ནགས་གཞིས་དགོན་པའམ་དབེན་གནས་བཀྲ་ཤིས་ཆོས་རྫོང་གི་ལོ་རྒྱུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-10-15 21:11:36     རྩོམ་པ་པོ།   དགེ་འདུན་དོན་གྲུབ།    ཀློག་ཐེངས།  

微信图片_20201015211621.jpg

༄༅།།   མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་གནས་མཆོག་བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཡོན་ཏན་དར་རྒྱས་གླིང་གི་མ་དགོན་རེབ་གོང་རི་ཁྲོད་པའི་ལྟེ་གནས་༼ ནགས་གཞིས་དགོན་པ་འམ་དབེན་གནས་བཀྲ་ཤིས་ཆོས་རྫོང་གི་ལོ་རྒྱུས ༽ངོ་སྤྲོད་རགས་བསྡུས་བཞུགས་སོ།།

༧ ནགས་གཞིས་དགོན་པའམ་དབེན་གནས་བཀྲ་ཤིས་ཆོས་རྫོང་ནི་རེབ་གོང་གྲོང་ཁྱེར་ཆུ་ཁོག་ཡུལ་ཚོ་གྱང་སྐྱ་སྡེ་བའི་ཤར་ཕྱོགས་སུ་སྤྱི་ལེ་བདུན་ཙམ་གྱི་མཚམས་སུ་ཆགས་ཡོད། རི་ཁྲོད་པའི་དགོན་སྡེ་འདི་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་གཉིས་པའི་སྤྲུལ་བའི་སྐུ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འཁྲུངས་པ། སྐྱབས་མཆོག་༧ཨ་རོལ་རྡོ་རྗེ་འཆང་མཁན་ཆེན་གྲགས་པ་རྒྱ་མཚོ་འམ་དོན་གླིང་མཁན་པོའི་ཡང་སྤྲུལ་༧རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོས་རབ་བྱུང་བཅུ་བཞི་བ་ཤིང་ཡོས་སྟེ་སྤྱི་ལོ་༡༨༥༥ལོར་ཕྱག་འདེབས་མཛད་དེ་རེབ་གོང་རི་ཁྲོད་པའི་ལྟེ་གནས་སུ་ཆགས་པའི་དགོན་སྡེ་ཞིག་གོ།སྐྱབས་རྗེ་ཨ་རོལ་སྐུ་ཕྲེང་གཉིས་པ་དབེན་གནས་འདིར་ཡུན་རིང་བཞུགས་སྐབས་ཁོང་གི་དངོས་སློབ་ཁྲི་རྒན་རྗེ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དང་།རྗེ་གྲུབ་དབང་འཇིགས་མེད་བསམ་གཏན། ཞྭ་དམར་བ་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོ། བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོ་བཅས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་མང་པོ་གནས་འདིར་ཕེབས་ཏེ། ཨ་རོལ་རིན་པོ་ཆེ་ལས་མདོ་རྒྱུད་ཀྱི་དབང་བཀའ་ཆོས་མང་པོ་གསན།སྐུ་ཉིད་དབེན་གནས་འདིར་བཅད་རྒྱ་དམ་པོའི་ངང་ཐེངས་མང་བཞུགས་པ་རྗེ་