མཁའ་འགྲོ་མའི་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:36:43     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

མཁའ་འགྲོ་མའི་མཚམས་ཁང་ནི་མང་ར་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ1.5ཙམ་གྱི་མཚམས་ཏེ། མང་ཆུའི་འགྲམ་གྱི་མཁའ་འགྲོ་མའི་རི་ངོས་ན་ཡོད་ཅིང་། གནས་འདིར་སྒྲུབ་ཕུག་སྐོར་ཞིག་ཡོད་པ་ལས་འདི་ནི་གནས་སྒོའི་སྒྲུབ་ཕུག་ཏུ་བཤད་ཅིང་མིང་གཞན་ལ་ཨེ་ཝཾ་མཁའ་སྤྱོད་གྲུབ་པའི་གུར་ཁང་ཡང་ཟེར། མདོ་སྨད་ཆོས་འབྱུང་ལས། མང་རའི་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་དུ་གྲགས་པ་ས་དམར་འདྲེས་པའི་བྲག་རི་མང་བོ། གཉན་ཆ་ཚ་བས་བགྲང་མི་རུང་ཟེར། 

འདི་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཤིག་ཀྱང་ཡིན་པར་བཤད་ཅིང་མང་རའི་མཁའ་འགྲོ་མ་བརྒྱ་རྩའི་སྒྲུབ་གནས་ཡིན་པར་གྲགས་པ་དང་། རི་ངོས་སུ་མཁའ་འགྲོའི་གནས་སྒོ་དང་སྒྲུབ་ཕུག་བྱིན་རླབས་ཅན་ཡོད། དུས་ཆེན་རྣམས་སུ་ཆོས་གསུང་བའི་སྒྲ་དང་ཌར་དྲིལ་གྱི་སྐད་ཀྱང་ཐོས་ཐུབ་པར་བཤད། གཞན་སློབ་དཔོན་ཆེན་པོ་ཨོ་རྒྱན་པད་མ་འབྱུང་གནས་ཀྱིས་ས་འདིའི་བདུད་སྲིན་མང་པོ་དམ་ལ་བཏགས་ནས་དཀར་ཕྱོགས་ཀྱི་བསྟན་པ་སྲུང་བའི་གནས་བདག་ཏུ་བསྐོས་པའི་ལོ་རྒྱུས་ཀྱང་ཡོད།

གནས་མཆོག་འདི་ཉིད་ལ། འདས་ལོ1080ཡས་མས་སུ་མང་ར་བ་སེང་གེ་རྒྱལ་མཚན་མཆོག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མ་ཟད། ཁོང་གིས་མཁའ་འགྲོ་མ་བརྒྱ་དང་རྩ་བརྒྱད་དམ་ལ་བཏགས་ནས་བཀས་བསྒོས་གཏད་གཉེར་མཛད།

1938ལོར་ཡབ་རྗེ་ལ་མོ་ཡོངས་འཛིན་རིན་པོ་ཆེ་གནས་གནས་ཁང་འདི་ནས་ཟླ་གསུམ་ལ་དཔལ་འཁོར་ལོ་སྡོམ་པ་དང་འདིར་ན་རོ་མཁའ་སྤྱོད་བསྙེན་པར་བཞུགས། མཚམས་ཀྱི་ཐུན་ཞིག་ཏུ། ཨེ་ཝེ་བདེ་སྟོང་བདུད་རྩིས་རབ་མྱོས། །མཁའ་སྤྱོད་གྲུབ་པའི་དཔལ་མོ་བརྒྱ་རྩ་བརྒྱད། །རོལ་བའི་གུར་ཁང་གཟི་བྱིན་འབར་བ་འདིས། །ཨོ་ཊི་ཡ་ནའི་ཁེངས་པ་རྣམ་པར་འཕྲོག །ཅེས་སྙན་ངག་གིས་ཆེད་དུ་བརྗོད་ཅིང་མཚན་ལ ཨེ་ཝཾ་མཁའ་སྤྱོད་གྲུབ་པའི་གུར་ཁངཞེས་གསོལ་ཞིང་། མཁའ་འགྲོ་མ་དེ་དག་གིས་དངོས་སུ་བསྟན་ནས་འཕྲིན་ལས་བསྒྲུབས་པར་མངོན།

འདིར་གནས་འབྲེལ་འཇོག་པར་ཡོང་བའི་རྣལ་འབྱོར་བ་ཤིན་ཏུ་མང་ཞིང་སྐོར་ཞིག་གིས་མཁའ་འགྲོ་མའི་ཞལ་གཟིགས་ཤིང་དབྱངས་རྟ་དྲངས་ནས་གསུང་བ་གོ་ཟེར།

སྤྱི་ལོ1997ལོར་ལོ་བ་སྡེས་སྒྲུབ་ཕུག་ཞིག་གསོ་བྱས་ཏེ་རྟེན་གྱི་གཙོ་བོར་རྗེ་རིན་པོ་ཆེའི་སྐུ་འདྲ་དང་། གཡས་གཡོན་དང་སྟེང་འོག་སོགས་ལ། བྱམས་དང་། འཇམ་དབྱངས། རྒྱལ་དབང་བཅུ་བཞི་བ། ལ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ། ཡབ་རྗེ་ཡོངས་འཛིན་རིན་པོ་ཆེ། སྐུ་འབུམ་དགེ་བཤེས་ཀྱི་སྐུ། སྟོན་སྐུ། སློབ་དཔོན་པད་འབྱུང་། ན་རོ་མཁའ་སྤྱོད་མ་སོགས་དང་། གསུང་རྟེན་ལ། ཡུམ་ཆེན་མོ་དག་ཚར་གཅིགཐར་བ་ཆེནཔོའི་མདོ་སོགས་བཞུགས། དེ་ལྟར་ལ་མོ་ཡོངས་འཛིན་རིན་པོ་ཆེ་དངོས་ཕེབས་ཏེ་རབ་གནས་ཀྱི་མེ་ཏོག་གཏོར།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   



[1]  བྲག་སྒོམ་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུངཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤ 267

བརྒྱུད་འགོད།