དབུས་གཞུང་ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-10 21:21:59         ཀློག་ཐེངས།  

                                 IMG_3588.JPG

                དབུས་གཞུང་ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་། ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་ནི་གསེར་ཆེན་རྫོང་ནས་ལྷོ་ནུབ་མཚམས་སུ་སྤྱི་ལེ་བརྒྱ་དང་སུམ་ཅུའི་མཚམས་རི་བོ་བཀྲ་ཤིས་འོད་དཀར་གྱི་ཉེ་འདབས་བྲག་དམར་བཀྲ་ཤིས་ཐང་རིང་ཞེས་པའི་སའི་ཆར་ཆགས་ཡོད་ཅིང། གྲུབ་མཐའ་གསེར་མདོག་ཅོན་པན་འཆང་བའི་རིང་ལུགས་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཡིན།

དགོན་འདི་ཐོག་མར་ཕྱག་འདེབས་པ་བོ་རྭ་རྒྱའི་དགེ་རྒན་རྗེ་བྱམས་པ་བཟང་བོ་ཡིན་ལ་ཁོང་༼ཆུང་དུས་སུ་རྭ་རྒྱ་དགོན་པའི་ཆོས་སྒོར་ཞུགས།  དགུང་ལོ་བཅུ་དྲུག་ནས་དབུས་ཀྱི་སེ་ར་ཐེག་ཆེན་གླིང་དང་གསང་སྔགས་སྨད་རྒྱུད་གྲྭ་ཚང་དུ་མདོ་སྔགས་གཉིས་ལ་གཤིས་ཕྱིན་པར་སྦྱང་།བླ་མའི་ལུང་བསྟན་བཞིན་མདོ་སྨད་རྭ་རྒྱ་དགོན་དུ་ཆིབས་ཁ་བསྒྱུར།རྙེ་བློ་བཟང་ཆོས་ཀྱི་ཉི་མས་ཤིང་བཟའ་རིན་པོ་ཆེ་ལ་ངེས་པ་དོན་གྱི་དགེ་བཤེས་ཤིག་དགེ་རྒན་དུ་དགོས་ཚུལ་ཞུས་ངོར་རྗེ་འདི་བ་ཀླུ་ཚང་དགོན་པའི་དགེ་རྒན་དུ་མངགས།
ཀླུ་ཚང་དགོན་དང་མང་རའི་ཐར་ཤུལ་དགོན་ཨ་ཚོགས་དགོན་ལྷག་པར་ཀླུ་ཚང་དགོན་དེར་གཞུང་དང་ལམ་རིམ་གྱི་ཁྲིད་མང་བོ་བཏབ། ༽ གིས་སྤྱི་ལོ་1923སྟེ་རབ་ཚེས་ཆུ་ཕག་ལོར་ས་ཆ་འདི་སྔོན་ཁོང་གི་གྲྭ་སའི་དགེ་རྒན་སེ་རའི་དགེ་བཤེས་རྒྱལ་མཚན་ཐོགས་མེད་བཟང་བོའི་ལུང་བསྟན་དང་མཐུན་པར་གཟིགས་ཏེ་ཐར་ཤུལ་ཆོས་སྐྱོང་རྒྱ་མཆོ་མཆོག་གི་འབལ་མདོར་གུར་སྒར་བཏབ་པ་ཕྱོགས་གཉིས་སུ་གྱེས་པ་འདི་ཕྱོགས་སུ་ཆད་པ་དེ་ལ་གཞི་བྱས་ཏེ་ཕྱག་བཏབ་གནང་ཞིང་མ་དགོན་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་རྒྱུད་གྲྭའི་ཕྱག་བཞེས་ངོས་གཙང་བ་ཇི་ལྟ་བ་བཞིན་ཆོ་ག་རེ་རེའི་འདོན་རྟ་དབྱངས་ཐིག་རྡུལ་ཚོན་གར་ཕྱག་རྒྱ་འབུལ་དཀྲོལ་སོགས་གྲྭ་མ་ཉམས་ཤིང་ཟུར་མ་ཆག་པར་དགོན་པ་རང་གི་ཕྱག་ལེན་ལ་ཐེབས་པ་ནས་ད་ལྟ་བའི་བར་དུ་དམ་པ་ཁོང་གི་འཕྲིན་ལས་ཀྱིས་ཁྱབ་ཅིང་གནས་ལ་ཁོང་གིས་ཞལ་ཆེམས་ལ་དགོན་འདིའི་རྩ་བའི་བདག་པོ་འགྲོ་མགོན་ཐར་ཤུལ་རིན་པོ་མཆོག་གི་མཛད་དགོས་ཞེས་བཀའ་ཕབས་བ་བཞིན་སྐུ་ཕྱོགས་ཐར་ཤུལ་ཚང་སྐུ་འཕྲེང་སྔ་ཕྱི་མང་བོས་འཛིན་སྐྱོང་ཁུར་བཞེས་གནང་ལ་ཆོས་ཐོག་ལ་རྒྱལ་ལོའི་སྨོན་ལམ་ཉིན་ལྔ།གསུམ་པའི་སྒྲུབ་མཆོད་དངོས་གཞི་ལ་ཉིན་བདུན། མཆོད་པ་ཉིན་གསུམ།བཞི་བའི་བཅུ་བཞི་དང་བཅུ་ལྔ་གཉིས་ལ་སྨྱུང་གནས།དྲུག་པའི་བཅོ་ལྔ་ནས་དབྱར་གནས་བདུན་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་མཆོད་པ་དང་སྒྲུབ་ཆེན་ཆོས་ཐོག་གཉིས། བཅུ་བའི་ཉེར་ལྔ་ནས་ཉེར་དགུའི་བར་དགའ་ལྡན་ལྔ་མཆོད་ཆེན་མོ། བཅུ་གཅིག་པའི་ཚེས་གཅིག་ནས་གསུམ་བར་བཅའ་ཡིག