ཚ་ནག་དགོན་པད་དཀར་ཆོས་གླིང་གི་ལོ་རྒྱུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2018-09-10 22:19:38     རྩོམ་པ་པོ།   ཚ་ནག་་ཀུན་བཟང་།    ཀློག་ཐེངས།  

微信图片_20220613064752.jpg

ཚ་ནག་དགོན་པད་དཀར་ཆོས་གླིང་ནི་སྔར་གུར་སྒར་གྱི་རྣམ་པར་ཆགས་ཤིང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སུམ་ཅུའི་ལོར་སྨྱུང་གནས་པ་དགེ་སློང་དོན་གྲུབ་སོགས་ཀྱི་རམ་འདེགས་འོག་མཆོད་རྟེན་ཉིན་ངོར་གཞིས་བཏབ་ཅིང་། འདུ་ཁང་ཁང་མིག་བཅུ་གཉིས་ཅན་ཞིག་དང་། ཁང་མིག་གསུམ་ཅན་གྱི་སྤྱི་ཁང་། ནང་ཆེན་དང་གྲྭ་ཤག་བཅུ་ཙམ་ལེགས་གྲུབ་བྱུང་།

གཅིག་དགུ་སོ་ལྔའི་ལོར་སྔགས་སའི་དགེ་བཤེས་དཀོན་མཆོག་བསྟན་སྐྱོང་དབང་བོ་གདན་དྲངས་ནས་བཀའ་ཆོས་གསུངས་ཤིང་། ཐུགས་རྗེ་ཆེན་པོའི་དབང་གནངས་ཏེ། འཕགས་པ་ཐུགས་རྗེ་ཆེན་པོ་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པ་དང་། ནང་དགོས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་མདོ་ལུང་དུ་མར་པད་མ་དཀར་པོ་ལྟར་བསྔགས་པའི་ཚུལ་དང་མཐུན་པར་དགོན་པའི་མཚན་ལ་ཡང་ལྷག་ལྷ་ཐུགས་རྗེ་ཆེན་པོར་བལྟོས་ནས་པད་དཀར་ཆོས་གླིང་ཞེས་མཚན་གསོལ་གནང་།  སྔགས་སའི་དགེ་བཤེས་ཚང་གིས་བཅས་ཁྲིམས་དང་ཚོགས་འདོན་གྱི་རིམ་པ་གཏན་ལ་ཕབ་ཅིང་ཞྭ་ལུ་གོས་ལྟེབས་ཚུན་ཆད་ཀྱི་སྤྱོད་ལམ་དག་ཐེར་བྱས་པར་མ་ཟད། བསྒྲུབ་བྱ་ཉི་ཤུ་ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་པར་མཛད། 

གཅིག་དགུ་བཞི་བཅུའི་ལོར་བིས་ཀྱཱ་བཙན་པོ་མ་དགོན་འདིར་ཞུས་ནས་དབང་ལུང་མན་ངག་གི་བཀའ་དྲིན་ཞིབ་པར་བསྩལ་ཏེ། སྐལ་ལྡན་བཅོ་ལྔ་ལྷག་ལ་རབ་ཏུ་བྱུང་བའི་དངོས་པོ་ཕོགས་པར་མཛད། 

ཕྱིས་ཨ་ལགས་མཚམས་པ་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཀྱང་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྐྱངས་པས་བཀའ་དྲིན་ཟབ། 

ང་བརྒྱད་ཡར་སྔོན་དུ་འདུ་ཁང་གྱན་བཅུ་གཉིས་ཅན་དང་། སྤྱི་ཁང་ནང་ཆེན། གྲྭ་ཤག་སུམ་ཅུ། དགེ་འདུན་ལྔ་བཅུར་ཉེ་མོད། སྤྱི་མཐུན་ལས་ཀྱི་རྣམ་སྨིན་བཟློག་མེད་དུ་བབས་པའི་མཐུས་ང་བརྒྱད་ལོར་གྲྭ་བ་མང་བོ་སྐྱ་སར་ཕབ་པ་དང་། བཙོན་འཇུག་བྱས་པ་སོགས་ཀྱི་བྱེད་ལས་ལ་བརྟེན་ནས་ཆག་སྒོ་བློ་ཡུལ་ལས་འགོངས་པ་བཟོས་ཤིང་། ལྷག་པར་རིག་གསར་སྐབས་སུ་རྟེན་གསུམ་མེར་སྲེག་བཏང་སྟེ་དགོན་པ་རྨེག་མེད་དུ་བཏང་། 

