ཤིང་བཟའ་དགོན་པའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-15 11:28:51     རྩོམ་པ་པོ།   སོག་པོ་ལུང་རྟོགས།    ཀློག་ཐེངས།  

                   220882097287717211.jpg

ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་ནི། རྨ་ལྷོ་རྫོང་མཁར་ནས་སྤྱི་ལེ་76མཚམས་སུ་ཡོད། གོ་ལའི་བྱང་འཕྲེད་ཏུའུ་34.དང་སྐར་12མེའོ་25ཤར་དཀྱུས་ཏུའུ་101སྐར་32དང་མེའོ་50མཚོ་ངོས་ལས་མཐོ་ཚད་རྨིད་3280ཡིན། རྨ་ལྷོ་སོག་རྫོང་གི་ཁུངས་གཏོགས་ཡིན། སྤྱི་ལོ་1888ལོར་དགོན་ས་གཟིགས། ཆིན་ཝང་དཔལ་འབྱོར་རབ་བརྟན་ལ་རི་ཁྲོད་ཀྱི་དགོན་ས་སློང་བས་རྨ་ཉིན་གྱི་ཕྱོགས་གང་དུ་བཏབ་ཆོག་པའི་བཀའ་ཤོག་བཀའ་ཐམ་བསྩལ། ས་གླང་སྤྱི་ལོ1889ལོའི་ཧོར་ཟླ་6ཚེས4ལ་ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོས་ཕྱག་འདེབས་མཛད།
ཆུ་ཡོས་སྤྱི་ལོ1903ལོར། རྨ་ཉིན་ཨོ་མུ་ཐུའི་ཨུ་འདུར་གྱི་སྟག་ལུང་རི་ཁྲོད་དགོན་ཞོལ་མ་རྨ་ཉིན་ཤིང་བཟའ་དགོན་དུ་གྲྭ་རྒྱུན་གཅིག་འདུས་བྱས། རི་ཁྲོད་གོང་ཞོལ་གཉིས་ཀྱང་འབོད་སྲོལ་ཡོད། ས་སྤྲེལ་སྤྱི་ལོ1908ལོར། གོང་མ་བཀྭང་ཞིས་རྒྱལ་བོའི་ཞབས་བརྟན་དགོན་དུ་མིང་རྟགས་བཀོད་དེ་བཀའ་ཤོག་ཐམ་ཀ་བཅས་བསྩལ་ནས་ཅིན་ལི་ཟི་(བསམ་གཏན་གླིང་)ཞེས་མཚན་སྙན་གནང་། ཆུ་བྱི་སྤྱི་ལོ1912ལོར། དྷཱི་ཚ་དགོན་ནས་དགེ་རྒན་བླངས་ཏེ་མཚན་ཉིད་གསར་འཛུགས་མཛད། ཤིང་ཕག་སྤྱི་ལོ1935ལོར། བསྟན་པའི་རྒྱལ་མཚན་ཚང་ལ་དགོན་མགོ་ཕུལ་ནས་བཅའ་ཡིག་གནང་། སྟག་ལུང་ཚང་གིས་སྐྱོང་ཁུར་བླ་མེད་མཛད་པས་བར་དུ་སྟག་ལུང་དགོན་ཞེས་ཀྱང་འབོད། ལྕགས་རྟ་སྤྱི་ལོ1930ལོར། ཤིང་བཟའ་སྐུ་ཕྲེང་ལྔ་བ་གདན་སར་བཀོད་ནས་ཕྱག་བཞེས་ཉམས་པ་སླར་གསོ་མཛད།
ས་བྱི་སྤྱི་ལོ1958ལོར། གྲྭ་གྲངས150དང་ཨ་ལགས6བཞུགས། འདུ་ཁང་གཉིས། མགོན་ཁང་། རྟ་མགྲིན་ལྷ་ཁང་། སྐུ་ཁང་སེར་བོ། གྲྭ་ཤག33དང་ནང་ཆེན་བདུན་ཡོད། ཕྱག་བཞེས་ཀྱི་རིམ་པ། རྒྱུན་ཇ་འཇིགས་བྱེད། ཆོས་ཐོག་ལ་ཀུན་རིག་བདག་འཇུག འཇིགས་བྱེད་དཔའ་གཅིག་བདག་འཇུག