སོ་ནག་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-04 21:52:44     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

             

སོ.jpg

        སྤྱི་ལོ༡༦༦༠ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་ཤིང་། ཐུགས་རྗེ་ཆེན་པོའི་བྲིས་ཐང་བྱིན་ཅན་ཞིག་གནང་ནས་མཆོད་ཡོན་དུ་འབྲེལ།
        དེ་ནས་བཟུང་གུར་ལ་བརྟེན་པའི་མཚམས་པ་འགའ་འདུས་སྡོད་བྱུང། སྤྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མཚམས་པ་འགའ་ལ་རབ་བྱུང་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་སོ་ནག་གུར་སྒར་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། མཁན་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་རྒྱ་མཚོས་ཡར་ནང་བདེ་ཆེན་དགོན་པའི་ཕྱག་ལེན་ལྟར་ཀུན་རིག་སྒྲུབ་མཆོད་དང་། རྗེ་གསེར་ཁང་བའི་སེམས་བསྐྱེད་མཆོད་པའི་འདོན་སྒྲིག་ལྟར་མཆོད་པའི་ཆོས་ཐོག་བཙུགས། དུས་སྐབས་དེར་གུར་སྒར་དེ་དུས་བཞིའི་འགྲོས་དང་འགྲོགས་ཏེ་གནས་སྤོར་བྱེད་དགོས་པ་ལས་ངེས་གཏན་གྱི་སྒར་གནས་ཞིག་མེད། 

སྤྱི་ལོ་ ༡༩༣༣ ལོར་མཁན་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོས་སྤྱི་སྒེར་གྱི་མ་ཎི་བཙུགས་ཏེ། གུར་སྒར་ཙང་ལུང་དུ་སྤོས། ལོ་དེའི་ཟླ་དྲུག་པའི་ཚེས་གསུམ་ཉིན་ནང་ཆེན་གྱི་གུར་སེར་གསར་ཕུབ་ཀྱི་དགའ་སྟོན་མཛད་སྐབས། ཚོགས་སྤིས་ཆེ་བ་ལྔ་ཕུབ་ནས་སྒར་མིང་ལ་དགའ་ལྡན་བཀྲ་ཤིས་ཆོས་གླིང་ཞེས་པའི་མཚན་གསོལ། 

སྤྱི་ལོ་ ༡༩༥༢ ལོར་བྱང་རྩེ་མཁན་པོ་སྐུ་ཕྲེང་བཞི་བ་མཁན་ཆེན་ཚང་རྒྱལ་ཚབ་ཏུ་བཞུགས་ནས་ཆོས་སྲིད་གཉིས་ཀའི་སྟེང་ནས་བདག་སྐྱོང་གནང་བ་མ་ཟད། ཁོང་གི་ཐུགས་བཀོད་ལྟར་རིམ་བཞིན་འདུ་ཁང་སོགས་རྟེན་བརྟེན་པ་གསར་བཞེངས་མཛད། སྤྱི་ལོ་ ༡༩༥༨ ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་གཅིག་དང་། མགོན་ཁང་། ནང་ཆེན་གཉིས། གྲྭ་ཤག་བརྒྱད་ཅུ་ཙམ། རྒྱུན་བཞུགས་ཀྱི་བླ་མ་གཉིས་དང་དགེ་འདུན་པ་བརྒྱད་ཅུ་ལྷག་བཞུགས། ཟིང་འཁྲུག་དང་རིག་གསར་སྐབས་མེད་བརླགས་སུ་བཏང་བ་དང་དགོན་ཤུལ་སོ་ནག་སྡེ་བའི་ཕྱུགས་འཚོ་སར་བསྒྱུར།
        སྤྱི་ལོ ༡༩༨༠ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྩེ་ཁོག་གི་ཡུལ་དབུས་སུ་བྱ་དར་སྐྱིད་པོ་རིར་ཞབས་ཟུང་ཉེ་བར་བཀོད་དེ། རྩེ་ཁོག་རྫོང་ཁོངས་ཀྱི་བླ་དཔོན་སེར་སྐྱ་མང་ཚོགས་ཁྲི་ཕྲག་ལ་ཆོས་ཀྱི་ཁྲི་ལས་སྲད་རྒྱུད་བླ་མའི་རྣལ་འབྱོར་དང་། སྐྱབས་འགྲོ་སོགས་ལུང་དང་། ཆོས་སྲིད་གཉིས་འབྲེལ་གྱི་སྒོ་ནས་ཞལ་གདམས་བསླབ་བྱ་མང་དུ་བསྩལ། སོ་ནག་དགོན་པར་ཚེ་དཔག་མེད་ཀྱི་སྨན་སྐུ་བྱིན་ཅན་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་ཆ་ཚང་། ཁོང་གི་སྐུ་པར་བཅས་གནང་ནས།ད་ནས་བཟུང་སོ་ནག་དགོན་པའི་ཆོས་སྒོ་ཕྱེས་པ་ཡིན་ཞེས་གསུངས་ནས་ཆོས་སྒོ་གསར་དུ་ཕྱེས། དེ་ནས་བཟུང་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁྲི་རྒན་སྐུ་ཕྲེང་ལྔ་བ། བཤེས་གཉེན་ཆེན་མོ་ལྷ་སྡེ་ཨ་ཁུང་ཚང་སོགས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། མཁན་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་ཡོན་ཏན་རྒྱ་མཚོ་མཆོག་གི་བཀའ་དྲིན། སོ་ནག་སྒར་གྲོང་གི་སྟོབས་ཤུགས་བཅས་ལ་བརྟེན་ནས་འདུ་ཁང་དང་མགོན་ཁང་སོགས་རྟེན་གསུམ་གྱི་སྐོར་མང་པོ་བསྐྱར་བཞེངས་དང་། སྔར་སྲོལ་ལྟར་ཚོགས་ཆོས་ཐོག་གསར་འཛུགས་གནང་།

ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་། འདུ་ཁང་ཆུང་བའམ་རྗེ་ལྷ་ཁང་། མགོན་ཁང་། ཤར་སྐྱབས་མགོན་མཆོག་གི་གཟིམ་ཁང་། མཁན་ཆེན་ནང་ཆེན། གྲྭ་ཤག་བརྒྱད་ཅུ་ལྷག་དང་རྒྱུན་བཞུགས་ཀྱི་བླ་སྤྲུལ་རེ་ཟུང་དང་དགེ་འདུན་པ་བརྒྱ་དང་སུམ་བཅུ་ལྷག་བཞུགས་སོ།།            


           གསལ་འདེབས།
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                  དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།