གཡང་འཁྱིལ་དགོན་གསང་སྔགས་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

    སྤེལ་དུས།  2020-06-22 07:49:04         ཀློག་ཐེངས།  

微信图片_20200622085810.jpg

༄༅།།གཡང་འཁྱིལ་དགོན་གསང་སྔགས་དར་རྒྱས་གླིང་ནི་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཀ་རིང་ཞང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་ཡི་མཚམས་སུ་ཡོད།

སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གཅིག་ལོར་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོས་སྟག་གེ་སྤྲུལ་སྐུ་ངག་དབང་དགེ་འདུན་བསྟན་འཛིན་གྱིས་བཏབ་པའི་ཆུ་བཟང་ལེ་བོ་བསམ་འགྲུབ་བདེ་ལྡན་གླིང་དང། འགའ་དྭགས་ཞབས་དྲུང་གིས་བདག་བྱས་པའི་ཤུག་རི་རི་ཁྲོད་དགོན། འཇའ་མོ་དཔལ་ལྡན་གྱིས་བདག་བྱས་པའི་བིས་ཐང་ལ་ཁའི་སྒར། ཆུ་དམར་བློ་བཟང་རྒྱ་མཚོས་བཏབ་པའི་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་། མཁན་ཆེན་དགེ་འདུན་རྒྱ་མཚོས་བཏབ་པའི་ཧོར་རམ་སྒར་སོགས་གཅིག་བསྡུས་བྱས་ནས་ཚོ་ལྔའི་སེར་སྐྱ་གཉིས་གྲོས་མཐུན་སྒོས་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ་མཆོག་ལ་གསོལ་བ་བཏབ་པ་ལྟར་ཁོང་གི་ཐུགས་བཀོད་བཞིན་ད་ལྟའི་གསང་སྔགས་དར་རྒྱས་གླིང་འདི་གསར་དུ་བཏབ། 

དེའི་རྗེས་ནས་རྗེ་ཉིད་གཙོ་བྱས་པའི་རོང་བོ་དགོན་ཆེན་གྱི་ཨ་ལགས་ཁ་སོ་ཚང་དང་། ཨ་ལགས་རོང་བོ་ཚང་། ཨ་ལགས་ཚོ་འདུ་ཚང་། ཨ་ཁུ་འཇིགས་མེད་ཐེག་མཆོག་བཅས་ཕེབས་ནས་འགྲིག་ལམ་ཀུན་སྤྱོད་དང་བཅའ་ཡིག་གསར་དུ་མཛད། རང་དགོན་གྱི་གྲྭ་བ་རྒན་པ་འགའ་དང་ལྷ་སྡེ་སྡེ་བདུན་མང་ཚོགས་ཀྱི་དད་བརྩོན་ཟུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རྗེ་ལྷ་ཁང་གྱན་གསུམ་ཅན་ཞིག་བཞེངས་གྲུབ་བྱུང་ནས་ཆོས་ཐོག་གི་རིམ་པ་རྣམས་བཙུགས་པས་གྲྭ་གྲངས་ལྔ་བཅུ་ལྷག་ཙམ་འཕེལ།འདོན་ཆོས་སྤྱོད་དང་བཅའ་ག་ཕྱག་ལེན་ངོས་གཙང་ཞིང་ལོ་རེར་ཆོས་ཐོག་རིམ་པ་རྣམས་སྔོན་མ་ལྟར་བཙུགས།

ལྷ་སྡེ་ཨ་ཁུ་ཚང་ངམ་རྗེ་དགེ་འདུ་བསྟན་འཛིན་ཚང་ཕེབས་ནས་གཞི་གསུམ་ཆོ་གའི་ཁྲིད་དང་བཅས་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་བ་བཙུགས།  མཆོད་པ་འདོན་སྒྲིག་ནི་ཡབ་རྗེ་གསེར་ཁང་བའི་ཕྱག་ལེན་ཇི་ལྟ་བ་བཞིན་ཞོགས་པ་སྔ་མོའི་དུས་སུ་ཆུ་མཆོད་ཅི་འབྱོར་བཤམས་ཏེ།རེབ་གོང་རི་ཁྲོད་པའི་ཕྱག་ལེན་ལྟར་འདོན་པ་དང་འདོན་རྟ་རྣམས་དེ་ལྟར་ཡིན་གསུངས།

གྱ་དྲུག་ལོར་རོང་བོ་རྒྱུད་པ་ཨ་ཁུ་དགེ་འདུན་ཤེས་རབ་ཚང་ཕེབས་ནས་ས་བརྟག་བསླང་སྦྱངས་སྒོས་འདུ་ཁང་གསར་བཞེངས་ཀྱི་རྨང་བཏིངས་ཤིང་བགྲང་བྱ་གསུམ་གྱི་རིང་དགོན་གྲོང་ཐུན་མོང་ནས་འབད་བརྩོན་ལྷོད་མེད་བགྱིས་པས་འདུ་ཁང་ཆེན་མོའི་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་ཡོངས་སུ་གྲུབ། དགུ་བཅུ་ལོར་རོང་བོ་རྒྱུད་པའི་ཨ་ཁུ་བཀྲ་ཤིས་ཕེབས་ནས་གར་འཆམ་དང་གཏོར་བཟློག་བཙུགས། རྗེ་རྫོང་ཆུང་རིན་པོ་ཆེ་ཞིང་ལ་ཕེབས་པའི་རྗེས་ནས་ཨ་ལགས་ཁ་སོ་ཚང་གིས་ལུགས་གཉིས་ཀྱིས་བསྐྱངས། 

