ལ་མོའི་གུར་སྒར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:45:41     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

ཤཤཤཤཤཤཤམང་རའི་ཤེའུ་ལུང་བཞུགས་ཁྲི་ཞོལ་མའི་གནས་འདི་ནི་རྒྱལ་བ་བསྐལ་བཟང་རྒྱ་མཚོ་འདིར་ཁྲིར་བཞུགས་པའི་བཞུགས་ཁྲི་གོང་འོག་གཉིས་ཡོད་པའི་ཞོལ་མ་དང་སྔོན་ལ་མོའི་གུར་སྒར་བཏབ་པའི་གནས་ཡིན།

སྤྱི་ལོ1630ཡས་མས་ནས་མང་རའི་ཤེའུ་ལུང་བཞུགས་ཁྲི་གོང་འོག་ནས་ལ་མོ་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོས་སྒར་གཞི་བཟུང་ནས་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན། བློ་བཟང་དགེ་ལེགས་རྒྱལ་མཚན། ཕན་བདེ་དབང་ཕྱུག་མཁས་བཙུན་རྒྱ་མཚོ་སྟེ་སྐུ་ཕྲེང་བཞིའི་སྐུའི་རིང་ལ་སྒར་གཞུང་ཁམས་གསུམ་ཕྱོགས་ལས་རྣམ་རྒྱལ་སྒར་གཞི་འཕེལ་རྒྱས་བྱུང་། སོག་པས་ལ་མོ་ཨུརྒེ་ཟེར། ལ་མོ་ཨུརྒེ་འདིར་རྣམ་རྒྱལ་གྲྭ་ཚང་ལ་དགེ་འདུན་ཞལ་གྲངས་བརྒྱད་ཅུ་ལྷག་དང་། སྒར་གཞུང་རང་ན་རྒྱུན་སྡོད་སེར་སྐྱ་མིང་བཏགས་བཞི་བརྒྱ་ཡས་མས་ཡོད་པའི་རེ་རེའི་གོ་གནས་དང་། སྡེར་ཁ་ཞབས་ཞུའི་གྲངས་བཅས་ལ་མོའི་དེབ་ཐེར་ན་གསལ་བོར་བཀོད་ཡོད།

སྐབས་འདིའི་ཨུརྒེ་ནི་དབལ་མང་དེབ་ཐེར་བྱིས་པ་འཇུག་པའི་འབབ་སྟེགས་ལས། ཟླ་བའི་དཀྱིལ་འཁོར་ས་ལ་འཕོས་པ་ལྟ་བུའི་ཨུརྒེ་ཆེ་བ་བཅུ་ཕྲག་དུ་མ་དང་གུར་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ་གྱི་ཁུ་རེ། ལྷ་གུར་ལ་གསེར་གྱི་གན་ཇི་ར་ཉི་ཟླའི་འོད་ཀྱང་ཟིལ་གྱིས་མནོན་པར་བཟོད་པ། དཔངས་ཤིན་ཏུ་མཐོ་བས་མཛེས་པ་སོགས་མཚོ་སྔོན་གྱི་ཕྱོགས་ན་ཨུརྒེ་ངོས་གཙང་བའི་དཔེར་ལྒིང་བ་དོན་ལ་གནས་པ་མངོན་སུམ་གྱིས་མཐོང་ངོ། །ཞེས་གསུངས་ཤིང་། །རྒྱལ་དབང་སྐལ་བཟང་རྒྱ་མཚོས་ཀྱང་། མཚོ་སྔོན་གཡས་རུ་གཡོན་རུ་ཐམས་ཅད་ཀྱི་བླ་མར་གྱུར་པས་ཨུརྒེ་ཕྱི་ནང་བར་གསུམ་གྱི་བཀོད་པ་སོགས་སྲིད་ཀྱི་ཡོ་ལང་བརྒྱ་བྱིན་ལྷའི་ཕོ་བྲང་དང་མཚུངས་ཞེས་བསྟོད་བསྔགས་ཚད་མེད་གནང་བ་ལྟར། ཆོས་སྲིད་གང་ཅིའི་ཐད་ནས་སྡེ་བཞི་ལང་ཚོ་དར་ཞིང་ལྷུན་ཆགས་པ་བྱུང་།