དུས་འཁོར་བཅས་ཀྱི་སྒྲུབ་མཆོད། ཆོ་འཕྲུལ་སྨོན་ལམ། རྗེ་གསེར་ཁང་བའི་ཕྱག་བཞེས་ལྟར་གྱི་མཆོད་པའི་ཆོས་ཐོག མ་ཎི་བུམ་སྒྲུབ། རིགས་གྲྭ གཅོད་ཀྱི་ཆོས་ཐོག ལྔ་མཆོད། དབྱར་དགག་གསོ་གསུམ་གྱི་ཕྱག་བཞེས་ངོས་གཙང་བཙུགས་ཡོད་པ་ལྷ་རྟེན་ཆོས་གསུམ་ལ་འཇིགས་བྱེད་ཀྱི་རྭ་རང་གྲུབ། རྗེ་ཤིང་བཟའ་པཎྚི་ཏའི་གསུང་འབུམ་པོད་བདུན་སོགས་རྟེན་འགངས་ཆེན་ཕལ་ཆེར་དུས་འཁྲུག་གིས་ཁྱུར་མིད་བྱས་ནས་དགོན་པར་ཆག་ཆེ་ཉམ་ང་ཆེན་པོ་བྱུང་བ་ལོ་རྒྱུས་ན་གསལ་བ་ལྟར་ལགས།
 ལྕགས་བྱ་སྤྱི་ལོ1981ལོའི་ཧོར་ཟླ2ཚེས11ཉིན། བསྟན་པ་ཡང་དར་གྱི་ཆོས་སྒོ་ཕྱེས། ཤིང་ཁྱི་སྤྱི་ལོ1994ལོར། ཀུན་མཁྱེན་དྲུག་པ་ཆེན་མོར་ཞུས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་ནས་དགེ་རྒན་གདན་དྲངས་ཏེ་སླར་ཡང་མཚན་ཉིད་ཚུགས། ད་ཡོད་ཚོགས་ཆེན་འདུ་ཁང་གི་བཞེངས་སྐྲུན་ཧ་ཅང་མཛེས་ལ་ཡང་སྟེང་དུ་འཇིགས་བྱེད།དུས་འཁོར། ཀུན་རིག་བཅས་ཀྱི་བློས་བསླང་མིག་གི་དཔྱིད་དུ་འཇོ་བ་བཞུགས་ལ།སུམ་ཐོག་གི་ཟུར་ཁང་གཡས་གཡོན་དུ་ཀུན་མཁྱེན་དང་ཤིང་བཟའ་རིན་པོ་ཆེའི་གཟིམ་ཁང་ཉམས་དགའ་བ་དང་ཕྱག་ལྷ་སོ་ལྔའི་ལྷ་ཁང་ཡོད། སྒོ་ཁང་དཀྱིལ་དུ་ཤིང་བཟའ་རྡོ་རྗེ་འཆང་གིས་ཕྱག་བཟོ་མཛད་པའི་རྨ་ལྷོ་རྫོང་གི་ས་བབས་འཇིམ་བཟོ་མ་དང་བེ་སི་ཐོར་གོད་གཉིས་ཀྱི་ས་བབས་འཇིམ་བཟོ་མ་ཟུང་བཞུགས། ལྷ་ཁང་སྐོར་ལ་འོད་དཔག་མེད་ཀྱི་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་། རྟ་མགྲིན་ལྷ་ཁང་། སྐུ་ཁང་སེར་བོའམ་འཇམ་དབྱངས་ལྷ་ཁང་བཅས་ལྷ་ཁང་ལྔ། མགོན་ཁང་གཅིག ཤིང་བཟའ་བླ་བྲང་དུ་བདེ་ཡངས་བདེ་སྐྱིད་དགའ་བའི་གླིང་དེར་གསེར་ཁྲིའི་གཟིམ་ཁང་། ཧོར་ཚང་གི་གཟིམ་ཁང་། ཤིང་བཟའ་སྙན་གྲགས་ཚང་གི་གཟིམ་ཁང་བཅས་དང་རིག་གནས་ཁང་དུ་ཀུན་མཁྱེན་གཟིམ་ཁང་ལྷའི་དགའ་ཚལ་ལྟ་བུ་ཡོད། སྟག་ལུང་མཁན་པོའི་ནང་ཆེན། ཤིང་བཟའ་ཆུང་བའི་ནང་ཆེན། ཨ་དབུས་ནང་ཆེན། སེ་ར་བའི་ནང་ཆེན་བཅས་ནང་ཆེན་ལྔ། གྲྭ་ཤག་དང་གཟིམ་ཤག101གྲྭ་གྲངས135ཡོད། དགོན་པའི་སྐོར་ལམ་དུ་བཟང་སྤྱོད་སོགས་གཟུངས་སྔགས་སྣ་ཚོགས་བཞུགས་པའི་འཁོར་ལོ་ཆེ་ཆུང་བརྒྱད་བརྒྱ་ལྷག་བཞུགས།
