ཀ་རིང་རི་ཁྲོད་ཐར་བ་གླིང་གི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-24 09:53:38         ཀློག་ཐེངས།  

༄༅།། ༧  ཀ་རིང་རི་ཁྲོད་ཐར་བ་གླིང་ནི་དགེ་ལུགས་པའི་དགོན་པ་ཡིན།ཀ་རིང་ཡུལ་ཚོའི་ལྷོ་ནུབ་མཚམས་སུ་སྤྱི་ལེ་ལྔ་ཡས་མས་སུ་ཆགས་ཡོད་ལ།༧ ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་དངོས་སློབ་མཁྱེན་རབ་ཀྱི་དབང་ཕྱུག་སྟག་གེ་སྐུ་ཕྲེང་དང་པོ་དོན་ཡོད་རྒྱ་མཚོས་སྤྱི་ལོ་༡༦༨༠ ལོར་བཏབ།  

འདི་བ་མར་ནང་པྲ་འགྱོང་སྡེ་བ་ནས་འཁྲུངས།  སྡེ་འདིར་ཐོག་མར་དགེ་འདུན་གསང་འདུས་ཀྱི་ལྷ་གྲངས་མཚོན་པའི་སུམ་ཅུ་སོ་གཉིས་བཞུགས།  བདེ་གསང་འཇིགས་གསུམ་དང་མགོན་པོ་རྣམས་ཞལ་འདོན་དུ་བཙུགས།  ལམ་རིམ་ཆེན་མོ་ཐུགས་ལ་བྱང་བ་སྐྱ་མིང་རབ་འབྱམས་པ་དང་།  བཀའ་བཅུ་བ་ལྷུན་འགྲུབ།  རི་ལས་མི་འབབ་པ་ཆོས་བརྒྱད་མགོ་སྙོམས་དམ་བཅའ་བ་ཚུལ་ཁྲིམས་དར་རྒྱས།  སྒོམ་ཆེན་དོན་འགྲུབ་སོགས་རྡེའུ་དཀར་ནག་གི་འགྲེམ་པའི་སློབ་མ་མང་དུ་ཐོན།  དེ་ནས་གཟིམ་ཁང་དང་བྱམས་ཁང་། འདུ་ཁང་དང་ཇ་ཁང་གྲྭ་ཤག་དྲུག་བཅས་རིམ་པར་བཞེངས་པས་དགུང་ལོ་གྱ་གསུམ་ལ་སྐུ་གཤེགས།  

དེ་ནས་སྐུ་ཕྲེང་གསུམ་པའི་སྐབས་སྐུ་གཉིས་བྱུང་བས་གཅིག་ནི་བིས་ཐང་དང་ཆུ་བཟང་གིས་བདག་བྱས་ཏེ་སྐྱབས་མགོན་སྐལ་ལྡན་གསུམ་པའི་སྐུ་ཐག་བཅད་པས་རེབ་གོང་དུ་སློབ་གཉེར་ཕྱིན་ཏེ་སྐུ་ཕྲེང་རིམ་བྱོན་རོང་བོ་དགོན་ཆེན་དང་ཆུ་བཟང་ལེ་བོ་དགོན་སོགས་སུ་བཞུགས།  གཅིག་ནི་ཀ་རིང་ནས་འཁྲུངས་པ་དཀོན་མཆོག་རྒྱ་མཚོ་ཚང་བླ་བྲང་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་གི་སྐུ་ཐག་བཅད་པས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་ཕྱིན་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དང་རི་ཁྲོད་ཐར་བ་གླིང་། ཤིང་ལེབ་ཁ། རྡོ་སྦིས་སེ་ཆང་སོགས་སུ་བཞུགས།   དུས་དེ་ནས་བཟུང་བླ་བྲང་བླ་བརྒྱུད་དུ་གཏོགས་པར་གླེང་ངོ་། །

  དེ་ནས་ཡང་དར་དར་བས་སྤྱི་ལོ་༡༩༩༡ ལོར་ཡང་བསྐྱར་སླར་གསོ་ཕྱེ་སྐབས་ཕྱིར་ཆོས་ཐོག་བཙུགས་པའི་རིམ་པ་ནི།  ལོ་རེའི་ཆོ་འཕྲུལ་སྨོན་ལམ་དང་ལྔ་མཆོད་མང་ཇ་རྣམས་ཀ་རིང་དགོན་དུ་ཕེབས་ནས་དཀྱིས་གཅིག་ཏུ་འཚོགས་རྒྱུ་དང་གཞན་ཐར་བ་གླིང་གི་ཚོགས་སུ་དགེ་ཚུལ་མིན་པ་བཞུགས་མི་ཆོག་པའི་འགྲིག་ལམ་ཡོད་པ་ཐམས་ཅད་གནའ་སྔ་མོ་ནས་ཕྱག་སྲོལ་ཡོད། 

ཟླ་བདུན་པའི་ཚེས་ལྔ་ནས་ཉིན་ལྔ་ལ།  སྐྱབས་གཅིག་དགོན་བདག་སྟག་གེ་སྐུ་ཕྲེང་ལྔ་བ་༧  རྗེ་བཙུན་སྐལ་བཟང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་བོའི་དུས་མཆོད་ལ་དམིགས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རས་བྲིས་ལ་བརྟེན་པའི་སྒྲུབ་མཆོད་ཆོས་ཐོག།   བདེ་མཆོག་དང་སྨན་བླའི་ཆོ་ག་ངག་འདོན།  ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཉིན་ལྔ་ལ་བསྟན་བསྲུང་མྱུར་མཛད་མགོན་པོ་ལ་ལོ་གཏོར་ཕུལ་བས་བོད་ལོ་སྐུ་རིམ་ཚོགས་རྒྱུ་ཕྱག་ལེན་བཅས་ཕྱིར་བཙུགས་ཡོད།།  རི་ཁྲོད་འདི་ནི་སྐུ་ཞབས་སྟག་གེ་ཚང་སྐུ་ཕྲེང་རིམ་བྱོན་གྱིས་ད་ལྟའི་བར་སྐྱོང་བཞིན་པ་ལགས་སོ།།

ཞེས་རི་ཁྲོད་ཐར་བ་གླིང་གི་ངོ་སྤྲོད་མདོ་བསྡུས་འདི་ནི་བརྟུལ་རྒན་འཇིགས་མེད་ཆོས་འཛིན་གྱིས་རང་དགོན་གྱི་རྒྱུན་སྲོལ་ཕྱག་ལེན་གཞིར་བཞག་ཐོག་སྔོན་གྱི་རྒན་རབས་རྣམས་པའི་ངག་རྒྱུན་གྱི་བརྒྱན་ནས་བསམ་པ་བཟང་པོས་འབྲི་ཁུལ་བྱས་པར་དགེ་བའི་ཚོགས་ཅི་མཆིས་པ་ཐམས་ཅད་ཆོས་སྡེ་འདིའི་ཆོས་སྤྱོད་བཅུའི་བྱ་བ་མཐའ་དག་གོང་ནས་་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག།  །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།