་རིམ་ཐ་སྙད་རིག་གནས་ཀྱི་སྐོར།  འོག་མ་ཊཱིཀ་ཆུང་འཛིན་གྲྭ་ལ་ཆོ་ག་ཆོས་སྤྱོད་ཀྱི་བློ་རྒྱུགས་སྣ་ཚོགས་ཡིག་རིགས་འབྲི་སྦྱངས་མེ་རི་བཅའ་བཟོའི་སྐོར་བཅས་ཡིན།  དེ་ལྟར་གྲྭ་བགྲེས་གཞོན་ཚང་མས་ཉིན་མཚན་དུས་དྲུག་ཏུ་བློ་སྦྱོང་ལམ་རིམ་གྱི་སྐོར་དང་གསང་ཆེན་རྒྱུད་སྡེ་བཞི་གཙོས་མདོ་སྔགས་ཟུང་འབྲེལ་དང་ཐ་སྙད་རིག་གནས་ལ་འབད་ནས་འཇམ་མགོན་བླ་མའི་ལུགས་བཟང་གསེར་གྱི་རྒྱལ་མཚན་མི་ནུབ་སྲིད་ཞིའི་རྩེ་མོར་བསྒྲེང་བའི་ཚུལ་ལ་བརྩོན་བཞིན་པ་འདི་ལགས་སོ།།ཅུང་རྒྱས་པར་བལྟ་འདོད་ན་བཀྲ་ཤིས་ཆོས་རྫོང་གླིང་གི་བྱུང་བ་བརྗོད་པ་ངོ་མཚར་གཏམ་གྱི་གླིང་བུ་ལ་གཟིགས་པར་འཚལ་ཞེས་ཞུ་བ་ལགས་སོ།།  སརྦ་མངྒ་ལཾ།

གསལ་འདེབས།             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།