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། མཁན་ཆེན་བློ་བཟང་དཔལ་ལྡན་རྒྱ་མཚོ་རྣམ་གཉིས་ཀྱིས་མཛད་པའི་ཁོང་གི་རྣམ་ཐར་དུ་གསལ།ཁོང་གིས་དུས་ཕྱིས་བསྟན་འགྲོའི་དོན་རླབས་ཆེན་འབྱུང་བར་དགོངས་ཏེ་མ་འོངས་པར་སྤྲེལ་རྫོང་དགོན་པ་ཕྱག་འདེབས་གནང་རྒྱུའི་ཐུགས་སྨོན་གྱི་ལོགས་རིས་ཀྱང་ནགས་གཞིས་གཟིམ་ཁང་འཁྱམས་ངོས་སུ་ཐུགས་བཀོད་གནང་སྟེ་བྲིས་ཡོད་པ་སོགས་ཉིད་ཀྱི་རྣམ་ཐར་ན་གསལ།རབ་བྱུང་བཅོ་ལྔ་བའི་ཤིང་རྟ་སྟེ་སྤྱི་ལོ་༡༨༩༤ལོར་དབེན་གནས་འདིའི་རི་ཁྲོད་པ་གཙོས་ལྷ་སྡེ་ཁག་གིས་གསོལ་བ་བཏབ་པ་ལྟར་ཨ་རོལ་སྐུ་ཕྲེང་གཉིས་པའི་ཡང་སྤྲུལ་༧རྗེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་སྐུ་གོང་མའི་བཞུགས་གནས་འདིར་ཐོག་མར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།མེ་ཡོས་ཏེ་སྤྱི་ལོ་༡༩༢༧ལོར་ཡང་བསྐྱར་གནས་འདིར་ཕེབས་ཏེ་སྤོང་ཁང་སོ་སོར་ཕྱག་ནས་གཏོར་ཤིང་བྱིན་རླབས་གནང་། སྐལ་ལྡན་ལས་འཕྲོ་ཅན་དག་ལ་དམ་པའི་ཆོས་ཀྱི་རེ་བ་གང་འདོད་དུ་བསྩལ། ས་སྦྲུལ་ཏེ་སྤྱི་ལོ་༡༩༢༩ལོའི་རྒྱལ་ཟླའི་ཡར་ཚེས་ལ། དབེན་གནས་འདིར་ཞབས་སོར་འཁོད་དེ་བསམ་གཏན་དང་རྗེས་སུ་མཐུན་པའི་སྤྱིལ་བུ་ཉམས་དགའ་བར་འདུ་འཛིའི་གཡེང་བ་རྒྱང་དུ་བསྲིང་ནས་བཅད་རྒྱ་དམ་པོར་བཞུགས་པ་སོགས་ཁོང་གི་ཐུགས་སྲས་བསེ་ཚང་༧བློ་བཟང་དཔལ་ལྡན་གྱིས་མཛད་པའི་ཁོང་གི་རྣམ་ཐར་མདོ་ཙམ་བརྗོད་པ་དད་གསུམ་པད་མོ་རྒྱས་པའི་ཉིན་བྱེད་གཙོས་རྣམ་ཐར་སོགས་ན་གསལ།སྤྱི་ལོ་༡༩༦༦ལོར་དགོན་པ་འདི་རིག་གསར་རླུང་འཚུབ་ཀྱིས་ཤུལ་མེད་དུ་གཏོར། སྤྱི་ལོ་༡༩༨༡ལོར་ཡང་དར་བསྟན་པའི་དབུ་བརྙེས་སྐབས་བཀའ་དྲིན་གཞལ་དུ་མེད་པ་རྗེ་བྱ་བཏང་བ་ཆེན་པོ་༧འོད་ཟེར་གྲགས་པ་མཆོག་དགོན་གནས་འདིར་ཕེབས་ཤིང་།ལྷ་སྡེ་དག་གི་རོགས་རམ་ལ་བརྟེན་ནས་ཨ་རོལ་རིན་པོ་ཆེ་གཟིམ་ཁང་དང་སྤོང་ཁང་བཅས་གསར་དུ་བསྐྲུན།བརྒྱུད་འཛིན་རི་ཁྲོད་པ་ཁ་ཤས་བསྡུས་ཏེ་ལམ་རིམ་དང་བློ་སྦྱོང་།ཆོས་སྤྱོད་སོགས་ཀྱིས་ཐོག་དྲངས་ནས་དཔེ་ཁྲིད་དང་ལྗགས་ལུང་སོགས་ཀྱི་ཆོས་ཀྱི་སྒོ་མོ་རྒྱ་ཆེར་ཕྱེས།

