དགའ་ལྡན་ཆོས་འཛིན་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-28 10:40:54     རྩོམ་པ་པོ།   སྒྲོལ་མ།    ཀློག་ཐེངས།  

         105259476343758661.jpg

         དགའ་ལྡན་ཆོས་འཛིན་གླིང་ནི་ཐར་ཤུལ་ཡུལ་ཚོའི་ཟླ་ཚང་སྡེ་བར་ཡོད་ཅིང་།གྲུབ་མཐའ་དགེ་ལུགས་པ་ཡིན། རི་ཁྲོད་འདི་ནི་1980   ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྩེ་ཁོག་ཏུ་ཕེབས་སྐབས་ཟླ་ཚང་བན་དེ་དང་ཡར་འཕེལ་སོགས་ཚོ་རྟིང་བདུན་གྱི་ཚོ་དཔོན་རྣམས་ཀྱིས་དམག་འཁྲུག་དང་ལྟོགས་སྐོམ་སོགས་ཀྱིས་ཤི་བའི་ཚེ་འདས་ཕོ་མོ་སུམ་བརྒྱ་བདུན་ཅུ་ལྷག་གི་མིང་ཡིག་བྲིས་ཏེ་བསྔོ་འབྲེས་ཞུས་ཤིང་དེ་དག་གི་དགེ་རྩར་རྒྱལ་བའི་བཀའ་འགྱུར་རོ་ཅོག་བླུས་ནས་རང་སྡེ་བའི་ནང་དུ་ཕྱག་སྐོར་གྱི་ཡུལ་ལ་མཆོད་ཁང་ཞིག་བཞེངས་རྒྱུའི་ཁས་ལེན་བྱས།    
        ལོ་དེའི་དགུན་ཁར་སྐུ་འབུམ་དགེ་བཤེས་རིན་པོ་ཚང་ལ་མཆོད་ཁང་ས་གནས་གང་དུ་བཞེངས་པའི་དགོངས་བསྟན་ཞུས་ཏེ་ཟླ་ཚང་དཔོན་པོའི་མཚམས་ཁང་ཡོད་སའི་གནས་ད་ལྟའི་ཤུལ་འདི་གཏན་འཁེལ་གནང་།    ཁོང་གིས་ཐུགས་འགན་གཙོ་བཞེས་མཛད་དེ་81ལོ་ནས་ལས་མགོབཟུང་སྟེ་82ལོར་གྲུབ།     

        ༨༥ལོར་སྐུ་འབུམ་དགེ་བཤེས་བློ་བཟང་བསྟན་པ་དར་རྒྱས་མཆོག་འདིར་ཕེབས་ཏེ་ཐུགས་རྗེ་ཆེན་པོའི་ཞལ་བཅུ་གཅིག་པའི་དབང་གནང་ནས་རྟེན་བཞེངས་ཀྱི་མགོ་བརྩམས།གསེར་ཏོག་རི་དྭགས་མོ་གཉིས་ཉོས་ཡོང་བས་།རྗེས་སུ་ཨ་ནེའི་དགོན་དུ་འགྱུར་རྒྱུ་རེད་ཅེས་ལུང་བསྟན།
        ༢༠༠༣ལོའི་བཅུ་བའི་ལྔ་མཆོད་ཉིན་ལ་མོ་ཡོངས་འཛིན་རིན་པོ་ཆེས་དགའ་ལྡན་ཆོས་འཛིན་གླིང་ཞེས་པའི་མཚན་བྱང་གནང་།དེ་ནས་བཟུང་བཙུན་མ་དག་གིས་གཞི་བཟུང་ནས་ཆོས་སྤྱོད་ལ་ཉམས་སུ་བཞེས།
       ད་ལྟ་འདི་གར་བཙུན་མ་བཅུ་ཙམ་གྱིས་ནྰ་རོ་མཁའ་སྤྱོད་མའི་ཉམས་བཞེས་གཙོས་བྱང་ཆུབ་ལམ་གྱི་་རིམ་པར་ཉམས་སུ་བཞེས་བཞིན་ཡོད་དོ།།

 503542693129262049.jpg

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།