སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་གི་ལོ་རྒྱུས་ཉུང་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-03-11 02:23:49     རྩོམ་པ་པོ།   ཆིག་ཐུབ།    ཀློག་ཐེངས།  

1 (1).jpg

བྱ་གཞུང་སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་ནི། མང་རྫོང་མགོ་མང་གྲོང་རྡལ་ནས་སྤྱི་ལེ་བཅུ་གསུམ་གྱིས་ཆོད་པའི་ཤར་ལྷོའི་མཚམས་སུ་སྨར་ཁམས་ཞེས་པའི་སྡེ་དཀྱིལ་དུ་ཆགས་ཡོད་ལ།  གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་ཡིན། དེ་ཡང་སྤྱི་ལོ ༡༩༤༨ ལོར་གཡེར་གཤོང་ཆུང་བའམ་མཁན་ཆེན་ནོ་མོ་ཧན་སྐུ་ཕྲེང་ལྔ་བ ༧རྗེ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཚང་གནས་འདིར་ཕེབས་ནས་མདོ་སྔགས་ཀྱི་དབང་ལུང་མཐའ་ཡས་པའི་ཆོས་ཆར་ཕབས་ཏེ། སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། སྔོན་གྱི་སྨར་ཁམས་སྤྱི་བ་ཞེས་པ་དེར་ཁོང་གིས་ཚོགས་གཉིས་འཕེལ་རྒྱས་གླིང་ཞེས་མཚན་བསྩལ་པ་དང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་པར་བསྐྱངས།

དེ་རྗེས་༧ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོས་ཐུགས་ཐག་བཅད་པའི་གཡེར་གཤོང་མཁན་ཆེན་ནོ་མོ་ཧན་གྱི་ཡང་སྤྲུལ་༧རྗེ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཉིད་ཀྱིས་སླར་ཡང་༡༩༨༧ ལོར་དགོན་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་སོགས་མདོར་ན་སྐུ་ཚེ་ཕྲེང་བརྒྱུད་ཀྱིས་ཆོས་སྡེ་འདི་བརྩེ་གཟིགས་ཟབ་མོས་བསྐྱངས་པ་ལ་བརྟེན་ཁོང་ནི་དགོན་འདིའི་རྩ་བའི་བདག་པོར་དོན་གྱིས་གྲུབ་ཡོད།

དེ་ལས་གཞན་བསྟན་པ་ཡང་དར་གྱི་སྐབས་ལྷ་རྗེ་བདེ་ལེགས་མཆོག་གི་བཀའ་དྲིན་གྱིས་མང་རྫོང་གི་དགོན་སྡེ་ཁག་ལས་ཆོས་སྒོ་སྔ་ཤས་སུ་ཕྱེས་ཏེ། ཨ་ཁུ་དགེ་འདུན་གསུང་རབ་དང་ཨ་ཁུ་སྨན་པ་ཕུན་ཚོགས་གཉིས་གཙོས་སྤྱི་དོན་ལ་ལྷག་བསམ་དཀར་ཞིང་། བསྟན་པ་ལ་དད་སྟོབས་ཆེ་བ་སྐོར་ཞིག་གིས་འབད་བརྩོན་ལ་བརྟེན་ནས་སྔོན་གྱི་དགོན་ཤུལ་དུ་འདུ་ཁང་གྱན་དྲུག་དང་མགོན་ཁང་གྱན་གཉིས་ཀྱི་བདག་ཉིད་ཅན་རྟེན་དང་བརྟེན་པར་བཅས་པ་ཡུལ་འདིའི་དད་ལྡན་དག་གི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་གྲུབ།