བོད་ལོའི་ཉེར་གཉིས་ནས་ཉེར་དགུའི་བར་ཆོས་རྒྱལ་ལྕགས་མཁར་ཆེན་མོའི་ཆོས་ཐོག་སོགས་ཚུགས་ཡོད།
སྐུ་འཕྲེང་གཉིས་པ་ཀླུ་ཚང་དགོན་དུ་སློབ་གཉེར་ལ་བྱོན་ནས་ཕྱིར་རང་དགོན་དུ་སྒོ་མང་ཡིག་ཆའི་སྟེང་འཆད་ཉན་བཙུགས། སྐུ་འཕྲེང་གསུམ་པ་མཆོག་ཀྱང་ཀླུ་ཚང་དགོན་ཆེན་དུ་སློབ་གཉེར་ལ་བྱོན་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་རྒྱབ་བརྟེན་ཚད་མ་ལ་སོགས་པ་ལ་ཐུགས་གཞོལ་ཏེ་བཞུགས་པ་འདི་བཞིན་སྐུ་འཕྲེང་རིམ་བྱོན་གྱིས་ཐོས་བསམ་ཚེ་ལ་དྲིལ་ཏེ་དགོན་པ་རང་གི་བཅའ་ཡིག་ཇི་ལྟ་བཞིན་ཆོས་སྡེ་འདི་ཉིད་ལེགས་པར་བསྐྱངས་དང་སྐྱོང་བཞིན་པ་ལ་དགོན་པའི་ལྷ་སྡེ་གཙོ་བོ་ཐར་ཤུལ་སྡེ་དང་སྟོང་འཁོར་སྡེ་མཆོད་བརྟེན་སྡེ་བདུད་ཤུལ་སྡེ་སྒོ་མེ་ཆོས་རྗེ་མ་དང་སྒོ་མེ་ཉིན་ཆུ་མ་དཔལ་ཁ་ཕྱི་ནང་གི་སྒོ་མེ་དང་ཤ་སྦྲེང་ཆུ་ཆ་ཧྲོང་བོ་ལྔ་རྒྱ་མ་སོགས་ཀྱིས་རྒྱབ་སྐྱོར་མཐུན་སྦྱོར་ལ་བརྟེན་འདུ་ཁང་ཀྭ་བརྒྱ་མ་ཅན་དང་། མཆོད་ཁང་ཉིས་ཐོག་ཅན་ཀྱན་ཉི་ཤུ་ཅན་གཅིག མགོན་ཁང་ཉིས་ཐོག་ཅན་ཀྱན་ཉི་ཤུ དགེ་རྒན་ནང་ཆེན།སྐུ་ཕྱོགས་ཐར་ཤུལ་ནང་ཆེན།ཨ་ལགས་སོ་མའི་ནང་ཆེན། ཨ་ལགས་ཁྲི་རྒན་ནང་ཆེན། ཐར་ཤུལ་ཞབས་དྲུང་ནང་ཆེན་བཅས་བླ་བྲང་ལྔ་དང་གྲྭ་ཤག་བཞི་བཅུ་ལྷག་བཅས།དགོན་པའི་མཐའ་སྐོར་གྱི་མཆོད་རྟེན་བརྒྱད་པ་མ་ཎི་འཁོར་ལོ་བརྒྱ་ལྷག་བཅས་ལོ་སྔ་ཕྱི་མང་བོ་ལ་ལེགས་འགྲུབ་བྱུང་ཡོད།
ད་ལྟ་བླ་གྲྭ་དྲུག་ཅུ་ལྷག་རྒྱུན་བཞུགས་གནང་ཡོད་ལ་ཀླུ་ཚང་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཤེས་རབ་བསྟན་དར་མཆོག་ཞུས་ཏེ་ལམ་ཁྲིད་བློ་སྦྱོང་རིག་གནས་སོགས་ཀྱི་འཆད་ཉན་གྱི་རྒྱུན་སྤེལ་དང་སྤེལ་བ་ནས་དགོན་པ་རང་གི་གྲྭ་རྒན་གཞོན་བར་མ་མཐའ་དག་གིས་རང་ནུས་ཅི་ལྕོགས་ཀྱིས་གཏོར་མ་བཅའ་བཟོ་དཀྱིལ་འཁོར་བྲི་སྒྲུབ་ཆོས་ཐོག་དུས་མཆོད་སོགས་དང་བརྡ་སྤྲོད་རིག་གནས་བློ་སྦྱོང་ལམ་སྔགས་སོགས་ལ་ཐོས་བསམ་སྒོམ་པ་སོགས་ཀྱིས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཐུགས་དགྱེས་པའི་མཆོད་པའི་སྤྲིན་ཕུང་འབུལ་བ་འདི་བཞིན་ལགས་སོ།།

  གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།