ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 16:28:40     རྩོམ་པ་པོ།   བྱ་སྟོད་འོད་ཟེར།    ཀློག་ཐེངས།  

 

微信图片_20171124163140.jpg

མང་རའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ནི་སའི་དགེ་བཅུའི་དཔལ་གྱིས་མངོན་པར་མཛེས་པ། མང་རའི་འཇག་རི་ཞེས་པའི་ཡུལ་དེ་གར་མང་ར་བ་སེངྒེ་རྒྱལ་མཚན་དཔལ་བཟང་བོ་ཞུ་བ་ཁོང་གིས་གནས་དེར་ཡུན་རིང་ལ་སྒྲུབ་པ་ཉམས་ལེན་བྱས་པས་གང་ཟག་གི་མཚན་ས་མིང་ལ་ཐོགས་ཏེ་མང་ར་ཞེས་པའི་ཡུལ། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་གི་ལྷོ་ནུབ་ཀྱི་མཚམས་སྤྱི་ལེ་བཅོ་བརྒྱད་ལྷག་གི་སར་གནས་ཤིང་།མདོ་སྔགས་ཟུང་གི་འཆད་ཉན་ཡོད་ཅིང་དགེ་ལུགས་པའི་དགོན་པ་ཞིག་ཡིན།

སྔོན་རྒྱལ་མཆོག་བདུན་པ་ ༧བསྐལ་བཟང་རྒྱ་མཚོ་མཆོག་མདོ་སྨད་དུ་བྱོན་པའི་ལམ་བར་ནས་གནས་འདིར་བཞུགས་པས་ཤེལ་ལུང་བཞུགས་ཁྲི་གོང་མ་ཞེས་བསྔགས་པ་གནས་ཕུན་སུམ་ཚོགས་པ་དེར། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་ངེས་དོན་ཕྱག་རྒྱ་ཆེན་པོར་དབང་བསྒྱུར་བའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ༧རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་དགོན་སྡེ་འདི་ཉིད་ཕྱག་བཏབ་པ་ཡིན་ལ།

བླ་མ་རྡོ་རྗེ་འཆང་གང་ཉིད་ནི་མཚོ་སྔོན་པོ་མདའ་བཞིའི་ལྡོང་སྐོར་ཞེས་པའི་ནང་དུ་ཡབ་སངས་རྒྱས་སྐྱབས་དང་། ཡུམ་སྒྲོལ་རིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བ་ཕུར་བུ་ཞེས་པ་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཐིག་བརྒྱད་༡༩༠༨ལོར་སྐུ་འཁྲུངས།

དམ་པ་གང་ཉིད་གཞོན་ནུའི་དུས་སུ་དམ་པའི་རང་རྟགས་མངོན་དུ་གྱུར་ཏེ་དགོན་སར་རྣམ་རྒྱལ་གླིང་དུ༧ ལྡོང་མཁན་པོ་ཚང་ལས་རབ་ཏུ་བྱུང་སྟེ་ཚངས་སྤྱོད་ཀྱི་འབྲས་བུ་དཔྲལ་བའི་མིག་བཞིན་སྲུང་བར་མཛད། དགུང་ལོ་བརྒྱད་པར་ལ་མོའི་ཡོངས་འཛིན་གྱི་སྤྲུལ་སྐུར་ངོས་འཛིན་གནང་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པར་མཛད་དེ་མདོ་སྔགས་རིག་པའི་གནས་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་སྙན་པ་ཕྱོགས་བཅུར་ཁྱབ།

རྗེ་བླ་ཁོ་རྡོ་རྗེ་འཆང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དམ་པ་དེ་ཉིད་ལས་དབང་ལུང་མན་ངག་གི་གདམས་པ་མཐའ་དག་ལེགས་པར་མནོས། དམ་པ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་ཐོས་བསམ་བསྒོམ་གསུམ་དང་།འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་ཁོ་ནས་ཕྱོགས་ཀྱི་གདུལ་བྱ་རིས་སུ་མ་མཆིས་པ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ལེགས་པར་བསྐྱངས་པས་འཛམ་གླིང་ཞི་བདེ་དང་།འགྲོ་ཀུན་ཕན་བདེ་ལམ་བཟང་དུ་འཁྲིད་མཁས་པའི་དེད་དཔོན་ཆེན་པོར་གྱུར།

སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་བཀའ་ཡི་མེ་ཏོག་སྤྱི་བོར་བབ་པ་ལྟར་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སོ་ལྔ་ལོར་༡༩༣༥ དགོན་པའི་གཞི་ཚུགས། ཐར་ཤུལ་སྤྱི་བའི་གྲྭ་བ་འགའ་ཞིག་དགོན་སྡེ་འདིིའི་ཐོག་མའི་གྲྭ་རྒྱུན་བྱས་ཐོགསྔོན་གྱི་འདུ་ཁང་རྙིང་བའི་གནས་སུ་ཚོགས་རིས་ཀྱི་ཚོམས་ཆེན་ནང་དུ་གཞི་གསུམ་གྱི་ཉམས་ལེན་དང་།ཞབས་བརྟན།ཆོས་ཐོག་གང་འཚམ་རེ་འགྲུབ་པའི་སྦྱོར་བ་བརྩམས། ཕྱིས་སྔོན་གྱི་འདུ་ཁང་དང་།སྟོན་ཆོས་ལྷ་ཁང་གཉིས་བཞེངས། རིམ་གྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ།གཅོད་ཀྱི་ཞབས་བརྟན། གསུམ་པའི་སྒྲུབ་མཆོད། དྲུག་པའི་གསང་འདུས།བཅུ་བའི་ལྔ་མཆོད་སོགས་ཀྱི་སྒྲུབ་མཆོད།ལྕགས་མཁར་ནག་པོ་ཟུར་དགུ་བའི་ཆོས་ཐོགརབ་གནས་ཆེན་མོ་སོགས་ཀྱི་ཆ་ལག་དང་བཅས་པ་ལེགས་པར་བཙུགས། དེ་དག་གི་འདོན་རྟ་དབྱངས། ཐིག་རྡུལ་ཚོན།རྡུང་འབུད་དཀྲོལ།  གར་ཕྱག་རྒྱ། བཅའ་ཕྱག་ལེན་སོགས་ཀྱི་འཆད་ཉན་ཕྲ་མོ་ཙམ་ཡང་མ་ལུས་པ་ལེགས་པར་ཚུགས།

བསྡུས་གྲྭ་འཛིན་གྲྭ་གསུམ།བློ་རྟགས་འཛིན་གྲྭ་གཅིགརྣམ་འགྲེལ་དང་ཕར་ཕྱིན་འཛིན་གྲྭ་གསུམ།ལམ་རིམ་འཛིན་གྲྭ་སོགས་འཛིན་གྲྭ་བརྒྱད་དུ་ཕྱེས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་ཆེན་མོ༧ རྗེ་བློ་བཟང་རྒྱ་མཚོ་མཆོག་དགོན་པར་རྒྱུན་བཞུགས་གནང་སྟེ་འཛིན་གྲྭ་སོ་སོ་ལ་དཔེ་ཁྲིད་གནང་བས་རྩོད་པའི་ཁྱུ་མཆོག་མང་དུ་བྱུང་།དེ་འབྲེལ་ཆོ་ག་ཆོས་སྤྱོད་ཀྱི་འདོན་རྟ་དབྱངས་གསུམ་གྱི་བཀའ་དྲིན་རྒྱུན་ཆགས་སུ་བསྩལ་བས་འཆད་ཉན་གྱི་རྩ་བ་ཚུགས་ཤིང་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་སུ་གྱུར་དང་འགྱུར་བཞིན་ཡོད།

ད་ལྟ་འདུ་ཁང་ཆེན་མོ། བྱམས་ཁང་ཡིད་དགའ་ཆོས་འཛིན།རྗེ་ལྷ་ཁང་ངམ་གསེར་སྡོང་ལྷ་ཁང་། སྟོན་ཆོས་འཇམ་དབྱངས་ལྷ་ཁང་སོགས་སུ་རྒྱལ་བའི་བཀའ་བསྟན་དང་།མཁས་གྲུབ་དུ་མའི་གསུང་རབ་ཀྱི་གླེགས་བམ་བྲག་རིའི་གཏོས་དང་མཉམ་པ་ལྷ་མིའི་བསོད་ནམས་བསགས་པའི་ཞིང་སར་མངོན་པར་བསྐྲུན་ཡོད།