སྤྱི་ལོ ༡༩༨༥ ལོའི ༧ པའི་ཚེས ༤ ལ་མདོ་སྨད་འགྲོ་བའི་སྐྱབས་གཅིག་ལ་མོའི་ཡོངས་འཛིན་རིན་པོ་ཆེ་ཡུལ་འདིར་ཐོག་མར་ཞུས་ཏེ་སྐྱབས་འགྲོའི་ཁྲིད། འཇིགས་བྱེད་དཔའ་གཅིག་གི་དབང་། རྟོགས་བརྗོད་མདུན་ལེགས་མ་དང་། རྟེན་འབྲེལ་བསྟོད་པ་སོགས་ཀྱི་ལུང་དང་བཅས་པའི་ཟབ་ཆོས་མང་དུ་བསྩལ་ཅིང་། རྗེ་ཉིད་ཀྱི་སྤྱན་སྔར་མི་བརྒྱད་རབ་ཏུ་བྱུང་སྟེ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་བཙུགས་ཤིང་། ལོ་དེའི་ཟླ་བརྒྱད་པའི་ཚེས་བཅུ་ཉིན་དགོང་ཚོགས་ཀྱི་སྲོལ་ཡང་ལེགས་པར་བཙུགས། དེ་ནས་རིམ་གྱིས་གྲྭ་བ་ཇེ་མང་དུ་སོང་བ་དང་བསྟུན་ཕྱིས་སུ་དགོང་ཚོགས་དེ་ཡང་ཞོགས་ཚོགས་ལ་བསྒྱུར།

སྤྱི་ལོ ༡༩༨༩ ལོར་རྔ་བའི་དགེ་བཤེས་ཚུལ་ཁྲིམས་ཚང་ཕེབས་ཏེ། ཚེ་དཔག་མེད་ཀྱི་དབང་དང་། སྐྱབས་འགྲོ། འཇམ་དབྱངས་གང་བློ་མའི་ཁྲིད་སོགས་གནང་།

སྤྱི་ལོ ༡༩༩༡ ལོར་དགོན་འདིའི་གྲྭ་བགྲེས་གཞོན་དུ་མས་གསོལ་བ་བཏབ་པ་ལྟར་སྐྱབས་རྗེ་ལ་མོའི་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ལོག་སྤྱོད་ཀྱི་གཉེན་པོར་དམ་ཆོས་འདུལ་བའི་དགོངས་དོན་ལྟར་བཅའ་ཡིག་བདུད་རྩིའི་བུམ་བཟང་ཞེས་པ་མཛད།

སྤྱི་ལོ ༡༩༩༤ ལོར་ངེས་དོན་མཁས་པའི་དབང་བོ་ལྷ་སྡེ་ཨ་ཁུ་ཀུན་བཟང་ཚང་གདན་དྲངས་ཏེ་རྩིས་སྐར་ནག སྒྲ་སྙན་ངག སུམ་རྟགས་དག་གསུམ། སྔགས་ཀློག་ཐབས་སོགས་ཀྱི་ཁྲིད་སྤེལ་ཏེ། རིག་གནས་ཀྱི་རྨང་གཞི་ལེགས་པར་བཏིང་བ་སོགས་ཀྱི་རྐྱེན་བྱས་ཏེ།  གསུང་སྐྱེས་སློབ་བུ་དག་གིས་དགོན་པའི་སློབ་གྲྭ་ཤེས་རིག་སྐྱེད་ཚལ་གླིང་བཙུགས། རིགས་པ་སྨྲ་བ་དགེ་སློང་བློ་བཟང་འཕྲིན་ལས་དང་། བསྟན་འཛིན་རྒྱ་མཚོ། གྲགས་པ་རྒྱ་མཚོ། བློ་བཟང་བསམ་འགྲུབ། དམ་ཆོས་རྒྱ་མཚོ་བཅས་ཀྱིས་དགེ་རྒན་གྱི་འགན་ཁུར་ཏེ་སློབ་བུ་མང་བོ་བསྐྱངས།

