རྭ་རྒྱའི་རི་ཁྲོད་འགའི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-30 21:18:55     རྩོམ་པ་པོ།   རྭ་རྒྱའི་བཟོད་པ་བཟང་བོ།    ཀློག་ཐེངས།  

860820402153125115.jpg


       

         རྭ་རྒྱའི་རི་ཁྲོད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཤར་ཕྱོགས་ཀྱི་རྨ་འགྲམ་དུ་ཡོད་པའི་རྭ་རྒྱ་དགོན་པའི་རྒྱབ་རི་ཨ་མྱེས་ཁྱུང་མགོན་ཞེས་པའི་རི་འདབས་སུ་ཆགས་ཡོད།  སྤྱིར་རྭ་རྒྱའི་ཡུལ་འདིར་གནའ་སྔ་མོའི་དུས་ནས་སྒྲུབ་པ་ཉམས་ལེན་བྱེད་པའི་སྐྱེས་བུས་གང་སར་ཁྱབ་ཡོད་པ་ད་ལྟའི་རི་ཁྲོད་ཀྱི་རྗེས་ཤུལ་དག་ལས་རྟོགས་ཐུབ།དེ་དག་ལས་འགའ་རེ་ནི་རྭ་རྒྱ་དགོན་པ་མ་བཏབ་པའི་ཡར་སྔོན་ནས་བྱུང་ཡོད་མོད་ལོ་རྒྱུས་ཡིག་ཚང་གང་དུའང་དེའི་སྐོར་གསལ་ཆ་མེད།འོན་ཀྱང་ཁྱུང་མགོན་རིའི་ཉེ་འདབས་སུ་རི་ཁྲོད་ཧ་ཅང་མང་སྟེ། དཔེར་ན། སྐལ་ལྡན་རི་ཁྲོད་བཀའ་གདམས་རི་ཁྲོད། ཞབས་དཀར་རི་ཁྲོད།བསམ་གཏན་རི་ཁྲོད། མ་ཕུག་རི་ཁྲོད། བལ་ཝོའི་རི་ཁྲོད། ལབ་རྩེ་དཀར་ལའི་ཞོལ་རི་ཁྲོད་སོགས་གནས་འདིའི་ཉེ་འདབས་སུ་སྒྲུབ་ཕུག་ཧ་ཅང་མང་།   

623119477242970681.jpg

   

