འདམ་བུ་བྲག་དཀར།

ཡོང་ཁུངས།   རྩོམ་པ་བོ། མི་གསལ།     སྤེལ་དུས།  2016-03-05 17:10:16     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

                               ཆབ་ཆ་གྲོང་རྡལ་གྱི་བྱང་ཕྱོགས་སྤྱི་ལེ་བདུན་གྱི་སར་དང་། ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ཉེ་འདབས། ཆབ་འགག་སོར་རྒྱག་སྡེ་བའི་རྒྱབ་རིའི་ངོས་སུ་ཆགས་ཡོད། སྤྱི་ལོ1578ལོར་སོག་རྒྱལ་ཨམ་ཐན་རྒྱལ་པོས་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་ཡུལ་འདིར་གདན་འདྲེན་ཞུས་ཏེ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཕྱག་བཏབ་རྗེས། རྒྱལ་དབང་མཆོག་གིས་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི་གནས་རི་ཁྱད་པར་ཅན་དུ་ལུང་བསྟན། ཕྱིས་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་ཕེབས་སྐབས་དེར་གཟིམ་ཕུག་བཏབ་སྟེ་སྒྲུབ་པ་ཉམས་བཞེས་ཡུན་རིང་མཛད། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་རྒྱལ་དབང་བསྐལ་བཟང་རྒྱ་མཚོ། ཆེས་རྗེ་དོན་རིན་པོ་ཆེ། རྗེ་གསེར་ཁང་བ་སྐུ་མཆེད་སོགས་ཀྱིས་ཀྱང་བྱིན་གྱིས་རླབས། དེའི་རྗེས་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་དམ་པ་རྗེ་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་མཆོག་དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ལ་སྒྲུབ་པ་ཡུན་རིང་མཛད་དེ་བཞུགས་པའི་གནས་ཁྱད་པར་ཅན་ལགས་ན།

                སྤྱི་ལོ1958ལོའི་ཡར་སྔོན་དུ་གནས་དེར་རྩ་བའི་སྒྲུབ་ཕུག་དང་སྒྲུབ་ཁང་ཆུང་ཆུང་བཅུ་གྲངས་ཙམ་ཡོད་པ་རྣམས་དུས་འགྱུར་གྱི་དབང་གིས་འབྱུང་བཞིའི་ཞལ་ལ་ཐིམ། བསྟན་པ་ཡང་དར་གྱི་སྐབས་སུ་རྩ་བའི་སྒྲུབ་ཕུག་ལ་ཉམས་གསོ་ཙམ་ལས་མ་བྱུང་ཡང་། སྤྱི་ལོ2000ལོར་དགོན་གསར་གྱི་གྲྭ་རིགས་དགེ་སློབ་བསམ་གཏན་རྒྱ་མཚོ་ནས་ཡབ་རྗེ་མཁན་ཆེན་རྡོ་རྗེ་འཆང་གི་ཞལ་བཀོད་ལྟར་རྩ་བའི་སྒྲུབ་ཕུག་སྙིང་བོ་བྱས་ཏེ་གཙུག་ལག་ཁང་ཉིས་ཐོག་གཡུ་གྱོམ་གྱིས་བརྒྱན་པ་གྱན་གསུམ། སྒྲུབ་ཕུག་ཆུང་བ་ཁ་ཤས་བཅས་གསར་བཞེངས་མཛད། སྤྱི་ལོ་ཉིས་སྟོང་གཅིག་ལོར་གཙུག་ལག་ཁང་ལ་གསེར་ཚོན་དང་ནང་རྟེན་ལ་རྒྱལ་དབང་མཆོག་གི་ཕྱག་ཚ་དང་མ་ཎི་རིལ་བུ། བདུད་རྩི་འཆི་སྨན་སྙིང་བོ་བྱས་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། གཡས་གཡོན་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་མཆོག་གི་ཕྱག་ཚ་སྙིང་བོ་བྱས་པའི་རྗེ་བཙུན་འཇམ་དབྱངས་དང་ཕྱག་ན་རྡོ་རྗེ། རྗེ་བླ་མ་བློ་བཟང་གྲགས་པའི་ཕྱག་ཚ་ཨ་མཐའ་མ་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་ཚ་སྙིང་བོ་བྱས་པའི་རྗེ་ཡབ་སྲས་གསུམ། པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་ཚ་བཞུགས་པའི་ཚེ་ལྷ་རྣམ་གསུམ་དང་། སྒྲོལ་ལྗང་། གདུགས་དཀར། རྒྱལ་དབང་བསོད་ནམས་རྒྱ་མཚོ། རྗེ་ཨ་རིག་དགེ་བཤེས་ཆེན་མོ། ཡབ་རྗེ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་སྐུ་ཕྲེང་གསུམ་པ། དཔལ་ལྡན་ལྷ་མོ། ཆོས་རྒྱལ་སོགས་སྐུའི་རྟེན་དང་། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། ཐུགས་རྟེན་ལ་བལ་ཡུལ་འཕགས་ཤིང་རང་བྱུང་མཆོད་རྟེན་ཆེན་མོའི་ན་བཟའ་སྙིང་བོ་བྱས་པའི་བྱང་ཆུབ་མཆོད་རྟེན། གཞན་ཡང་རྒྱལ་དབང་མཆོག་གིས་རབ་གནས་མཛད་པའི་དཔལ་ལྡན་ལྷ་མོའི་ཞལ་ཐང་བྱིན་ཅན་བཅས་འགྲོ་བ་ཀུན་གྱི་བསོད་ནམས་བསོག་པའི་ཞིང་སར་བཞུགས་ལགས་སོ།།
               གཞན་ཡང་སྒྲུབ་གནས་དེར་དབྱར་དགུན་དྲོ་གྲང་སྙོམས་པ་དང་། ས་དཔྱད་བཟང་ལ་གཡས་གཡོན་གྱི་བྲག་རི་རྣམས་ཀྱང་རྣལ་འབྱོར་སྒྲུབ་ལ་སྐུལ་བའི་ཉམས་དུ་མས་བརྗིད་པ་རྒྱལ་བས་བསྔགས་པའི་དབེན་པའི་གནས་ཀྱི་ཡོན་ཏན་མང་པོ་རང་བྱུང་དུ་ཡོད་ལ། གནས་དེར་ཆུ་མིག་རྩ་ཆེན་ཞིག་ཡོད་པ་ནི་རྒྱལ་དབང་ལྔ་བ་ཆེན་མོ་དེར་བཞུགས་སྐབས་མཚོ་སྔོན་ཁྲི་ཤོར་རྒྱལ་མོས་ཁོང་ལ་ཕུལ་བའི་གསོལ་ཆུར་གྲགས་ལ། དེ་ཡང་སྒྲུབ་པ་ཉམས་བཞེས་མཛད་མཁན་ཅི་ཙམ་བཞུགས་ཀྱང་འདང་ངེས་ཀྱི་ཆུ་ཡོད་ལ། སྒྲུབ་ཕུག་སྟོང་བར་ལུས་སྐབས་ཆུ་མིག་ཀྱང་སྐམ་འགྲོ་བ་ཀུན་གྱིས་མཐོང་སྣང་དུ་གྲུབ་བོ།།

           གསལ་འདེབས།
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།