གདན་ས་འདིར་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དུས་སུ་ལ་མོ་བློ་བཟང་བཀྲ་ཤིས་སམ་གྲགས་པ་རྒྱ་མཚོ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། ཞྭ་དམར་ངག་དབང་འཕྲིན་ལས་སོགས་མཁས་གྲུབ་ཚད་ལྡན་མང་བོ་དང་ལྷན་དུ་ཁྲི་ཆེན་བསྟན་པའི་ཉི་མ་ནས་སློབ་གཉེར་རྒྱུན་རིང་གནང་། ལ་མོ་དགེ་ལེགས་རྒྱལ་མཚན་ནས་ཀྱང་ཁྲི་ཆེན་བསྟན་པའི་ཉི་མ་གཙོས་མཚན་ཞབས་པ་མང་བོ་དང་ཆབས་ཅིག་ཏུ་བཀའ་པོད་ལྔ་དང་རིག་གནས་རབ་འབྱམས་ལ་གསན་སྦྱོང་མཐིལ་ཕྱིན་པ་མཛད། དེའི་སྐབས་དཔལ་མགོན་ཞལ་བཞི་བའི་གཟིགས་སྣང་མངོན་སུམ་བྱུང་། ཁྲི་ཤོར་རྒྱལ་མོ། ལྷ་ཆེན་ཚངས་པ། རྨ་ཆེན་སྦོམ་ར་སོགས་ཀྱིས་ཞལ་དངོས་སུ་བསྟན་ནས་འཕྲིན་ལས་བསྒྲུབས་ཤིང་། གུས་པས་གནས་འདི་སྐྱོང་བའི་གཡར་དམ་ཕུལ། ཤེའུ་ལུང་བཞུགས་ཁྲིར་ཨུརྒེར་ལྕང་སྐྱ་རིན་པོ་ཆེ་ངག་དབང་མཆོག་ལྡན་དང་། ཀུན་གཟིགས་སྐལ་བཟང་རྒྱ་མཚོ་ལན་གཉིས། ཀུན་ཆེན་འཇིགས་མེད་དབང་བོ། ཁྲི་ཆེན་རིག་པའི་སེང་གེ དབལ་མང་པཎྚི་ཏ་སོགས་མང་བོ་ཕེབས་པ་ལ་བལྟས་ན་ཤིན་ཏུ་དར་བར་མངོན།

རྗེས་སུ་ལ་མོ་རུ་སྡེ་གཞན་དུ་སྐྱོད་སྐབས་ལ་མོའི་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་ཀྱང་མཚོ་སྔོན་ཆུ་འགག་མར་ཁུའི་མཚོ་མོར་རུ་སྡེ་ཆགས་ནས་ད་ལྟའི་བར་ཕུན་སུམ་ཚོགས་པའི་འཚོ་བ་རོལ།

སྤྱི་ལོ1885ལོར་ལ་མོ་བསྟན་འཛིན་ནོར་བུ་མང་རའི་ཤེའུ་ལུང་བཞུགས་ཁྲི་གོང་མར་ཕེབས་སྐབས་གུང་བའི་བླ་མ་ཟེར་བས་སྔོན་ཆད་ས་འདི་ཁྱོད་ཀྱི་བཞུགས་གནས་ཡིན། ཕར་ཁའི་ངོས་འདི་ན་གསོལ་ཆུའི་ཤུལ་ཙམ་ཡོད་ཀྱང་ད་ལྟ་བསྐམས་ནས་མེད་ཞུས་པར། དེ་བདེན། ཆུ་ཡང་ཡོད་ངེས་པས་གསོལ་དཔོན་སྦྱིན་པ་ལ་ཁྱོད་སོང་ལ་ཆུ་ཞིག་ཁྱེར་ཤོག་གསུངས་པ་ལྟར་ཆུ་སྣོད་གང་བླངས་ཏེ་ཁྱེར་འོངས་པ་ལ་དེར་འཁོད་པ་རྣམས་ཡ་མཚན་པར་གྱུར།

སྐབས་ཤིག་ཤེའུ་ལུང་བཞུགས་ཁྲི་ཞོལ་མའི་གནས་འདིར་ཐར་ཤུལ་སྤྱི་བས་བཟུང་། སྤྱི་བ་འདི་ནི་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་འབའ་མདོར་གུར་སྒར་བཏབ། ངག་དབང་ཆོས་འཕེལ་གྱི་སྐུ་ཚེ་མཇུག་ཏུ་ཐར་ཤུལ་ལྷ་སྡེ་རྨ་ཕར་ཚུར་གཉིས་སུ་གྱེས་ནས་དགེ་འདུན་པ་རྣམས་ཀྱང་རང་རང་གི་ལྷ་སྡེར་བསྙེགས་ཏེ་གནས་འདིར་གུར་སོགས་ཕུབས་ནས་ཐུགས་མཐུན་ཁྲིམས་གཙང་ངོས་དགེ་སྦྱོར་ལ་འདྲེས་པར་བྱས་ཤིང་། སྤྱི་བའི་ཆོས་ཐོག་ཀྱང་མ་ཉམས་པར་བསྐྱངས། རྭ་རྒྱའི་དགེ་བཤེས་བྱམས་པ་བཟང་བོའི་དྲུང་ནས་མདོ་སྔགས་ཟབ་ཆོས་མང་དུ་གསན་ནས་ཉམས་བཞེས་མཛད། མཇུག་མཐར་བླ་མས་ཁྱེད་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྤྱི་བ་བཟང་ཤོས་ཡིན་སྟབས། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ལག་ལེན་ངོས་གཙང་བ་རེ་བཙུགས་ན་མི་རིང་བར་དགེ་འདུན་གྱི་སྡེ་ཞིག་ཆགས་ངེས་གསུངས་ཏེ་དབྱར་གནས་སོགས་བཙུགས།