       གནས་འདིའི་མི་རྣམས་ཀྱིས་འདི་དག་ལ་མཚམས་ཁང་ཞེས་འབོད་ལ་དེའི་དོན་ནི་རྒྱུ་འགྲུལ་གྱི་མཚམས་བཅད་དེ་སྒྲུབ་པ་ཉམས་སུ་ལེན་མཁན་རྣམས་སྡོད་སའི་ཁང་བ་ལྟ་བུ་ཡིན་པས་དེ་ལྟར་ཐོགས། གནས་འདིའི་རི་ཁྲོད་འགའ་ནི་རྭ་རྒྱ་དགོན་པའི་བསླབ་པ་སློབ་གཉེར་དང་འབྲེལ་བ་ཧ་ཅང་ཆེ་སྟེ། དགོན་འདིར་གཞུང་བཀའ་པོད་ལྔའི་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་དང་། གྲྭ་ཚང་རང་གི་ལས་ཁུར་གང་ཡོད་གྲུབ་རྗེས་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་གནང་མཁན་གྱི་དགེ་བཤེས་ཧ་ཅང་མང་བོ་ཞིག་རི་ཁྲོད་དུ་བཞུགས་ཏེ་ཉམས་ལེན་གནང་གིན་ཡོད། བདག་གིས་འདིར་བཤད་བྱ་ནི་བཀའ་གདམས་རི་ཁྲོད་དང་། ཞབས་དཀར་རི་ཁྲོད། བསམ་གཏན་རི་ཁྲོད་གསུམ་ཡིན།
        ཞབས་དཀར་རི་ཁྲོད་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་མཆོག་ཨ་རིག་དགེ་བཤེས་ཆེན་མོ་ལས་རབ་ཏུ་བྱུང་རྗེས་ས་འདུལ་སོགས་བྱས་ཏེ་སྐུ་མཚམས་སུ་བཞུགས་སའི་སྒྲུབ་གནས་ཡིན་པས་མིང་ལའང་ཞབས་དཀར་རི་ཁྲོད་དུ་ཐོགས། བཀའ་གདམས་རི་ཁྲོད་ནི་དགེ་བའི་བཤེས་གཉེན་ཆེན་མོ་ཁམས་པའི་ཆོས་མཛད་ཀྱི་དགེ་རྒན་རྒྱུན་དུ་མཁའ་སྤྱོད་མ་ཞལ་འདོན་གནང་མཁན་ཞིག་ཡོད་པ་དེ་རི་ཁྲོད་དུ་བཞུགས་སྐབས་གནས་དེར་མཁའ་སྤྱོད་མའི་ཞལ་གཟིགས་གནང་བས་དེར་བཀའ་གདམས་མཆོད་རྟེན་ཞིག་བཞེངས་པ་ལས་བཀའ་གདམས་རི་ཁྲོད་དུ་ཐོགས་ཞེས་ངག་རྒྱུན་ལ་གྲགས། ད་སྐབས་ཀྱང་གནས་དེར་བཀའ་གདམས་མཆོད་རྟེན་ཞིག་གསར་བཞེངས་བྱས་ཡོད། ཉེ་བའི་དུས་འདིར་ཡང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་སློང་དཔལ་བཟང་ངམ་ཡོངས་གྲགས་ལ་སྨན་པ་དཔལ་བཟང་ཚང་དང་།  དུས་འཁོར་གྲྭ་ཚང་གི་དགེ་སློང་བློ་བཟང་རྣམ་རྒྱལ་གཉིས་ཀྱང་ཚེའི་འཕེན་པ་མ་རྫོགས་པའི་བར་དུ་གནས་འདིར་ཡུན་རིང་སྐུ་མཚམས་ལ་བཞུགས་མྱོང་། རི་ཁྲོད་འདི་གཉིས་ཁྱུང་མགོན་ལྷུན་པོའི་བྲག་རྩར་གོང་འོག་ལྟ་བུར་ཆགས་ཡོད་ལ། རི་ཁྲོད་འདི་གཉིས་དང་བསམ་གཏན་རི་ཁྲོད་པ་རྣམས་ཀྱིས་མཉམ་དུ་གསོ་སྦྱོང་ལེན་སའི་ལྷ་ཁང་ཞིག་ཀྱང་འདིར་ཡོད། ངག་རྒྱུན་ལ་རི་ཁྲོད་གོང་འོག་གཉིས་(བཀའ་གདམས་རི་ཁྲོད་དང་། ཞབས་དཀར་རི་ཁྲོད་གཉིས་ལ་རི་ཁྲོད་གོང་མ་དང་།  བསམ་གཏན་རི་ཁྲོད་ལ་རི་ཁྲོད་ཞོལ་མ་ཟེར)མཉམ་དུ་འཛོམས་དུས་རི་ཁྲོད་པ་བརྒྱ་ཕྲག་ལྷག་ཡོད་པར་བཤད།

