ཀ་རིང་ལུང་གཡོན་ཐང་དགོན་པ་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-20 17:38:42     རྩོམ་པ་པོ།   འཇིགས་མེད་ཆོས་འཛིན།    ཀློག་ཐེངས།  

༄༅།།ཀ་རིང་དགོན་པའམ་བཀྲ་ཤིས་ཆོས་གླིང་ནི་དགེ་ལུགས་པའི་དགོན་པ་ཡིན་ལ།མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་གི་ཁོངས་གཏོགས་ནུབ་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཙམ་དུ་ཡོད་ལ།བོད་རབ་བྱུང་བཅུ་བའི་ལྕགས་བྱ་སྤྱི་ལོ་༡༦༢༡ལོར་ཤར་ཀ་རིང་དཀའ་བཅུ་ཕུན་ཚོགས་རྣམ་རྒྱལ་ཚང་གིས་ས་སྐྱ་བའི་ལུགས་དང་འབྲེལ་བའི་ཆོས་སྡེ་འདི་ཐོག་མར་བཏབ།   

དེ་ནས་སྤྱི་ལོ་༡༧༠༢ལོར་ལྷ་དང་བླ་མའི་ལུང་བསྟན་བཞིན་སྒར་གྲོང་ལྷན་རྒྱས་གྲོས་མོལ་བསྡུས་ཏེ་གསང་འཛིན་ཕྱག་ན་རྡོ་རྗེ་རྫོང་དཀར་སྐུ་ཞབས་ཆུང་བ་སྐུ་ཕྲེང་གཉིས་པ་༧ མ་ཎི་བ་བསྟན་འཛིན་འཕྲིན་ལས་ཚང་ལ་དགོན་མགོ་ཕུལ།   སྔར་ས་སྐྱ་བར་གཏོགས་པའི་བཙུན་མ་དང་འདྲེས་པའི་སྡེ་གོག་ཅིག་ཡིན་པ་ཁྲིམས་ལྡན་འདུས་པའི་རི་བོ་དགེ་ལྡན་པར་བསྒྱུར་ཏེ་ཁྲིམས་སྲོལ་འཛིན་པའི་བཅའ་ཡིག་ཆེན་མོ་གསར་འཇོག་གནང་།  དེ་ནས་བཟུང་རྫོང་དཀར་ཡབ་སྲས་སྐུ་ཕྲེང་རིམ་བྱོན་གྱིས་ད་ལྟའི་བར་སྐྱོང་བཞིན་པ་ལགས་སོ། །

༧ ཁོང་རྡོ་རྗེ་འཆང་དབང་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོས།  སྤྱི་ལོ་༡༩༣༨ལོའིཟླ་༢པའི་ཚེས་༡༡ཉིན་ས་བརྟག་བསླང་སྦྱང་གསུམ་གྱི་བྱ་བ་སྔོན་དུ་བཏང་བས་ཕྱག་འདེབས་མཛད། ཉིན་དེར་དགེ་ལྡན་བསྟན་པའི་འབྱུང་གནས་བྱ་ཁྱུང་རྒྱུད་པ་གྲྭ་ཚང་གི་རྒན་གཞོན་དུ་མ་འཇལ་དུ་ཕེབས་པས་གནས་གཞི་བརྟན་ཅིང་ལྷག་པར་སྔགས་ཀྱི་འཆད་ཉན་འཕེལ་བའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་གི་དགེ་མཚན་དཔལ་མཐའ་དག་མངོན་དུ་མཆིས། ཚུལ་དེར་བརྟེན་ནས་ཁོང་རྡོ་རྗེ་འཆང་ཚང་གིས་གཙུག་ལག་ཁང་གསར་སྐྲུན་ལ་གནམ་མཆོངས་ཤོད་ཀྱི་ཀུན་དགའ་རྭ་བ་ཨེ་ཝཾ་དགའ་ཚལ་ཞེས་པའི་མཚན་གསོལ།  

དེ་ནས་བཟུང་སྙིགས་དུས་ཀྱི་སྟོན་པ་ཆེན་པོ་ཁོང་རྡོ་རྗེ་འཆང་ཚང་དང་ཡོངས་འཛིན་བགྲེས་གཞོན་རྣམ་གཉིས།  ཁོང་ཚང་གི་ཐུགས་སྲས་གཅིག་པུ ༧ རྗེ་འཇིགས་མེད་རིགས་པའི་བློ་གྲོས། སེམས་དཔའ་ཆེན་པོ་ངག་དབང་ཆོས་ལྡན། བཤེས་གཉེན་ཆེན་པོ་དཔྱི་ས་བློ་གྲོས་རྒྱ་མཚོ་བཅས་སྐུ་འཁོར་བརྒྱད་སོགས་གཙོ་བཞུགས་དང་།  རྨ་ཕར་རི་ཚུར་རི་ཕྱོགས་ཀྱི་བསྟན་པའི་མངའ་བདག་ཆེན་མོ་རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ།  རོང་ཆེན་ཀི་རྟི་སྐྱབས་མགོན་རིན་པོ་ཆེ།    རྫོང་དཀར་སྐུ་ཞབས་ཆེ་ཆུང་རྣམ་གཉིས།  བྱ་ཁྱུང་སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་ཚང་སོགས་མཁས་གྲུབ་དྲེགས་ལྡན་མང་བོ་རྩ་བའི་བླ་མ་རྡོ་རྗེ་འཆང་ཚང་གི་ཞབས་དྲུང་བསྙེགས་པས་མཁས་པའི་མཁས་པ་ཆེན་པོའི་བསྟི་གནས་སུ་གྱུར།  

