ཧོད་ཡུལ་མཚམས་ཁང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-26 12:34:54     རྩོམ་པ་པོ།   ཤེས་རབ་བསྟན་དར།     ཀློག་ཐེངས།  

 

སྔོན་ཆད་རྗེ་གསེར་ཁང་བ་གནས་འདིར་བཞུགས་ནས་བདེ་མཆོག་དཀར་པོའི་བསྙེན་པ་དང་ཁྲི་ཀའི་རི་ཁྲོད་པའི་གཉིས་པའི་མཆོད་མེ་ཞེས་པའི་ལོ་རེའི་ཆོས་ཐོག་ཆེན་མོ་དེ་བོན་སྐོར་སྡེ་བས་སྦྱིན་བདག་མཛད་ནས་གནས་འདིར་ཐེངས་གཅིག་ལ་བཟུང་། ས་དེ་ནས་ལྟོས་ན་རྨ་ཕ་རོལ་གྱི་ཏིང་ཀྱྰ་སྒར་ན་ཨ་རིག་དགེ་བཤེས་ཆེན་མོའི་སྐུ་གདུང་བཞུགས་ས་དེར་ཁོང་གིས་ཕྱག་རྒྱུན་དུ་འབུལ་གྱིན་འདུག རི་ཆུང་ཆུང་འབུར་བོ་ཞིག་གི་སྟེང་ན་ཆགས་ཡོད།

ནུབ་ཕྱོགས་ན་གདོང་རིང་ཞེས་པའི་ལ་རིང་པོའི་གཡོན་ཟུར་ན་གདོང་ཁ་རིང་བོ་ལིང་གའི་དབྱིབས་ལྟ་བུ་ཞིག་བྱང་ཕྱོགས་ཨ་མ་ཁྱུང་སྨན་གྱི་ཕྱོགས་སུ་ཟུག་ནས་ཡོད། ཨ་མ་ཁྱུང་སྨིན་གྱི་ལུང་མདོ་དེ་ཆོས་འབྱུང་ཀྱི་ཚུལ་ཏུ་ཁ་ནུབ་ལ་འཁོར་ནས་ཐབས་ཤེས་ཟུང་འབྲེལ་དང་ཡབ་ཡུམ་སྙོམས་པར་ཞུགས་པའི་ཚུལ་ཏུ་གནས་ཡོད། དབང་ཕྱུག་ཆེན་པོའི་གནས་ལ་མཆོག་ཡབ་ཡུམ་གྱིས་བྱིན་རླབས་ཞུགས་ནས་ཡོད།

གནས་རི་དེའི་ཕྱིའི་དབྱིབས་དེ་འདྲ་ཞིག་ལ་གཞི་བཅོལ་ནས་གནས་དེ་བདེ་མཆོག་དཀར་པོའི་གནས་སུ་རྗེ་གསེར་ཁང་བས་ངོས་འཛིན་གནང་བ་རེད། ཕྱིས་སུ་ཨ་ལགས་སྐྱང་ཚེ་སྐུ་རྒན་པ་ཚང་སྐུ་མཚམས་ལ་བཞུགས་པ་ནས་ས་དེའི་མིང་ལ་སྐྱང་ཚེ་སྒར་ཁ་ཡང་ཟེར། ད་ལྟ་རི་དེའི་ཕྱེད་རྨ་ཆུའི་ནང་དུ་ནུབ་འདུག

མཚོ་ལྷོའི་རི་ཆུ་རིག་གནས ་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn          

བརྒྱུད་འགོད།