དགོན་པའི་ནང་རྟེན་གཙོ་བོ་དཔལ་ལྡན་ཨ་ཏི་ཤའི་སྣང་བརྙན་གྱི་གཙོས་རྒྱལ་བ་བྱམས་པའི་སྟོང་སྐུ། རྗེའི་སྟོང་སྐུ། རྗེ་བཙུན་སྒྲོལ་མའི་སྟོང་སྐུ། ཇོའི་ར་མ་རྒྱལ་མོ་དང་ཐུགས་རྒྱུད་གཅིག་པའི་ཇོ་སྐུ། རྗེ་བཙུན་བྱམས་མགོན་སྐུ་རྒྱུ་ཤིང་ལས་བྱས་པའི་ཐོག་ཚད་ལོངས་པ། ཤིང་བཟའ་སྐུ་ཕྲེང་སྔ་ཕྱིའི་སྐུ་གདུང་མཐོང་བ་དོན་ལྡན་སྐུ་རྒྱུ་རིན་ཆེན་གཉིས་པའི་བྱས་པ་སོགས་གྱན་ཐང་བརྒྱ་དང་དྲུག་ཅུ་ལྷག་དང་གསུང་འབུམ་སོགས་གླེགས་བམ་གྱི་ཚོགས་པོད་ཁྲི་ཕྲག་གཅིག་ལྷག་བཞུགས།
གྲྭ་ཚང་གཉིས། འཛིན་གྲྭ་དགུ་ཡོད། ཡིག་ཆ་སྒོ་མང་ཡིག་ཆ་ཡིན། ཕྱག་བཞེས་བླ་བྲང་ལྟར། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་གྲྭ་རྒྱུན་གསོ་སྐྱོང་འཛིན་གྲྭ་ཞེས་དགོན་པའི་སློབ་གྲྭ་ལྟ་བུ་ཞིག་ཟུར་དུ་བཙུགས་ཡོད། ཕྱག་བཞེས་སྔར་ཡོད་ཆོས་ཐོག་སྟེང་དུ་མཚན་ཉིད་ཐོག་དགུ་བཙུགས། ད་བར་དུ་ཁྲི་རབས་ཉི་ཤུ་སོང་།
ས་བྱི་སྤྱི་ལོ2008ལོར། ཞིང་ཆེན་རིམ་པའི་གནད་སའི་རིག་རྫས་སྲུང་སྐྱོབ་གྲས་སུ་བཞག དཔལ་འབྱོར་ཐོན་ཁུངས་ལ་གྲོང་རྡལ་དུ་ཚོང་ཁང་དང་སྨན་ཁང་གཉིས། རྫོང་མཁར་དུ་མདའ་ཚན་དགོན། ཆོས་སྒར་དགོན། ངེད་དགོན་པ་བཅས་དགོན་པ་གསུམ་གྱིས་མཉམ་སྒྲུབ་ཀྱི་ཨོ་ཡཱ་ཞེས་པའི་མགྲོན་ཁང་གཅིག གཞན་ལ་གླ་རྒྱུའི་ཐོག་ཁང་གྱན་བཞི་ཅན་གཅིག་ཡོད། དགོན་པའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་ཚོ་སུམ་ཅུ་སོ་ལྔ་ཡོད།
དགོན་པའི་ལྷ་སྡེ་གཙོ་བོ་བེ་སི་༼ཁུ་སིན༽དང་ཐོར་གོད་༼མདོ་གསུམ༽ཡུལ་ཚོ་གཉིས་ཡིན། ས་གནས་ཆགས་ཡུལ་རྨ་ཆུའི་ལྷོ་རྒྱུད་ཀྱི་ཉིན་ཕྱོགས་ཇི་གིན་གྱི་ལྷོ་སྲུང་བའི་དཀོར་གཉེར་བྲག་ཅེས་སེང་གེ་མ་བུ་ཉལ་འདྲ་དེ་ཡིན། ཉེ་འཁོར་དུ་ཨ་དབུས་དང་མཚམས་པ་རྒྱ་རག་གི་མཚམས་ཁང་། སེང་ལྕམ་འབྲུག་མོའི་མཁར་ཤུལ་དང་སེ་རའི་ཉི་འབུམ་དར་ཡག་གི་མཁར་ཤུལ་སོགས་གནའ་ཤུལ་གྲགས་ཅན་དུ་མ་ཡོད། ལྷ་སྡེ་གཉིས་ཀྱི་མིའི་གྲངས་འབོར5876ཡོད། འཚོ་གནས་ཕྱུགས་ལས་རྐྱང་རྐྱང་ཡིན།
 
2016.3.3ཉིན།587454196261770.jpg

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།