ད་ལྟ་རང་དགོན་པ་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་དང་། ལྷག་པར་རྡུལ་ཚོན་རིག་གནས་ནི་ཞིང་ཆེན་རིག་དངོས་སྲུང་སྐྱོབ་གཅིག་བུ་ལ་བདམས་ཐོན་བྱུང་ཡོད་པས་ཞར་བྱུང་རྡུལ་ཚོན་དཀྱིལ་འཁོར་གྱི་ངོ་སྤྲོད་མདོར་བསྡུས་བརྗོད་པར་བྱ་བ་ལ། དེ་ཡང་དཀྱིལ་འཁོར་ལ་བསམ་གཏན་གྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར།  རས་བྲིས་ཀྱི་དཀྱིལ་འཁོར་སོགས་ཡོད་ལ་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་ནི།  རྒྱུད་སྡེ་སོ་སོའི་དབང་ཐོབ་ཅིང་།  དམ་ཚིག་དང་སྡོམ་པ་ལེགས་པར་སྲུང་བའི་སྒྲུབ་བ་བོ་རྣམས་ཀྱིས་སའི་དཀྱིལ་ཆོག་དང་འབྲེལ་བའི་ལས་རྣམས་སྦྱང་བའི་ཡོན་གྱིས་མཐོ་བ་རྣམས་དཀྱིལ་འཁོར་གྱི་ལས་སུ་འཇུག་དགོས་པ་ཡིན་ནོ།།  

དཀྱིལ་འཁོར་གང་ལ་བྲི་བའི་གནས་སུ་ས་བརྟག་པ་དང་།  བསླང་བ། སྦྱངས་པ་སོགས་སྔོན་དུ་འགྲོ་དགོས་པ་རྒྱུད་སྡེ་ཐུན་མོང་གི་ལུགས་ལྟར་ལ།  དཀྱིལ་འཁོར་གང་ལ་འཇུག་པའི་གཞིར་དཔོན་སློབ་རྣམས་ཀྱིས་ཆོ་གའི་ཡོ་བྱད་རྣམས་ཚང་ཞིང་། གཏོར་མ་བཅའ་བཟོ་ལ་ཕྱག་ལེན་གྱི་ཁུངས་བཙུན་པར་བྱས་ཏེ་བཟོ་དགོས། རྡུལ་ཚོན་དཀྱིལ་འཁོར་གྱི་རྒྱུ་གཙོ་བོ་ནི། རྡོ་ཅོང་ཞི་དང་། རིན་པོ་ཆེ་ཡི་རྒྱུ་རྣམས་ཕྱེ་མར་བཟོས་ཤིང་ཚོན་གྱིས་ཁ་བསྒྱུར་ཏེ་དཀྱིལ་འཁོར་བྲི་དགོས་པ་ཡིན།  རྡུལ་ཚོན་གྱི་སྔོན་དུ་དཀྱིལ་ཆོག་དང་འབྲེལ་བར་ལྷ་སོ་སོའི་བཞུགས་གནས་དང་། གཞལ་ཡས་ཁང་། དུར་ཁྲོད་ཡོད་པ་དང་མེད་པ་སོགས་ཀྱི་རྣམ་པ་ཐིག་རྩ་ལྟར་བྲིས་ཤིང་བྱིན་གྱིས་བརླབས་པའི་གཞི་ལ་རྡུལ་ཚོན་གྱིས་སྤྲོས་པ་དེ་ནི་རྡུལ་ཚོན་དཀྱིལ་འཁོར་ཡིན་ལ།   དགོན་སྡེ་འདི་ནི་རྒྱུད་སྡེ་འཆད་ཉན་གཙོ་བོར་བྱེད་ཅིང་།   རྒྱུད་སྡེ་བཞིའི་ཆོ་ག་སྣ་ཚོགས་ལས་བདེ་གསང་འཇིགས་གསུམ་གཙོས་ཀྱི་འདོན་རྟ་དབྱངས།   གཏོར་མ་བཅའ་བཟོ།  རྡུང་འབུད་དཀྲོལ།  གར་ཕྱག་རྒྱ།   ཐིག་རྡུལ་ཚོན་གྱི་འཆད་ཉན་ལ་གཞན་དྲིང་མི་འཇོག་པའི་དགེ་འདུན་པ་མང་དུ་འབྱུང་བཞིན་ཡོད་དོ།།

微信图片_20171124170348.jpg

   རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།