1982ལོར་ཆོས་སྒོ་གསར་དུ་ཕྱེས་པས་ས་འདིའི་མངའ་འབངས་ཀུན་གྱིས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་བགྱིས་ཤིང་། སྔར་གྱི་དགོན་པའི་གནས་མཆོད་རྟེན་ཉིན། སྐྱེལ་འདྲེན་སྟབས་མི་བདེ་བར་དམིགས་ནས་སྐྱས་ལུང་མདོར་གནས་སྤར་ཏེ། འདོན་ཆོས་སྤྱོད་དང་བསླབ་པ་གསུམ་གྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་དགེ་འདུན་པའི་སྡེ་སུམ་ཅུར་བརྒལ་བ་བྱུང་བས་ངེས་དོན་དགེ་བའི་བཤེས་གཉེན་ཆེན་མོ་བྱ་བཏང་བ་འོད་ཟེར་རྒྱ་མཚོས། ཚ་ནག་དགོན་པ་པད་དཀར་ཆོས་གླིང་དུ།། བཞུགས་པའི་དགེ་འདུན་རྣམས་ནི་བསྔགས་པར་འོས།། ཞེས་བསྔགས་པ་བརྗོད་པར་མཛད།  ཕྱིས་སུ་འཚུབ་སློང་ལྟ་བུའི་གེགས་རྐྱེན་སྣ་ཚོགས་ཀྱིས་དགེ་འདུན་པ་མང་བོ་ཁྲིམས་ལས་གཞོལ་བར་མཛད་རུང་། ལ་མོའི་ཡོངས་འཛིན་རིན་པོ་ཆེས་མཚམས་ཆུང་སྤྲུལ་བའི་སྐུའི་ཡང་སྲིད་ངོས་འཛིན་བྱས་ཤིང་། སྤྲུལ་སྐུ་འདིས་དགོན་པའི་དོ་དམ་སོགས་ལ་ནན་ཏན་ཆེར་བྱས་པས་ད་ལྟ་ཆོས་ལྡན་བྱ་བ་ཐམས་ཅད་ཡར་ལྡན་དུ་འགྲོ་བའི་སྐབས་ལགས་སོ།།

དགོན་འདིར་ཆོས་ཐོག་ལ་བཞི་བའི་སྨྱུང་གནས་དང་། དྲུག་པའི་མཆོད་པ། དགུ་བའི་ཉེར་གཉིས། བཅུ་བའི་ལྔ་མཆོད་བཅས་ཡོད་པ་དང་།     བཞི་བའི་སྨྱུང་གནས་སྐབས་སུ་སྐྱབས་འགྲོ། སྐྱབས་འགྲོའི་ཚོགས་ཞིང་། དགའ་ལྡན་ལྷ་བརྒྱ་མ། ཐེག་ཆེན་གསོ་སྦྱོང་། སྔགས་སའི་དགེ་བཤེས་བསྟན་སྐྱོང་དབང་བོ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་ཆོ་ག་རྒྱས་འབྲིང་གཉིས། ཐུགས་རྗེ་ཆེན་པོ་སྟོབས་བཅུ་མངའ་བ་མ། དལ་བའི་རྟེན་ཐོབ་མ། བྱ་རྒྱུད་ལས་བྱུང་མ་སོགས་ཀྱིས་ཟུར་བརྒྱན་ནས་འདོན་ཞིང་། མཇུག་ཏུ་མཆོད་བསྟོད་ཤིས་བརྗོད་ཀྱི་བར་གསུངས། 

དྲུག་པའི་མཆོད་པའི་དུས་སུ་གདུགས་དཀར་མཆོག་གྲུབ་མ། འཇིགས་བྱེད་དཔའ་གཅིག ཆོས་རྒྱལ་བཅས་འདོན་པ་དང་། ཉིན་ཐ་མར་འཇིགས་བྱེད་དཔའ་བོ་གཅིག་པའི་སྒོ་ནས་ཁ་འབར་མའི་མདོས་གཞུང་རྒྱས་པ་དང་། མཇུག་དུ་འཇིགས་བྱེད་ཀྱི་ཚོགས་དང་བཅས་པ་འདོན།  