༡༩༩༣ ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བློ་བཟང་རྒྱ་མཚོ་ཚང་དགོན་འདིར་ཐོག་མར་གདན་དྲངས་པ་ནས་བཟུང་སྔ་ཕྱིར་ལན་དུ་མར་ཕེབས་ནས་དབང་ལུང་རྗེས་གསུམ་གྱིས་མཚོན་པས་བཀའ་ཆོས་མང་དུ་གསུངས་ཏེ། སྐལ་བ་དང་ལྡན་པ་རྣམས་ཀྱི་རྒྱུད་སྨིན་པར་བྱས་ཤིང་། གཞི་གསུམ་གྱི་ཆོ་ག་ལེགས་པར་བཙུགས།  དབྱར་ཆོས་ལ་ཉིན་ཞེ་ལྔའི་ཡུན་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་པཎ་ཆེན་བདེ་ལམ་རྟ་དང་བཅས་ཏེ་ཆོ་གའི་ཚིག་རིས་བཞིན་དུ་དམིགས་རིམ་སྐྱོང་བའི་ཕྱག་སྲོལ་བཙུགས་ཤིང་། དེ་ཡང་འདོན་རྟ་དབྱངས། འབུལ་རོལ་མོ་སོགས་བཅའ་ཁ་ཕྱག་ལེན་མཐའ་དག་དབེན་གནས་ཡིད་དགའ་ཆོས་འཛིན་ལྟར་བཙུགས་པ་སོགས་ཀྱི་སྒོ་ནས་དགོན་འདིའི་སྒྲིག་ལམ་ཀུན་སྤྱོད་སོགས་གང་ཅིའི་ཐད་ལ་ཡར་རྒྱས་ཆེན་པོ་བྱུང་བ་སོགས་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ།།

གཞན་ཡང་དགོན་པའི་ལས་ཀྱི་སྣེ་མོ་བ་དག་གིས་ཐུགས་ཁུར་ཆེར་བཞེས་ཀྱི་སྒོ་ནས་སྒྲུབ་སྡེ་རང་གི་སྔོན་གྱི་ཕྱག་སྲོལ་བཟང་བོ་རྣམས་མ་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་ཡི་ཆེད་དུ། ཐིག་རྡུལ་ཚོན། གར་ཕྱག་རྒྱ། འབུད་རོལ་མོ་སོགས་སྔོན་གྱི་དམ་པ་དག་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་མཐའ་དག་ལ་ནང་བྱན་ཆུད་པའི་བན་ཤུལ་དགོན་རྙིང་གི་ཨ་ཁུ་བློ་གྲོས་ཚང་དགོན་འདིར་ཆེད་དུ་ཞུས་ཏེ། འཇིགས་བྱེད་ལྷ་བཅུ་གསུམ་མའི་ཆོ་ག་སོགས་རྒྱུད་སྡེའི་སྐོར་གྱི་བཅའ་ཁ་ཕྱག་ལེན་མཐའ་དག་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་སྲོལ་ཇི་ལྟ་བ་བཞིན་དུ་གྲ་མ་ཆག་གྲུ་མ་ཉམས་པར་འཛུགས་པར་མཛད་པ་སོགས་བསྟན་འགྲོར་སྨན་པའི་བྱ་བ་རྒྱ་ཆེར་བྱས་སོ།།

