ཁུ་སྒྱོའུའི་རྨ་འགག་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:36:10     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

ཁུ་སྒྱོའུའི་ནགས་སྐེད་མཚམས་ཁང་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉམས་སུ་ལེན་མཁན་དག་རྒྱུན་དུ་ཡོང་ནས་དེར་ཉམས་ལེན་བྱེད། ཁྱད་པར་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་གྱིས་གནས་འདིར་རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས།

དེ་ཡང་རྭ་རྒྱའི་དགེ་རྒན་མཁས་གྲུབ་བྱམས་པ་བཟང་བོ་མྱ་ངན་ལས་འདའ་ཁར། རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་སྤྱི་ལོ(1888_1950)ང་ཤི་རྗེས་ཁྱོད་འདིར་མ་འདུག སྡོད་ཀྱང་མི་ཐུབ་པས་ཕྱོགས་ངེས་མེད་དུ་སོང་ནས་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ་ལ་འབད་དེ་གསང་ཆོས་ཟབ་མོ་འདི་གཞན་ལ་སྤེལ་ཅི་ཐུབ་བྱོས། ཞེས་ལུང་བསྟན་བཞིན1946ལོར་མང་རའི་ཁུ་སྒྱོའུ་ནགས་སྐེད་ཅེས་པར་སྡོང་བོའི་ཡལ་ག་དང་འདམ་བུ་སོགས་ཀྱིས་སྤྱིལ་ཆུང་ཞིག་བཟོས་ནས་ནཱ་རོ་མཁའ་སྤྱོད་མའི་བསྙེན་པ་ལོ་དྲུག་ལ་མཛད་པས་ལྷག་ལྷ་གང་གི་འཛུམ་ཞལ་མངོན་སུམ་དུ་མཇལ་ཅིང་རྟོགས་པ་ཁྱད་པར་ཅན་སྐྱེས། རྨ་ཆུའི་འགག་གི་ཕ་བོང་གཉིས་ཀྱི་བར་དུ་སིནྡྷུ་རའི་གཏེར་སྒོ་ཕྱེས།

སྤྱི་ལོ1950ལོར་ཡང་ཁོང་ཆེད་དུ་འདིར་ཕེབས་ཏེ། ཧོར་ཟླ་དང་བོའི་ཚེས་བཅུ་ཉིན་ལང་གའི་ཤིང་གི་སྒྲུབ་པ་མཛད་དེ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་ཕེབས།

སྐུ་གཤེགས་ཁར་རྗེ་འཇམ་དབྱངས་འཕྲིན་ལས་ལ་ངའི་བེམ་པོ་མེ་ལྷར་ཕུལ་ཏེ་གདུང་རུས་རྨ་ཆུར་གཤེགས་ཞེས་གསུངས། དགེ་སློང་བསྟན་དར་བས་བུ་སློབ་རྣམས་ལ་དད་རྟེན་ཞིག་དགོས་ཚུལ་ནན་ཞུས་བྱས་པས། འོ་ན་གདུང་རུས་ལ་ཤིང་གི་མཆོད་རྟེན་ཞིག་བྱོས་གསུངས་པ་བཞིན་སྐུ་གདུང་ཞུགས་འབུལ་གྱི་སྐབས་སུ་རང་བསྲེལ་ལ་ཡིག་འབྲུ་དང་སྐུ་གཟུགས་ཀྱི་རྣམ་ཅན་མང་དུ་བྱུང་བ་སྙིང་བོར་བྱས་ནས་མཆོད་རྟེན་བཞེངས་ཏེ་དེར་བཞུགས་པའི་གདུང་མདུན་དུ་མཚམས་ཁང་དུ་གྲགས།

གདུང་ཐལ་གྱི་སྐུ་དཔར་དུས་ཀླུ་དགེ་སློང་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་ས་དམར་འཚོལ་དུས་ས་དམར་ཚོན་མདོག་སྣ་ཚོགས་ཀྱི་གཏེར་ཞིག་རྙེད་ནས་སྐུ་དཔར་ཞིང་སྐུ་དག་ཀྱང་སྒྲིག་དུས་འཇའ་ཚོན་གྱིས་འཁྱུད་པ་དང་འདྲ་ཞིང་རྗེས་སུ་ས་དམར་དེ་མི་མང་བོ་ས་དམར་གྱི་གཏེར་དེ་བཙལ་ཀྱང་སུས་ཀྱང་རྙེད་མེད།

རིག་གསར་སྐབས་རྒྱ་མི་སྐོར་ཞིག་གིས་མེ་ལ་བསྲེགས། བསྟན་པ་སླར་གསོ་བྱེད་དུས་སླར་ཡང་བཞེངས།

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    

བརྒྱུད་འགོད།