ཙོང་ཁའི་དྲེད་ཁོག་སྰཙྪ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-19 21:46:19     རྩོམ་པ་པོ།   སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

དྲེད་ཁོག་སྰཙྪ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།  

ws.jpg

དང་བོ།     དྲེད་ཁོག་གི་གནས་ཡུལ།

གཉིས་པ།   དྲེད་ཁོག་གི་རི་ལུང་སོ་སོའི་ས་མིང་འགའ། 

གསུམ་པ།   སྰཙྪ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས། 

བཞི་བ།     དྲེད་ཁོག་སྡེ་ཁྲོད་དུ་སྐྱེས་པའི་བླ་སྤྲུལ་འགའ་ཞིག་གི་མཚན་ཐོ།  

ལྔ་བ།   གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོ་སྐུ་ཕྲེང་གསུམ་གྱི་རྣམ་ཐར་མདོར་བསྡུས།

         ༡ གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོ།

          ༢  དཀའ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ།

          ༣  དཀའ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་བྱང་ཆུབ་བསྟན་འཛིན། 

དང་བོ།   དྲེད་ཁོག་གི་གནས་ཡུལ། 

       དེ་ཡང་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་གི་ཞལ་ནས།  རབ་བརྟན་ནོར་འཛིན་དཔལ་མོ་ཡངས་པའི་གཞི། །  ཕུན་ཚོགས་དགེ་བཅུ་ཀུན་ཚང་ཙོ༵ང་ཁ༵འི་ཡུ༵ལ། །  མི་ཕྱུགས་བདེར་གནས་དྲེ༵ད་ཁོ༵ག་ས་ཡི་ཆར། །   རི་བྲག་སྤང་ལྗོངས་རྩི་ཤིང་ནགས་ཚལ་དང་། །  འབབ་ཆུ་ཆུ་མིག་ནེའུ་གསེང་སོགས་གནས་པའི། །   ཞེས་གསུངས་པ་ལྟར།  སྐུ་འབུམ་ཕྱོགས་པ་ཚོ་བའི་ནང་ཚན་དྲེད་ཁོག་འབྲོག་སྡེ་ནི་སྐུ་འབུམ་དགོན་པའི་ནུབ་ཕྱོགས་དང་།  ཨ་མྱེས་ཞལ་དཀར་རི་བོའི་བྱང་ངོས་སུ་ཡོད།   ཞལ་དཀར་རི་བོའི་བྱང་ཤར་མཚམས་སུ་བློན་པོ་བྱ་ལྡིང་དང་།   བྱ་ལྡིང་རི་བོའི་གདོང་རྒྱུད་ཟད་མཚམས་ཀྱི་འདབས་རོལ་དུ་ཕར་མདོ་གྲོང་སྡེའི་གནས་རི་ས་བདག་རྟ་རྣ་དང་རྟ་རྣ་ལབ་རྩེ་སོགས་ཡོད། ཕར་མདོའི་གནས་རི་ས་བདག་རྟ་རྣ་དང་།   ཆུ་དཀར་ཐང་གི་ལབ་རྩེ་ཀ་བཞི་མ་གཉིས་སྔོན་ཆད་སྐུ་འབུམ་གཞུང་དང་སྦྱི་སོ་ཆེན་མོ་ཐུན་མོང་གིས་ལོ་རེའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་མདའ་མདུང་གྲི་གསུམ་འཛུགས་པ་དང་།   བསང་དང་གསེར་སྐྱེམས་འབུལ་དགོས་པའི་སྲོལ་ཡོད་པར་བཤད།    