དེ་སྔ་ཡན་ཆད་ལ་སྒྲུབ་སྡེ་འདིའི་ངོས་ནས་དེ་ལྟར་བཤད་སྒྲུབ་གཉིས་ལས་སྒྲུབ་པ་ལ་གཙོར་འདོན་མཛད་མོད་ཀྱང་། བཤད་པ་སྟེ་འཆད་ཉན་གྱི་རིགས་གཙིགས་སུ་འཛིན་པའི་སྲོལ་དེ་ཙམ་མ་དར་ཡང་ད་ལྟའི་གནས་སྐབས་ལ་འཆད་ཉན་གྱི་ལམ་དང་ལུགས་སྲོལ་ཡང་སྔོན་དང་བསྡུར་ན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་པས་བཤད་སྒྲུབ་ཟུང་འབྲེལ་གྱི་དགོན་པ་ཞིག་ཏུ་གྱུར་ཡོད་ལ། དེ་ཡང་མཁན་ཆེན་ནོ་མོ་ཧན་གྱི་སྐུ་སྐྱེས་༧རྗེ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་དང་ལ་མོ་ཡོངས་འཛིན་རིན་པོ་ཆེ། རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་བོ། རྗེ་རྒྱབ་ཚ་ལུང་རིགས་སྤྲུལ་བའི་སྐུ། རྗེ་འཇའ་མོ་ཚང་།  མེར་རྒན་མཁན་པོ་ཚང་སོགས་དགོན་འདིར་གཟིགས་སྐྱོང་ལྷོད་མེད་གནང་བའི་དམ་པ་དག་གི་སྐུ་དྲིན་དང་། སྐྱེས་ཆེན་དེ་དག་གི་ཞབས་རྡུལ་སྤྱི་བོར་ལེན་ཞིང་བཀའ་གསུང་ཇི་བཞིན་དུ་སྒྲུབ་པའི་རྒན་པ་དང་། ལས་ཀྱི་སྣེ་མོ་བ་དག་གི་ཕྱག་རྗེས་འབའ་ཞིག་ཡིན་ལ།  དེ་ལྟར་ཁོང་རྣམ་པས་ཐུགས་བཀོད་ལྟར་ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དམ་པ་༧སྒོ་མང་སྤྲུལ་བའི་སྐུ་ལ་མོའི་འོད་ཟེར་མཚན་ཅན་ཁོང་དགེ་རྒན་དུ་གདན་དྲངས་ཏེ། གུང་ཐང་སྐྱབས་ཁྲིད་དང་། ཀུན་མཁྱེན་འཇིགས་མེད་དབང་བོའི་ས་ལམ། གྲུབ་མཐའ་རིན་ཕྲེང་། ཀུན་མཁྱེན་དོན་བདུན་ཅུ། དབལ་མང་སེམས་བྱུང་། སྡོམ་གསུམ་བསླབ་བྱ། པཎ་ཆེན་བདེ་ལམ། དབྱངས་ཅན་སྒྲ་མདོ། སྤྱོད་འཇུག་ཆེན་མོ་སོགས་སྲིད་ན་དཀོན་པའི་ཟབ་ཆོས་ཀྱི་རྒྱུན་ཅི་འདོད་དུ་སྩོལ་པའི་བཀའ་དྲིན་གྱིས་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ལགས་སོ།།

    དེ་ནས་ཆོས་ཐོག་གི་རིམ་པ་ལ། ཧོར་ཟླ་དང་བོའི་ཚེས་བདུན་ནས་བཅོ་ལྔའི་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཧོར་ཟླ་གསུམ་པའི་ཚེས་བཅུ་ནས་བཅོ་ལྔའི་བར་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒྲུབ་མཆོད། ཧོར་ཟླ་བཞི་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་གནས་བཅུའི་མཆོད་ཆོག་དང་རྗེའི་མཆོད་ཆོག འོད་དཔག་མེད་ཀྱི་མཆོད་ཆོག  སྨྱུང་གནས་སོགས་བཞི་བའི་སྨོན་ལམ་ཆེན་མོ།   སྔོན་གྱི་སྒྲིག་ཡིག་ན་མེད་ཀྱང་དགོས་དབང་གིས་གསར་དུ་ཁ་གསབ་བྱས་པ་ནི། ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ལ་མོ་ཡོངས་འཛིན་རིན་པོ་ཆེ་གདུང་མཆོད་དུ་གནས་བཅུའི་མཆོད་ཆོག་དང་ཆོས་སྤྱོད་གང་རྒྱས་སུ་བྱ་བའོ།།

