སྒོམ་གྲྭ་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-29 17:20:28         ཀློག་ཐེངས།  

微信图片_20200829201037.jpg

བིས་ཐང་སྒོམ་གྲྭ་བཀྲ་ཤིས་དགེ་འཕེལ་གླིང་ནི། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཀ་རིང་བོད་རིགས་ཡུལ་ཚོའི་ནུབ་ཕྱོགས་སྤྱི་ལེ་ལྔ་ཡི་མཚམས་ཏེ་བིས་ཐང་སྡེ་བའི་གོང་དུ་ཆགས་ཡོད།འཇམ་མགོན་བླ་མ་ཙོང་ཁ་བའི་ཡོངས་འཛིན་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་སྤྱི་ལོ་༡༣༤༥ལོར་གནས་འདིར་བྱོན་ནས་བཀྲ་ཤིས་རབ་གནས་མཛད་པ་སོགས་ཡུལ་གྲུ་བྱིན་གྱིས་བརླབས།ས་ཆ་འདིའི་མིང་ལའང་དོན་གྲུབ་ཆུ་ཁ་ཟེར་བའི་བཤད་སྲོལ་ད་ལྟའི་བར་དུ་མ་ཉམས་པར་གྲགས་ཡོད།

ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་མེ་བྱ།སྤྱི་ལོ་༡༦༥༨ལོར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་དངོས་སློབ་ཆུ་དམར་བློ་བཟང་རྒྱ་མཚོས་ཁོང་ཉིད་དགུང་གྲངས་ང་གསུམ་སྟེང་དགོན་པ་འདི་ཕྱག་འདེབས་མཛད་པའི་རི་ཁྲོད་པའི་དགོན་པ་ཞིག་ཡིན་ལ་ཁོང་གིས་བཤད་སྒྲུབ་གཉིས་ཀྱིས་ལེགས་པར་བསྐྱངས།བྱམས་ཁང་དང་མགོན་ཁང་།ཇ་ཁང་སོགས་རྟེན་དང་བརྟེན་པ་མང་དུ་བཞེངས།

སྐབས་དེར་དགེ་འདུན་པ་བརྒྱ་ལྷག་འདུས་པར་གྲགས།དེ་ནས་བིས་པ་མི་ཕམ་ཟླ་བ་ཚང་།ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ།སྒོ་དམར་གྲུབ་ཆེན་པ་བློ་བཟང་རྒྱ་མཚོ།རྗེ་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚང་།གྲུབ་དབང་འཇིགས་མེད་བསམ་གཏན་ཚང་།ཡིད་སྒར་ཨ་ཁུ་ཚུལ་ཁྲིམས་ཚང་།ཨ་ལགས་སེང་གེ་གཤོང་སོགས་དམ་པ་རྣམས་ཀྱིས་ལེགས་པར་བསྐྱངས་སོ།།

བསྟན་པ་ཡང་དར་གྱི་སྐབས་སྤྱི་ལོ་༡༩༩༡ལོར་བླ་མ་བཀའ་འགྱུར་བ་རྗེ་བཙུན་བསྟན་པའི་རྒྱལ་མཚན་མཆོག་གི་གཙོ་མཛད་དེ་འདུ་ཁང་ཆེན་མོ་དང་།འབུམ་ཁང་ཇ་ཁང་སོགས་རྟེན་བཞེངས་མང་དུ་མཛད།གཞི་གསུམ་ཉམས་ལེན་དང་།ནངས་དགོང་ཀུན་ལ་རྒྱུན་མི་ཆད་པའི་མཆོད་པ་མཆོད་མེ་འབུལ་བའི་ཕྱག་སྲོལ་ལེགས་པར་བཙུགས།བྱང་ཆུབ་ལམ་རིམ་བློ་སྦྱོང་སོགས་དང་ཐུན་མོང་གི་རིག་གནས་སོགས་ཀྱི་འཆད་ཉན་ལེགས་པར་སྤེལ།རྒྱལ་བའི་བཀའ་འགྱུར་སོགས་གསུང་འབུམ་མང་པོའི་ལུང་རྒྱུན་དང་བཤད་ལུང་སོགས་ཆོས་རྒྱུན་མང་པོ་སྤེལ་སའི་ལྟེ་གནས་སུ་གྱུར་ཡོད།གཞན་མགོན་ཁང་གི་རྟེན་དང་བརྟེན་པ་ལེགས་པར་བཞེངས།རྒྱལ་བ་མི་འཁྲུགས་པའི་སྐུ་དུང་ཕྱུར་གསུམ་ལྷག་བཞུགས་པའི་འབུམ་ཁང་ཆེན་མོ་གསར་དུ་བཞེངས།རྒྱལ་བའི་བཀའ་འགྱུར་གྱིས་མཚོན་པའི་གསུང་འབུམ་པོ་ཏི་སྟོང་ཕྲག་ཡས་མས་བཞུགས་སོ།།དགོན་པའི་སའི་རྒྱ་ཁྱོན་སྨི་༡༥ཙམ་དང་འདུ་ཁང་གཅིག་གྲྭ་ཤག་༡༦ཁང་མིག་༩༦ཡོད།ལྷ་སྐུ་ཐང་ག་སོགས་རྟེན་བྱིན་ཅན་བཞི་བཅུ་ཡས་མས་བཞུགས་སོ།སྤྱི་ལོ་༡༩༩༢ལོར་སྲིད་གཞུང་གིས་ཆོག་མཆན་ཐོབ།

ཀ་རིང་དང་བིས་མདོ་རྐང་ཚ་ལས་གཞན་རེབ་གོང་དང་རྩེ་ཁོག་གཅན་ཚ་སོགས་ནས་ཕེབས་པའི་གྲྭ་རྒྱུན་རི་ཁྲོད་པ་༢༡དང་།གྲྭ་ཤག་༡༣ཁང་མིག་༦༦དང་།འདུ་ཁང་གཅིག་བཅས་བཞེངས་ཡོད།དགེ་བའི་བཤེས་གཉེན་ཆེན་པོ་བསྟན་པའི་རྒྱལ་མཚན་མཆོག་གིས་དགོན་པར་བདག་སྐྱོང་ཚུལ་བཞིན་བྱེད་ཀྱིན་ཡོད།

སྤྱི་ལོ་༢༠༡༤ལོ་ནས་ད་ལྟའི་བར་དགོན་པ་འདི་ལ་གྲྭ་བཙུན་༢༦བཞུགས་ཡོད་དོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།