ད་ལྟའི་མཆོད་རྟེན་བཞེངས་པའི་གནས་འདི་སྔོན་རྒྱལ་བ་སྐལ་བཟང་རྒྱ་མཚོ་གནས་འདིར་ཐེངས་གཉིས་བྱོན་པ་ལས་བཞུགས་ཁྲི་གོང་འོག་ཏུ་གྲགས་པའི་ཞོལ་མ་ཡིན། རྗེས་སུ་གནས་འདི་ཐར་ཤུལ་སྤྱི་བས་བཟུང་། ལ་མོ་ཡོངས་འཛིན་རིན་པོ་ཆེ་མང་རར་བྱོན་དུས་གནས་འདི་ནས་དགོན་པ་གདབ་རྩིས་བྱས་མོད་ཨ་ལགས་བླ་ཁོས་འདི་ནས་མ་འདེབས། འདི་རྗེས་སུ་རྒྱ་གྲོང་ཆེན་པོ་ཞིག་ཏུ་འགྱུར་ངེས་ཞེས་ལུང་བསྟན་པས་བཞུགས་ཁྲི་གོང་མར་བཏབ།

ད་ལྟའི་མཆོད་རྟེན་བཞེངས་ཤིང་གནས་འདིར་སྔོན་ཨ་ལགས་ཀིརྟི་ཟེར་བ་ཞིག་གིས་གཟུགས་ཅན་གྱི་ལབ་ཙེ་ཞིག་བསྟད་པ་ལ་མོ་བསྟན་འཛིན་ནོར་བུས་འདི་བླ་མའི་བཞུགས་ས་ལ་ལྷ་ཁང་དང་མཆོད་རྟེན་བཞེངས་པ་ལས་མི་མ་ཡིན་འཁོར་ས་མིན་ཞེས་བཤིག་ཏུ་བཅུག ཁོང་གིས་གཉེར་བ་མགོ་གཟེངས་མང་རའི་མགོ་བར་མངགས་ནས་གནས་འདིར་འཁོར་དག་པ་རྣམ་བརྒྱད་ཀྱི་ལྷ་ཁང་བཞེངས་དགོས་པའི་ཞལ་གདམས་བྱས། ཁོང་གནས་འདིར་ཡོང་ནས་ཐར་ཤུལ་དཔོན་པོས་ཁོ་ལ་རྟ་ལས་མ་བབས་ཞེས་གཅེར་རྡུང་བྱས་ནས་རྐྱེན་ལམ་དུ་སོང་། ཐར་ཤུལ་ཚོ་གསུམ་གྱིས་མང་རའི་རོང་བ་བརྒྱབ་པ་སོགས་ཀྱིས་ལམ་ལྷོངས་སུ་མ་ཡོང་།

གཞན་པའི་རྡོ་སྐུ་གཉིས་པོ་དེ་བོར་བ་རྗེས་སུ་རྙེད་དེ་ད་ལྟའི་བཞུགས་ཁྲི་མཆོད་རྟེན་ན་ཡོད། སྤྱི་ལོ1992ལོར་རྗེས་དྲན་མཆོད་རྟེན་ཞིག་བཞེངས་ན་སླད་མར་དགེ་མཚན་ཆེ་སྙམ་ནས་ལ་མོ་ཡོངས་འཛིན་རིན་པོ་ཆེར་ཞུས་ཏེ་ཡོངས་སུ་གྲུབ་ཅིང་ལ་མོ་ཡོངས་འཛིན་རིན་པོ་ཆེས་དགུང་ལོ་གོ་བདུན་སྐབས་སུ་དཔལ་དུས་ཀྱི་འཁོར་ལོ་སྤྱི་བཀའི་དབང་གནང་།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

བརྒྱུད་འགོད།