ཧོར་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་༧མཁན་ཆེན་ནོ་མོ་ཧན་གྱི་གདུང་མཆོད་ལ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད། ཧོར་ཟླ་དྲུག་པའི་ཚེས་བཞི་ཉིན་ཆོས་སྐོར། ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཏེ་སངས་རྒྱས་ལྷ་ལས་བབས་པའི་དུས་ཆེན་ལ་རྗེའི་སྟོང་མཆོད། ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཉེར་དགུའི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ལ་རས་བྲིས་ལ་བརྟེན་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་བདག་འཇུག    ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་ཏེ་ཟླ་གཅིག་གི་ཡུན་ལ་ལོ་བསྟར་ཆགས་སུ་ཆོས་མཚམས་ལ་འདུག་པ ཧོར་ཟླ་བཅུ་གཉིས་པའི་ཟླ་སྨད་ལ་སེང་གདོང་གཏོར་བཟློག  ཟླ་ངོ་ཅོག་གི་ཚེས་བཅུ་ལ་འཇིགས་བྱེད་ལྷ་བཅུ་གསུམ་པ། བཅོ་ལྔ་ལ་བླ་མཆོད་དང་སྨན་ཐུང་ཕྱག་མཆོད། སྨོན་ལམ་རྣམ་ལྔ་སོགས།  ཉེར་ལྔ་ལ་འཇིགས་བྱེད་བཅུ་གསུམ་པ། ཉེར་དགུ་ལ་མགོན་ཆོས་ལྷ་གསུམ་གྱི་བསྐང་གསོལ། ཞོགས་ཚོགས་ལ་འཇིགས་བྱེད་དཔའ་བོ་གཅིག་པ་དང་དྲུག་ཅུ་བ་སོགས་ཆགས་མེད་མཛད།

ཕྱིའི་བཀོད་པ་དང་ནང་རྟེན་གྱི་སྐོར་དཀར་ཆགས་ཀྱི་ཚུལ་དུ་ཅུང་ཙམ་འཆད་ན།     སྤྱི་ལོ་༡༩༩༣ ལོར་དགེ་སློང་ཤེས་རབ་དང་ངག་དབང་གཉིས་ཀྱིས་དགོན་གཙོའི་འགན་ཁུར་བ་དང་། སྔ་གཞུག་ཏུ་ལས་ཀྱི་སྣེ་མོ་བ་དག་གིས་གཙོས་དགོན་གྲོང་ཐུན་མོང་གི་སེར་སྐྱ་མི་མང་གི་རོགས་འདེགས་འབད་བརྩོན་འོག་ཀྭ་རིང་བཞིའི་བཏེགས་པའི་འདུ་ཁང་ཆེན་མོ། བཙན་ཁང་། སྤྱི་ཁང་། རུང་ཁང་། མ་ཎི་འཁོར་ཁང་། སློབ་གྲྭའི་སློབ་ཁང་། གཡེར་གཤོང་ནང་ཆེན། དགེ་རྒན་རིན་པོ་ཆེའི་གཟིམ་ཁང་། མཐོ་ཚད་ལ་རྨིད་བཅུ་གཉིས་ལོངས་པའི་བྱང་ཆུབ་མཆོད་རྟེན་ཆེ་བ་གཅིག  རྨིད་བརྒྱད་ཅན་གྱི་མཆོད་རྟེན་བརྒྱད་པ་བཅས་བཞེངས་བསྐྲུན་མཛད་ཡོད་ལ། དེ་དག་གི་ནང་རྟེན་གྱི་སྐོར་ནི། ཚོགས་ཆེན་འདུ་ཁང་གི་གཙོ་སྐུ་ལ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དང་། གཡས་སྟོན་པ་ཤཱཀྱ་མུ་ནེ་ལོངས་སྐུའི་རྣམ་པ་ཅན། གཡོན་མཁན་ཆེན་ནོ་མོ་ཧན་གྱི་བླ་སྐུ་གསུམ་བཅས་དང་། དེ་དག་གི་མཐོ་ཚད་ལ་ཁྲི་བཅུ་གཉིས་རེ་དང་། གཞན་ལ་མོ་ཡོངསའཛིན་རིན་པོ་ཆེ་བླ་སྐུ། རྗེ་བློ་བཟང་རྒྱ་མཚོའི་བླ་སྐུ། ཀུན་མཁྱེན་སྐུ་ཕྲེང་དང་བོའི་བླ་སྐུ། མཉམ་མེད་ཇོ་བོ་ཆེན་པོ། སྐྱབས་འགྲོའི་ཚོགས་ཞིང་། རྒྱན་དྲུག་མཆོག་གཉིས། ཆོ་འཕྲུལ་བཅོ་ལྔ། ལམ་རིམ་བླ་མ་བརྒྱུད་པའི་གྱན་ཐང་སོགས་སྐུའི་རྟེན་དང་། གསུང་གི་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་བཅུ་དྲུག བསྟན་འགྱུར་རིན་པོ་ཆེ་ཚར་གཉིས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཚར་གཉིས་རེ། ཀུན་མཁྱེན་གསུང་འབུམ་ཚར་གཉིས། གུང་ཐང་གསུང་འབུམ། ཕ་བོང་ཁའི་གསུང་འབུམ། ཨ་ཀྱཱ་ཡོངས་འཛིན་གྱི་གསུང་འབུམ། བསྟན་དར་ལྷ་རམས་པའི་གསུང་འབུམ། རྒྱལ་དབང་ལྔ་བའི་གསུང་འབུམ། བོ་དོང་པཎ་ཆེན་གྱི་གསུང་འབུམ་སོགས་པོ་ཏི་སུམ་སྟོང་ལྷག་བཞུགས། ཐུགས་ཀྱི་རྟེན་ལ་བྱང་ཆུབ་མཆོད་རྟེན་སོགས་བཞུགས།

