འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-05 17:20:21     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

                                DSC02255.jpg

  འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ནི་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་གྱི་ནུབ་བྱང་དུ་སྤྱི་ལེ་བཅོ་ལྔ་ཡི་མཚམས་ན་ཡོད་ཅིང་། ད་ལྟའི་ཨེར་སྟི་ཡུལ་ཚོའི་ཁོངས་སུ་གཏོགས། སྡེ་འདི་ཐོག་མར་ཐར་ཤུལ་རིན་པོ་ཆེ་རྗེ་ཆོས་སྐྱོང་རྒྱ་མཚོ་དབུས་གཙང་ཡུལ་ནས་ཕྱིར་ཕེབས་རྗེས་གདུལ་བྱ་འགྲོ་བ་མང་པོར་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་བསྩལ་ཞིང་། དགེ་སློང་རྣམས་ཀྱིས་ཁོང་གི་ཞབས་པད་བསྟེན་བཞིན་ཟ་ཆོག་བསྐྱུར། ཚེ་བློས་བཏང་། སྒྲུབ་པ་ཉམས་སུ་བླངས་ཏེ་དམིགས་བརྩེ་མ་དང་འཇིགས་བྱེད་སོགས་ཀྱི་བསྙེན་སྒྲུབ་ལ་གཞོལ་བཞིན་ཕལ་ཆེར་ལྕག་ཕག་སྟེ་སྤྱི་ལོ1671ལོའི་ཡས་མས་སུ་གུར་སྒར་ཞིག་ནས་གཞི་བཟུང་སྟེ་གསའ་ལུང་ནགས་འདབས་སོགས་གནས་གཞི་ངེས་མེད་དུ་རྒྱུན་བཞུགས་གནང་། ཕྱིས་དུས་འགྱུར་དབང་གིས་འཁྱམས་རུའི་ཟབ་མོ་ནགས་ནས་རིམ་གྱིས་མང་རའི་ཕྱོགས་སུ་གུར་སྒར་དང་བཅས་གནས་སྤར། ཆུ་བྱ་སྟེ་སྤྱི་ལོ1813ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་རང་ཡུལ་དུ་ཕེབས་པའི་ལམ་བར་དུ་གུར་སྒར་འདིར་བྱོན་ཏེ། རྟེན་གསུམ་དང་ཕྱག་ནས་གནང་ཞིང་དགོན་གནས་བརྟན་ཆགས་ཤིག་ཡོད་ན་ལེགས་ཞེས་གསུངས་པ་ལྟར། འཁྱམས་རའི་བདེ་ཆེན་ཨ་ལགས་ཚུལ་ཁྲིམས་སྙན་གྲགས་རྒྱ་མཚོས་གཙོ་བྱས་པའི་རྭ་རྒྱའི་དཀའ་རམས་པ་དང་། ཨ་ལགས་སྤྲེལ་ནག་ཚང་བཅས་གྲྭ་བཙུན་སུམ་ཅུ་ཙམ་འཚོགས་ཏེ་གུར་སྒར་ཁང་དགོན་དུ་བསྒྱུར་ནས་ད་ལྟའི་གནས་འདིར་སྤོས། ཀུན་མཁྱེན་མཆོག་ནས་དགོན་པའི་མཚན་ལ་བཀྲ་ཤིས་དགེ་འཕེལ་གླིང་ཞེས་འདོགས་གནང་མཛད། འཁྱམས་རུ་ཚོ་བ་བཅུ་གཉིས་མཆོད་གཞིས་བྱས། གྲུབ་མཐའ་ནི་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཡིན། སྔོན་མར་ཆོས་སྡེ་འདི་ལ་གྲྭ་ཤག་བརྒྱ་དང་བདུན་ཡོད་པ་དང་། བླ་བྲང་བཅུ་གཉིས། མ་ཎི་ཁང་གཅིག་དང་འདུ་ཁང་ཆེ་ཆུང་གཉིས་བཞེངས་ཡོད་ལ། ཚོགས་ཞུགས་བླ་མ་བཅུ་དང་གྲྭ་གྲངས་སུམ་བརྒྱ་ཉི་ཤུ་མཆིས་ཤིང་།དགོན་སྡེ་འདིའི་བླ་བྲང་བཅུ་གཉིས་ཀྱི་འདུ་ཁང་ཆེ་ཆུང་གཉིས་ཀར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་མང་དུ་མཛད་ཡོད་པ་རེད།
  འཁྱམས་རུ་དགོན་འདིའི་ཆོས་ཐོག་གི་རིམ་པ་གཙོ་བོ་ནི། རྒྱ་ལོའི་ཚེས་བརྒྱད་ནས་ཚེས་བཅོ་ལྔའི་བར་ཆོ་འཕྲུལ་སྨོན་ལམ། གཉིས་པའི་ཚེས་བཅུ་བདུན་ནས་ཉེར་ལྔ་བར་བསྐང་གསོལ་འདོན། གསུམ་པའི་ཚེས་བཅུ་ནས་བཅོ་ལྔ་བར་སྒྲུབ་མཆོད། དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་ཁས་ལེན་བཅས་ཟླ་རེར་ཆོས་ཐོག་སྨོན་ལམ་རེ་འཚོགས་པ་རྒྱུན་སྐྱོང་བཞིན་བསྟན་པའི་འཕྲིན་ལས་མཐའ་དག་ཡར་ལྡན་དུ་མཆིས་སོ།།
           གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                  རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།