སྤྱི་ལོ་༡༩༨༧ལོར་བཀའ་དྲིན་གཞལ་མཐའ་བྲལ་བ་ངེས་དོན་གྱི་མཁས་པའི་དབང་བོ་བྱ་བཏང་བཀའ་འགྱུར་བ་༧རྗེ་བཙུན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་དགེ་རྒན་དུ་གདན་འདྲེན་ཞུ་སྐབས་བླ་བྲང་སྐྱབས་མགོན་མཆོག་ནས་རི་ཁྲོད་ཞིག་གི་དགེ་རྒན་ལ་ཕེབས་རྒྱུའི་ཐད་དགོངས་འཁྲོལ་གནང་སྟེ་རི་ཁྲོད་དགོན་སྡེའི་ཕྱོགས་ལ་ཆིམས་བསྒྱུར་གྱི་ཐོག་མ་གནང་།དབེན་གནས་འདིར་ཕེབས་ཏེ་ཐོགས་མའི་བློ་སྦྱོང་།བྱང་ཆུབ་ལམ་རིམ་ཆེན་མོ་དང་བདེ་ལམ་མྱུར་ལམ་རྣམས་གཙོས་བློ་སྦྱོང་སོགས་ཀྱི་ཞལ་ལུང་དང་ཁྲིད། འཕགས་པ་བརྒྱད་སྟོང་བ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། ཆོས་སྤྱོད་སྣ་ཚོགས་ཀྱི་ལུང་ཁྲིད།སུམ་དག་རྟགས་གསུམ་གྱི་དཔེ་ཁྲིད་བཅས་དམ་པའི་ཆོས་ཀྱི་བདུད་རྩི་མང་པོ་བསྩལ་ཏེ་ལེགས་པར་བསྐྱངས། སྤྱི་ལོ་༡༩༨༨ལོར་བསྟན་པའི་རྩ་བ་གཞི་གསུམ་གྱི་ཕྱག་ལེན་གསར་འཛུགས་གནང་། སྤྱི་ལོ་༡༩༩༡ལོར་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་འདི་ཕྱི་གཏན་གྱི་སྐྱབས་གནས་གཞུང་བརྒྱ་སྨྲ་བའི་དབང་བོ་༧རྗེ་བཙུན་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་མཆོག་དགོན་པའི་རི་བ་རྒན་དར་གཞོན་གསུམ་ཀུན་གྱི་འདུན་པ་གཅིག་སྦྲེལ་གྱི་སྒོ་ནས་དབེན་གནས་འདིར་ཞུས་ཤིང་གདན་དྲངས་པ་ལྟར་ལོ་འགར་ཕེབས་པའི་རིང་ལམ་རིམ་རྒྱས་འབྲིང་བསྡུས་གསུམ་གྱི་གཙོས་བློ་སྦྱོང་སོགས་ཀྱི་ལུང་དང་ཁྲིད། རྗེ་ཞྭ་དམར་བའི་རྣམ་ཐར། བཀའ་གདམས་ཕ་ཆོས་དང་བུ་ཆོས། ཡོངས་འཛིན་པཎྚི་ཏའི་གསུང་འབུམ་སོགས་ཀྱི་ལྗགས་ལུང་།བརྡ་དག་སྙན་ངག་སོགས་ཀྱི་དཔེ་ཁྲིད་དང་། འཇིགས་བྱེད་དཔའ་གཅིག་དང་བསྙེན་ཁྲིད། སྒྲོལ་མ་ཉེར་གཅིག་གི་ཁྲིད། ཆོས་སྤྱོད་མང་པོའི་བཀླགས་ལུང་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་། རབ་རྒྱན་ས་ཕག་སྟེ་སྤྱི་ལོ་༢༠༡༩ལོར་ཨ་རོལ་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་༧བསྟན་འཛིན་དགེ་ལེགས་དབང་བོ་མཆོག་གིས་ལྷ་སྡེ་བདུད་ཤུལ་ནགས་མཐའ་སྡེ་བ་རུ་དབང་གི་ཐོག་མ་ཚེ་དབང་གནང་རྗེས་གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་གོང་མའི་གདན་ས་འདིར་གནས་མཇལ་དང་འབྲེལ་ཏེ་རེབ་གོང་རི་ཁྲོད་པའི་ལས་སྣ་བ་དག་གཙོར་བཞུགས་ཀྱི་ཚོགས་འགོར་ཕེབས་ཏེ་མཆོད་མེ་དང་། བླ་མ་མཆོད་པ་སོགས་གསུང་སྟེ་གནས་འདིར་བྱིན་རླབས་གནང་ནས་ཀུན་སྤངས་འདུས་སྤྱི་ལ་ཐོག་མའི་དབང་ཡོན་ལས་ཞབས་ཏོག་གང་ལེགས་བསྩལ། མདོར་ན་དགོན་གནས་འདིར་གོང་གསལ་ཁོང་ཡབ་སྲས་གསུམ་གྱིས་ཐུགས་འཁུར་བླ་མེད་གནང་བའི་སྐུ་དྲིན་དང་།རེབ་གོང་སྐུ་ཕྱོགས་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་སྨོན་རྒྱ་ཆེན་གནང་བའི་མཐུ་ལས་ད་ལྟའི་བར་ལོ་ངོ་བརྒྱ་དང་དྲུག་བཅུ་ལྷག་གི་ལོ་རྒྱུས་ལྡན་ཞིང་དབྱར་དགག་གསོ་གསུམ་དང་། དགེ་ལྡན་ལྔ་མཆོད་ཆེན་མོ། དགོན་འདིའི་བྱེད་པོ་ཨ་རོལ་སྐུ་འཕྲེང་རིམ་བྱོན་གྱི་དུས་མཆོད། བླ་མའི་དུས་མཆོད། ལོ་ངོ་སུམ་ཅུ་ལྷག་ལ་བར་མ་ཆད་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་རྒྱས་པའི་གཏོར་སྒྲུབ་སོགས་ཀྱི་ཆོ་ག་སྤེལ་མུས་སུ་མཆིས། འདིར་བཞུགས་བྱ་བཏང་རི་བ་རྣམས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་བཅུ་ཆ་དང་བཅས་པ།ལྷག་ལྷ་གང་མང་གི་བསྙེན་པ། སྔོན་འགྲོ་ཆོས་བཅུ། ཆུ་མིག་བརྒྱ་རྩ་སོགས་གྲུབ་པར་བྱས་ཤིང་ད་ལྟའང་ཆོས་སྤྱོད་ཀྱི་མེ་ཏོག་འཐུ་བཞིན་བཞུགས་སོ།། དགོན་པ་འདིར་ད་ལྟ་མཆོད་ཁང་དང་། མགོན་ཁང་།གཟིམ་ཁང་། བཀའ་ཆོས་ཁང་།འབུམ་ཁང་། ཇ་ཁང་དང་། མཚམས་ཁང་བཅུ་གཉིས་ལྷག་ཡོད་ལ། མཆོད་ཁང་གི་སྐུའི་རྟེན་ལ་ཨ་རོལ་སྐུ་ཕྲེང་གསུམ་གྱི་འདྲ་སྐུ་གཙོས་སྟོན་པ། རྗེ་རིན་པོ་ཆེ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ། སྐྱབས་མགོན་བདུན་པ་ཆེན་མོ་རྣམས་ཀྱི་སྨན་སྐུ་བྱིན་ཅན་དང་། སྒྲོལ་མའི་ལི་སྐུ། ཚེ་དཔག་མེད་ཀྱི་ལི་སྐུ། གསུང་གི་རྟེན་ལ་བཀའ་བསྟན་འགྱུར། རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོའི་གསུང་འབུམ། བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་པོ་ཏི་བརྒྱད་བརྒྱ་ལྷག་བཞུགས། ཐུགས་ཀྱི་རྟེན་ལ་བྱང་ཆུབ་མཆོད་རྟེན། སྐྱབས་རྗེ་ཨ་རོལ་སྐུ་ཕྲེང་གོང་མའི་ཕྱག་དྲིལ་དང་ཕྱག་འཁོར། མགོན་ཁང་དུ་ཡབ་རྗེ་གསེར་ཁང་བ་ནས་རེབ་གོང་རི་ཁྲོད་པ་དང་གཅིག་མཐུན་གྱིས་བསྟེན་པའི་ཆོས་སྐྱོང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་གཙོས་རྣམ་སྲས། ཆོས་རྒྱལ། ལྷ་མོ་རྣམས་ཀྱི་འབག་སྐུ། ཡི་དམ་རྡོ་རྗེ་འཇིགས་བྱེད་དང་།མགོན་པོ་ཕྱག་དྲུག་པའི་བསྙེན་ཐང་བཅས་བཞུགས། མདོར་ན་གནས་འདི་ནི་སྤྱི་ཚོགས་གསར་རྙིང་ཀུན་ཏུ་སྐྱེས་བུ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་བྱོན་ཏེ་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་གནས་ཁྱད་པར་ཅན་ཞིག་ཡིན་ལ་སྒོས་སུ་རེབ་གོང་གནས་ཆུང་བརྒྱད་ཀྱི་ཡ་ཀྱལ་ཡང་ཡིན་པར་གྲགས། ད་ལྟ་འདིར་བཞུགས་པའི་དགེ་འདུན་པ་རྣམས་ནི་རྩེ་ཁོག་ཤ་བུ་ནར། དམེ་ཤུལ། ཨོན་ལོགས། མདོ་བ། སོ་ནག་བཅས་ཀྱི་དགེ་འདུན་པ་རྒན་དར་གཞོན་གསུམ་བཅོ་ལྔ་ལྷག་བཞུགས་པ་ལགས་སོ།།

ཞེས་དབེན་གནས་བཀྲ་ཤིས་ཆོས་རྫོང་གི་ལོ་རྒྱུས་ངོ་སྤྲོད་རགས་བསྡུས་འདི་ནི་ཨ་རོལ་རྗེ་བཙུན་༧བློ་བཟང་ལུང་རིགས་རྒྱ་མཚོས་རི་ཁྲོད་ཀྱི་དགོན་པ་འདི་ཕྱག་བཏབ་མཛད་ནས་ལོ་འཁོར་བརྒྱ་དང་རེ་ལྔ་འཁོར་བའི་རྗེས་དྲན་དུ་ནགས་གཞིས་དགོན་པའི་གྲལ་མཐའ་འཛིན་པ་དགེ་དོན་ནས་བོད་རབ་རྒྱན་ལྕགས་བྱི་ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་བཟང་བོར་བྲིས་པ་དགེ་ལེགས་འཕེལ།

རྣམ་ཐར་གྱི་ཁུངས་བཅོལ་སའི་དཔེ་ཆ་དག་ནི།

རྗེ་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་།མཁན་ཆེན་བློ་བཟང་དཔལ་ལྡན་རྒྱ་མཚོ་རྣམ་གཉིས་ཀྱིས་མཛད་པའི་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་པའི་བསྟན་རྩིས་ཀུན་འདུས།བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མཛད་པའི་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཁོང་གི་རྣམ་ཐར་མདོ་ཙམ་བརྗོད་པ་དད་གསུམ་པད་མོ་རྒྱས་པའི་ཉིན་བྱེད་སོགས་ཡིན།

               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།