869498342734486869.jpg


        བསམ་གཏན་རི་ཁྲོད་ནི་རྗེ་གསེར་ཁང་བའི་སྐུ་གདུང་མཆོད་རྟེན་བཞུགས་པའི་གདུང་མདུན་གོང་མའི་ལྷ་ཁང་གི་གོང་དུ་གོམ་པ་ཉིས་བརྒྱ་ལྷག་གི་མཚམས་སུ་ཡོད། འདི་ལ་དབེན་གནས་བསམ་གཏན་གླིང་དང་། མཚམས་ཁང་ཞོལ་མ་ཡང་ཟེར་ཞིང་འདིར་མཚམས་ཁང་ལྔ་བཅུ་ནས་དྲུག་ཅུ་ཡས་མས་ཡོད། གནས་འདི་རྭ་རྒྱ་དགོན་པ་དང་བར་ཐག་ཆེས་ཉེ་བའི་རི་ཁྲོད་ཅིག་ཡིན་པས་དབྱར་དགུན་སོགས་ཀྱི་དུས་མཆོད་སྐབས་རི་ཁྲོད་པ་དག་དགོན་པའི་ཚོགས་སུ་ཕེབས་མཁན་ཡང་ཡོད་པར་བཤད། རྭ་རྒྱ་དགོན་པའ་དགེ་ཕྲུག་ཡོད་པའི་གྲྭ་བ་རྒན་པ་མང་ཤོས་ཤིག་འདིར་ཁྲོད་དུ་བཞུགས་ཡོད་ཚུལ་རྒན་པ་ཚོའི་ངག་ལས་ཐོས། ད་དུང་འདིར་དཔེ་ཁྲིད་གནང་མཁན་གྱི་དགེ་རྒན་འགའ་ཡང་བཞུགས་ཤིང་དགོན་པའི་འཛིན་གྲྭ་ཁ་ཤས་གནས་འདིར་དགེ་རྒན་གྱི་སར་དཔེ་ཁྲིད་ལ་ཕེབས་ཀྱིན་ཡོད་པར་བཤད། དཔེར་ན། སྔོན་རྭ་རྒྱའི་མཁན་རབས་སོ་བཞི་བ་བློ་བཟང་བསྟན་འཛིན་མཆོག་ཀྱང་གནས་འདིར་དཔེ་ཁྲིད་གནང་གྱིན་བཞུགས་པའི་སྐབས་ཤིང་བཟའ་ཤིང་བཟའ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་ཡོངས་འཛིན་དུ་བསྐོས་བར་བཤད། དེ་མིན་མཁན་ཟུར་བཟོད་པ་རྒྱ་མཚོ་དང། དགེ་སློང་ཀུན་བཟང་། དགེ་སློང་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱི་དགེ་རྒན་སོགས་ཀྱིས་ཀྱང་གནས་འདིར་དཔེ་ཁྲིད་གནང་མྱོང་བར་བཤད།
        དེང་གི་ཆར་ཡང་རྟ་མགྲིན་ཁང་གི་སློབ་དཔོན་ཟུར་བ་དགེ་སློང་གྲགས་པ་རྒྱ་མཚོ་གནས་འདིར་མཚམས་ལ་བཞུགས་ཏེ་རྒྱུན་རིང་སོང་ཡོད་པ་མ་ཟད། མཁན་ཟུར་རྒྱ་གར་བཟོད་པ་མཆོག་གིས་ཀྱང་མཚམས་ཁང་གསར་དུ་འགྲུབ་མ་ཐག་པ་ཡིན། དེས་ན་ མ་འོངས་པར་ཡང་སྔོན་ལྟར་འདུལ་འཛིན་དགེ་སློང་གང་མང་གནས་འདི་དག་ཏུ་བྱོན་ཏེ་སྒྲུབ་པ་ཉམས་ལེན་རྩེ་གཅིག་བྱེད་པའི་རྟེན་འབྲེལ་གྱི་ཉི་གཞོན་ཤར་བ་འདི་ལགས་སོ།། ཞེས་རྭ་རྒྱ་བཟོད་པ་བཟང་བོས་སྔོན་གྱི་ངག་འགྲོས་འགའ་གཞི་བྱས་ཏེ་བཀོད་པ་དགེའོ།།

734025810970097267.jpg

(རི་ཁྲོད་པའི་གསོ་སྦྱོང་ཚོགས་ས།)

                                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།