དགུ་བའི་ཉེར་གཉིས་ལ་སྐྱབས་འགྲོ་ཚོགས་ཞིང་དང་བཅས་པ་དང་། དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ་བརྒྱ་སྐོར། སྨན་མཆོག་ཆེན་མོ། སྨན་ཐུང་གི་སྟོང་མཆོད་བཅས་འདོན།  

བཅུ་བའི་ལྔ་མཆོད་ཆེན་མོར་ཉི་ཤུ་བཞིའི་ཕྱི་དྲོ་སྐྱབས་འགྲོ་དང་ཚོགས་ཞིང་། དགའ་ལྡན་ལྷ་བརྒྱ་མ། འཇིགས་བྱེད་དཔའ་གཅིག་ཁྲུས་ཆོག་དང་བཅས་པ་དང་། ཉི་ཤུ་ལྔའི་ཉིན་དུས་ཚོད་གཉིས་ཙམ་ལ་ཡར་བཞེངས་ནས་མདོ་ཚར་གཅིག་བཟློག་པ་དང་བཅས་པ། སྐྱབས་འགྲོ་བརྒྱ་ཚར། གནས་བཅུའི་བསྟོད་པ། བླ་མ་མཆོད་པ། (བླ་མཆོད་ཀྱི་སྐབས་སུ་ལྟུང་བཤགས་ཚར་བཅུ་འགྲོ། ) བདེ་སྟོང་དབྱེར་མེད་མ། དམིགས་བརྩེ་མ་བརྒྱ་སྐོར། ས་ལམ་སྐབས་གསུམ། སྨོན་ལམ་རྣམས་ལྔ། ཤིས་བརྗོད་དང་བཅས་པའི་བར་དང་། དེ་ནས་ཀུན་རིག་བདག་མདུན་བུམ་གསུམ། གཤིན་འཇུག་ཆ་གསུམ་ཁྲུས་ཆོག་དང་བཅས་འདོན།  དེའི་རྗེས་འཇིགས་བྱེད་དཔའ་གཅིག མགོན་ཆོས་ལྷ་གསུམ་གྱི་བསྐང་གཤགས་བཟློག་གསུམ་བཟླས་པ་སྔགས་དང་བསྟོད་པ་མངའ་གསོལ་གྱི་བར་འགྲོ། དེ་ནས་སྒྲོལ་མ་ཚར་བདུན། རབ་འབྱམས་རྒྱལ་བ་མ། རྒྱལ་བ་མ་ལུས་མ་གསུངས་ནས་མཇུག་རྫོགས།  ཉི་ཤུ་ལྔ་ནས་བརྒྱད་བར་འདོན་པ་ཕལ་ཆེར་གཅིག་མཚུངས་ཡིན་མོད་སྨོན་ལམ་དག་རེས་མོས་ཀྱིས་འདོན།  ཉི་ཤུ་དགུའི་ཉིན་བླ་མཆོད་ཀྱི་བར་ཉིན་གོང་མ་དག་འདྲ་ཞིང་། དེ་ནས་སྨན་མཆོག་ཆེན་མོ་ཚར་གཅིག་མཇུག་ཏུ་ཁྲུས་ཆོག་གསུངས། འཇིགས་བྱེད་མགོན་ཆོས་ལྷ་གསུམ། ཆོས་རྒྱལ་གཙོ་བོར་འདོན། མཇུག་ཏུ་དྲུག་ཅུ་བ་བཟློག་པ་དང་བཅས་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་རྒྱན་པར་བྱེད་དོ།།  

དགོན་འདི་སྐྱོང་བའི་བླ་སྤྲུལ་བཤེས་གཉེན་དག་གི་རྣམ་ཐར་སྐབས་འདིར་བྲིས་ན་ཤིན་ཏུ་མང་བར་འགྱུར་བས་གནས་སྐབས་བསྐྱུངས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།