གོ་བཞི་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་རྗེ་ཉིད་ཀྱི་ཡང་སྤྲུལ་མཆོག་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། གོ་དྲུག་ལོར་གོང་ས་༧ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་རང་དགོན་དུ་ཕེབས་ནས་ཨ་ལགས་ཁ་སོ་ཚང་གིས་རྗེ་རྫོང་ཆུང་མཆོག་གི་སྤྲུལ་སྐུ་ད་དུང་ལོ་ན་ཆུང་བས་ཁྱེད་ཉིད་ཀྱིས་དགོན་པ་འདི་གཙོ་བྱས་པའི་ལྷ་སྡེ་རྣམས་ལུགས་གཉིས་ཀྱི་སྐྱོང་དགོས་ཚུལ་ཞུས་པས་ཁོང་ཉིད་ཀྱིས་ཞལ་བཞེས་གནང་། 

གོ་དགུ་ལོར་རྗེ་བླ་མ་བཀའ་འགྱུར་བ་བསྟན་པའི་རྒྱལ་མཚན་མཆོག་གིས་ཞལ་བཀོད་བཞིན་སྔོན་གྱི་རྗེ་ལྷ་ཁང་ཤུལ་དུ་བྱམས་ཆེན་བཞེངས་འགོ་བརྩམས། ལོ་དེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བླ་མ་བཀའ་འགྱུར་བ་ཚང་ཕེབས་ནས་བྱམས་ཆེན་ལ་གཟིགས་ཞིབ་གནང་ཞིང་ལམ་གཙོ་རྣམ་གསུམ་གྱི་ལྗགས་ཁྲིད་བསྩལ།

 ཉིས་སྟོང་ལོར་བིས་ཐང་སྐལ་བཟང་ཚེ་རིང་སྦྱིན་བདག་བྱས་ནས་རྗེ་བཙུན་བྱམས་པ་དང་འཇམ་པའི་དབྱངས། རྗེ་བཙུན་སྒྲོལ་མ་བཅས་ལ་གསེར་ཚོན་ཕུལ། ལོ་དེའི་དབྱར་ཁར་བླ་མ་བཀའ་འགྱུར་བ་ཁོང་ཉིད་ཕེབས་ནས་བྱམས་ཁང་ཆེན་མོའི་ཕྱི་བཀོད་པར་ཚོན་རྩི་བྱུགས་པའི་ཐུགས་བཀོད་དང་དད་ལྡན་སེར་སྐྱ་ཡོངས་ལ་ཆོས་སྦྱིན་རྒྱ་ཆེར་བསྩལ། ལོ་དེའི་སྟོན་ཁར་ཁོང་ཉིད་སྦྱིན་བདག་བྱས་ནས་བྱམས་ཁང་ལ་ཤིང་ཚོན་ལེགས་པར་བྱུགས་ཏེ་ཡོངས་འགྲུབ་བྱས།ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་སྒོམ་གྲྭའི་བྱ་བཏང་ཡོངས་དང་རང་དགོན་གཉིས་ཀྱིས་བཀྲ་ཤིས་གསོ་སྦྱོང་དང་རབ་གནས་རྒྱས་པ་བྱས་སོ།

ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་རོང་བོ་དགོན་ཆེན་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཆོས་གྲགས་ཚང་ལ་ཡང་ཡང་གསོལ་བཏབ་པས་ལོ་རེར་ནམ་ཁོམ་དང་བསྟུན་ནས་རང་དགོན་ལ་ཕེབས་ནས་སྐྱབས་འགྲོ་ནས་བཟུང་སྟེ་བླ་མཆོད་དང་སྤྱོད་འཇུག་སོགས་གདུལ་བྱ་རྣམས་ལ་གང་འཚམ་རེ་ཁྲིད་གནང་བཞིན་པ་ལགས།རོང་བོ་དགོན་པའི་རང་དགོན་གྲྭ་རིགས་འཇིགས་མེད་དགེ་འདུན་ནས་ཀྱང་ལོ་རེར་དབྱར་གནས་དང་བསྟུན་ནས་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་བློ་སྦྱོང་ཕྱོགས་ནས་དཔེ་ཁྲིད་གནང་བཞིན་པའི་སྐབས་ལགས།འདུ་ཁང་གཅིག་དང་བྱམས་ཁང་།མགོན་ཁང་།མཆོད་རྟེན་མཐོང་གྲོལ་ཆེན་མོ།གྲྭ་གྲངས་ཉི་ཤུ་རྩ་ལྔ་ལྷག་བཅས་སོ།།

ཞེས་པ་འདི་ནི་གཡང་འཁྱིལ་འཇིགས་མེད་ལེགས་ཚོགས་ཀྱིས་༢༠༡༩ལོའི་ཟླ་༩པའི་ཚེས་༢༢ཉིན་འཕྲི་སྣོན་ཅུང་ཟད་བགྱིས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།