བན་ཤུལ་དགོན་རྙིང་བཤད་སྒྲུབ་རིན་ཆེན་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2018-09-10 22:17:22     རྩོམ་པ་པོ།   ཕྱག་ཤུལ་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

བན་ཤུལ་དགོན་བཤད་སྒྲུབ་རིན་ཆེན་གླིང་འདི་ཉིད་ཕྱག་བཏབ་པའི་གནས་ནི་མདོ་སྨད་སའི་ཆར་གཏོགས་རྨ་ཀླུང་རིང་མོ་ནུབ་ནས་ཤར་ཏུ་རྒྱུ་བའི་ལྷོ་ཕྱོགས། གནས་རི་གྲགས་ཅན་ཨ་མྱེས་བྲག་དཀར་རྫ་རིའི་མདུན་ངོས། ཀབ་རོན་གསེར་མོ་ལྗོངས་ཀྱི་ཕུ་རུ་སའི་དགེ་བཅུ་དང་སྲུང་བཞི་སོགས་ཡོངས་སུ་ཚང་བའི་གནས། རི་བོ་གླང་ཆེན་ཉལ་འདྲ་ལ་བཙན་གྱི་རིགས་སུ་གཏོགས་པའི་ཡུལ་ལྷ་ཨ་མྱེས་རིན་ཆེན་གྱི་གནས་རིའི་འདབས་སུ་ཆགས་ཡོད་ལ་ད་ལྟའི་མང་རྫོང་མཁར་ནས་སྤྱི་ལེ120ལྷག་གི་སར་ཡོད། 

དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་ཡུལ་འདིའི་ལྷོ་ཕྱོགས་ཀྱི་དབེན་གནས་ཤིག་ཏུ་ཧྲི་རང་མཚམས་ཁང་ངམ་གཙང་དགེ་མཚམས་ཁང་ཞེས་པར་གཙང་དགེ་བཤེས་ཞུ་བའི་བྱ་བྲལ་གྱི་རྣམ་འབྱོར་བ་ཞིག་བཞུགས་སར་རང་རེའི་དགོན་སྡེ་འདི་ཉིད་ཕྱག་འདེབས་པ་པོ་བན་ཤུལ་བློ་བཟང་བཀྲ་ཤིས་རྒྱ་མཚོས་ཞབས་ལ་གཏུགས་ཏེ་དམ་པའི་ཆོས་ཀྱི་གདམས་ངག་མང་པོ་བླངས། 

ཐུགས་ཟིན་པའི་བུ་སློབ་ཏུ་གྱུར་ཏེ་སྐུ་མྱ་ངན་ལས་འདའ་ཁར་བན་ཤུལ་བླ་མ་མཆོག་ལ་ང་གྲོངས་རྗེས་སྐུ་གདུང་རིན་ཆེན་རིའི་ངོས་སུ་བཏབ་ན་མ་འོངས་པར་གཞི་གསུམ་གྱི་ལག་ལེན་ཡག་པོ་འཁྱོངས་བའི་དགོན་པ་ཞིག་ཆགས་ཐུབ་གསུངས་པས་ཁོང་གིས་ཀྱང་བླ་མའི་བཀའ་བཞིན་བསྒྲུབས། ཕྱིས་སུ་བན་ཤུལ་བླ་མ་དེ་ཉིད་དབུས་སུ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་ཏེ་མཁས་གྲགས་རྒྱས།རང་ཡུལ་དུ་ཕེབས་ཏེ་ལུགས་གཉིས་ཀྱི་མཛད་འཕྲིན་དུ་ཆེས་ཆེར་རྒྱས།

སྔ་མོ་ནས་དགོན་པ་ཞིག་འདེབས་པའི་ཐུགས་བདུན་ཡོད་པ་དང་ཁོང་གི་སྐུ་ཡུལ་བན་ཤུལ་སོགས་ཀྱི་མཆོག་དམན་ཀུན་གྱིས་བསྐུལ་བ་ལ་བརྟེན་ནས་དགོན་པ་འདེབས་བཞེད་ཀྱིས་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་ལ་དགོན་གནས་སོགས་དགོངས་བསྟན་ཞུས་པར་ས་དང་རྒྱལ་བོའི་མིང་གཙོ་བས་སྔར་གཙང་དགེ་བཤེས་ཀྱིས་ལུང་བསྟན་པ་ལྟར་རིན་ཆེན་རིའི་ངོས་སུ་དགོན་པ་བཏབ་ན་བཟང་གསུངས་པ་ལྟར་བན་ཤུལ་བླ་མ་དེ་ཉིད་ཀྱིས་ས་བརྟག་ས་བསླང་སོགས་སྔོན་འགྲོའི་རིམ་པ་དག་མ་ཚང་བ་མེད་པར་བྱས་ཏེ་གཟའ་སྐར་འཕྲོད་སྦྱོར་ལེགས་པར་རབ་བྱུང་བཅོ་ལྔ་བའི་ཤིང་མོ་ཕག་སྟེ་སྤྱི་ལོ1875ལོར་ཕྱག་བཏབ་པ་ཡིན་ནོ།

1982ལོར་ཆོས་སྒོ་བསྐྱར་དུ་ཕྱེས།ད་ལྟ་བླ་གྲྭ་བཞི་བཅུ་ལྷག་བཞུགས།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།