དེ་ནས་རབ་རྒྱལ་ལྕགས་བྱ་སྤྱི་ལོ་༡༩༨༡ལོར་བསྟན་པ་ཡང་དར་དབུ་བརྙེས་པ་ལ་བརྟེན།   ལུང་གཡོན་ཐང་ཨེ་ཝཾ་རི་ཁྲོད་དུ་ཀ་རིང་བཀྲ་ཤིས་ཆོས་གླིང་དགོན་དེར།  རོང་སྟོན་བདུན་པ་ཆེན་པོའི་རྒྱལ་ཚབ་དམ་པ།   སྐྱབས་གཅིག་དགོན་བདག་༧རྗེ་བཙུན་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་ཚང་དང་།  སྙིགས་དུས་ཀྱི་པཎྜི་ཏ་ཆེན་པོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་རྣམ་གཉིས་དབུ་བཞུགས་ཏེ་ཁོང་རྡོ་རྗེ་འཆང་ཚང་གི་ཐུགས་སྨོན་ཡོད་པ་དུས་ལ་བབས་པ་གཟིགས་ནས་མར་མེ་རླུང་ནང་ནས་ཐར་བ་ལྟར་གནས་བརྟན་རྒན་པ་དགུ་དང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ།  མ་ཎི་བ་༧ རྗེ་འཇིགས་མེད་ལེགས་བཤད་སྒྲ་དབྱངས་ཚང་སོགས་ཀྱིས་ཀ་རིང་དགོན་པ་ལུང་གཡོན་ཐང་དུ་སྤར་ནས་རི་དགོན་གཉིས་དཀྱུས་གཅིག་ཏུ་བཏབ།  

དེ་ནས་རིམ་་པར་འཁོར་ལོ་གསུམ་གྱི་བྱ་བའི་འགོ་བཙུགས་ཏེ་བཅའ་ག་ཕྱག་ལེན་འདོན་རྟ་དབྱངས་གསུམ།འབུད་རྡུང་དཀྲོལ་གསུམ།  ཐིག་རྡུལ་ཚོན་ལ་སོགས་སྔོན་གྱི་ཕྱག་ལེན་མཐའ་དག་རྨང་ནས་གསོས།  རིམ་བཞིན་སྐུ་གདུང་དང་རྗེེའི་ལྷ་ཁང་།  ཇོ་བོའི་ལྷ་ཁང་། ཡོངས་འཛིན་རྣམ་གཉིས་རིང་སྲེལ་བཞུགས་པའི་འབུམ་ཁང་མདའ་ཡབ་ཅན།  འཇམ་དབྱངས་སྤོང་ཁང་བྱིན་རླབས་ཅན་གྱི་ལྷ་ཁང་།  འདུ་ཁང་དང་ཇ་ཁང་ཆེན་མོ།   མགོན་ཁང་དང་སྒྲོལ་མའི་ལྷ་ཁང།   ནང་ཆེན་གཉིས།  གྲྭ་ཤག་སོ་ལྔ་བཅས་བརྟེན་རྟེན་པ་རྣམས་རིམ་པར་བཞེངས་སོ།།   

དེ་ནས་བསྟན་པ་ཡང་དར་སླར་གསོ་ཕྱེ་སྐབས་ངེད་དགོན་པའི་ལོ་འཁོར་གཅིག་རིང་གི་ཆོས་ཐོག་ཆེ་ཆུངབཙུགས་པའི་རིམ་པ་ནི།  ཟླ་རེར་དུས་བཟང་གསུམ་དང་དུས་གཏོར་གཅིག   ཟླ་རེར་གསོ་སྦྱོང་གཉིས།   ཟླ་དང་བོའི་ཚེས་ལྔ་ནས་བཅུ་དགུ་བར་ཉིན་བཅོ་ལྔ་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ།  འདོན་པ་ནི་འབྲས་སྤུངས་ཆོས་སྤྱོད་རབ་གསལ་ལྟར་དབྱངས་དང་བར་རྟ།  གཞིར་འདོན་གསུམ་གྱི་འདོན་རྟ་དབྱངས་དང་།  ཕྱི་དྲོ་གསུང་ཆོས་སྨོན་ལམ།  སྐུ་རིམ་རྣམ་གསུམ།  གསེར་ཞུན་མ་དང་བསྲུང་མའི་བསྐང་གསོ་བཅས་སོ།  །ལྔ་བའི་ཚེས་གསུམ་དང་བཞི་ཉིན་ནོར་ལྷ་ཛམ་ནག་གི་གཏེར་སྒྲུབ།   ལྔ་བའི་ཚེས་ཉེར་བདུན་ནས་ཉིན་གསུམ་ལ་ལུང་ཁོག་གི་དོན་དུ་སེར་སྒྲུབ།  དེར་མ་ཟད་ཉིན་ལྔ་ལ་ལོ་ཏོག་གི་དོན་དུ་འབུ་སྔགས་དང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཅས་འདོན་དགོས་པའི་ཕྱག་སྲོལ་ཡོད།   

དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས་སྐབས་སུ་མཆོད་པའི་འདོན་པ་ནི།  ཡབ་རྗེ་གསེར་ཁང་བའི་ཕྱག་སྲོལ་ལྟར་ཉིན་རེའི་སྔ་དྲོའི་དུས་སུ་ཆུ་མཆོད་ཅི་འབྱོར་བཤམས་ཏེ། འདོན་པ་དང་འདོན་རྟ་རེབ་གོང་རི་ཁྲོད་པའི་ཕྱག་ལེན་ལྟར་ཡིན་གསུངས།   ཟླ་བདུན་པའི་ཚེས་གཅིག་ནས་ཉིན་བདུན་ལ་གྲུབ་དབང་འཇིགས་མེད་བསམ་གཏན་ཚང་གི་དུས་མཆོད་དང་འབྲེལ་རྭ་རྒྱའི་ཕྱག་ལེན་ལྟར་ཀུན་རིག་གི་སྒྲུབ་མཆོད་ས་བརྟག་བསླང་སྦྱང་གསུམ་གྱི་བྱ་བ་སྔོན་དུ་བཏང་ནས་རྡུལ་ཚོན་ལ་བརྟེན་པའི་བདག་འཇུག་ཉིན་ལྔ་དང་སྦྱིན་སྲེག་རྡུལ་ཚོན་ཆབ་འདྲེན་བཅས་དུས་མཆོད་ཀྱི་ཆོས་ཐོག  དགུ་བའི་ཚེས་བདུན་ནས་བཅུ་གསུམ་པར་ཁོང་རྡོ་རྗེ་འཆང་ཚང་གི་དུས་མཆོད་དང་འབྲེལ་རྭ་རྒྱའི་ཕྱག་ལེན་ལྟར་རྣམ་སྣང་མངོན་བྱང་གི་རྡུལ་ཚོན་ལ་བརྟེན་པའི་བདག་འཇུག་སྦྱིན་སྲེག་རྡུལ་ཚོན་ཆབ་འདྲེན་དང་བཅས་སྒྲུབ་མཆོད་ཆེན་མོའི་ཆོས་ཐོག  ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་སྒྲོལ་མའི་མཎྜལ།     བཅུ་བའི་ཉེར་ལྔ་ནས་ལྔ་མཆོད་ཉིན་གསུམ།  བཅུ་གཅིག་པའི་དགུན་ཉི་ལྡོག་ཁེལ་བའི་ཁྲོ་བཅུའི་གཏོར་བཟློག་ཉིན་གསུམ།  ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཉིན་གསུམ་གྱི་རིང་ལ་ལོ་གཏོར་ཕུལ་བས་མགོན་ཆོས་ལྔའི་བསྐང་གསོ་ཆེན་མོ་བཅས་ད་ལྟ་འདི་བཞིན་ཉམས་སུ་ལེན་པའི་སྐབས་སོ།།

ཞེས་ཀ་རིང་བཀྲ་ཤིས་ཆོས་གླིང་ངམ་ལུང་གཡོན་ཐང་དགོན་པའི་ངོ་སྤྲོད་མདོ་བསྡུས་འདི་ནི་བརྟུལ་རྒན་འཇིགས་མེད་ཆོས་འཛིན་གྱིས་རང་དགོན་གྱི་རྒྱུན་སྲོལ་ཕྱག་ལེན་གཞིར་བཞག་ཐོག་སྔོན་གྱི་རྒན་རབས་རྣམས་པའི་ངག་རྒྱུན་གྱི་བརྒྱན་ནས་བསམ་པ་བཟང་པོས་འབྲི་ཁུལ་བྱས་པར་དགེ་བའི་ཚོགས་ཅི་མཆིས་པ་ཐམས་ཅད་ཆོས་སྡེ་འདིའི་ཆོས་སྤྱོད་བཅུའི་བྱ་བ་མཐའ་དག་གོང་ནས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག།  །།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།