བཙན་ཁང་ནང་རྟེན་ལ་བདེ་གསང་འཇིགས་གསུམ་དང་འཁོར་ཆེན། དུས་འཁོར། མགོན་ཆོས་ལྷ་གསུམ། རྣམ་སྲས་བཅས་ཀྱི་ཐང་ག      འདུ་ཁང་རྙིང་བའི་ནང་རྟེན་དུ་སྟོན་པའི་ཟངས་སྐུ་ཁྲི་གང་ཅན་དང་རྗེ་ཡབ་སྲས་གསུམ་གྱི་ཟངས་སྐུ་ཚུན་བདུན་ཅན། མཁའ་སྤྱོད་མའི་ཟངས་སྐུ་ཁྲི་གང་ཅན། འཇམ་པའི་དབྱངས་ཀྱི་སྐུ་གསེར་ཟངས་ལས་གྲུབ་པ་ཚུན་ལྔ་ཅན་སོགས་སྨན་སྐུ་དང་བྲིས་སྐུའི་སྐོར་ལྔ་བཅུ་ལྷག་དང་། གསུང་གི་རྟེན་ལ་སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར། རྗེ་གསུང་འབུམ། དབལ་མང་པཎ་ཌི་ཏ་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་སོགས་པོ་ཏི་བཞི་བརྒྱ་ལྷག་བཞུགས། མགོན་ཁང་དུ་སློབ་དཔོན་རིན་པོ་ཆེ། སེང་གདོང་། རྟ་མགྲིན་གསང་སྒྲུབ།  མ་གཟའ་རྡོར་གསུམ་གྱི་བཙན་ཐང་སོགས་སྐུ་གསུང་ཐུགས་རྟེན་གྱི་རིགས་ཇི་སྙེད་ཅིག་ཡུལ་ཕྱོགས་འདིའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། །

                                                          2016.4.1

                                                        རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།