སྐུ་འབུམ་དགོན་པའི་བླ་གྲྭ་རྒན་པ་དང་དྲེད་ཁོག་ས་ཆའི་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ།   དྲེད་ཁོག་ཅེས་པ་སྔོན་ཆད་ས་དེར་གཅན་གཟན་དྲེད་མོང་མང་བོ་ཡོད་པས་དྲེད་ཁོག་ཅེས་པའི་མིང་ཐོགས་པར་བཤད།   དྲེད་ཁོག་འབྲོག་སྡེའི་མི་རྒྱུད་རྣམས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཚང་རྒྱ་ནག་ཏུ་ཕེབས་སྐབས།   ཁོང་གི་སྐུ་རྗེས་འབྲང་བའི་གཙང་བ་དང་འཁོར་གཡོག་རྣམས་ཀྱིས་དྲེད་ཁོག་ས་ཆར་པཎ་ཆེན་ཚང་གི་འབུལ་ཟོག་མང་བོ་འཚོ་སྐྱོང་བྱས་ཏེ་བསྡད་པས་དྲེད་ཁོག་འབྲོག་སྡེ་ཆགས་པར་བཤད།   ཡང་པཎ་ཆེན་རིན་པོ་ཆེ་མདོ་སྨད་ཕྱོགས་སུ་མ་ཕེབས་པའི་སྔོན་དུ་མཚོ་སྔོན་པོའི་ཨ་རིག་ཡུལ་དུ།    ཨ་རིག་ཚོ་བ་འགའ་ཕན་ཚུན་མ་འཆམ་པས་ཚོ་སྐོར་གཅིག་ཡུལ་བུད་དེ་སྔོན་གྱི་རང་ཡུལ་མགོ་ལོག་ཨ་རིག་ས་ཆར་སོང་།   དེ་ནས་ཡུན་རིང་མ་འགོར་བའི་སྐབས་ཤིག་པཎ་ཆེན་རིན་པོ་ཆེ་ས་དེ་བརྒྱུད་ནས་སྐུ་འབུམ་དུ་ཕེབས་ཀྱིན་ཡོད་ཅིང་།    ཁོང་ཚོས་བདེ་སྡུག་གི་གནས་ཚུལ་ཞུས་པ་ན།   པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དུ་ཡོད་པའི་སྐུ་ངོ་རྗེ་དྲུང་ཚང་གིས་ཨ་རིག་ཚོ་བའི་འབྲོག་རུ་སྐོར་གཅིག་ས་དེར་སུ་རུག་ཏུ་བཞག་ཅིང་།   སྐོར་གཅིག་པཎ་ཆེན་རིན་པོ་ཆེ་ཕེབས་པའི་ལམ་སྐབས་ཀྱི་འབུལ་ཟོག་མང་བོ་འཚོ་སྐྱོང་དང་བདག་གཉེར་བྱེད་ཞོར་སྐུ་འབུམ་དུ་འོང་།   སྐུ་འབུམ་སྤྱི་སོས་བཀོད་སྒྲིག་ལྟར་དྲེད་ཁོག་ཨ་མྱེས་ཞལ་དཀར་རི་བོའི་འདབས་རོལ་ཏུ་ཕྱུགས་ཟོག་འཚོས་ནས་བསྡད་པས་དྲེད་ཁོག་འབྲོག་སྡེ་ཆགས་པར་བཤད།  ད་ལྟའི་དྲེད་ཆེན་རྡོ་རྗེ་རིན་ཆེན་གྱི་ཁྱིམ་ཁ་སོ་སོ་ཡང་དེའི་གྲས་ཡིན་ཟེར།  ཡང་སྐབས་སྔ་ཕྱི་དེར་ཁམས་ཡུལ་ཤུལ་ནས་དུད་ཁྱིམ་འགའ་རེ་དྲེད་ཁོག་ས་ཆར་ཡོང་སྟེ་གཞིས་ཆགས་བྱས་ཡོད་པ་སྐུ་འབུམ་ཨ་ལགས་ཨང་དཀར་སྤྲུལ་སྐུ་བློ་བཟང་བསྟན་པའི་དངོས་གྲུབ་ཚང་གི་ཡབ་མེས་གོང་མ་རྣམས་ཡིན་པར་བཤད།   ད་ལྟའི་དྲེད་ཆེན་གྲོང་སྡེ་དང་དྲེད་ཆུང་གྲོང་སྡེ་གཉིས་སྔོན་ཆད་སྡེ་བ་གཅིག་ཡིན་ཀྱང་།   རྗེས་སུ་ཁྱིམ་ཚང་ཁ་ཤས་ཀྱིས་དྲེད་ཆུང་ལུང་བར་ཕྱུགས་ཟོག་འཚོས་ནས་ནོར་བ་ལྟ་བུ་བསྡད་པས་དྲེད་ཆུང་གྲོང་སྡེ་ཆགས་པར་བཤད།   དྲེད་ཁོག་འབྲོག་སྡེ་མ་ཆགས་པའི་ཡར་སྔོན་དུ་ཕར་མདོ་གྲོང་སྡེ་དང་ལོན་པ་གྲོང་སྡེ་སོགས་ཀྱི་རྩ་ས་ཡིན་པར་བཤད།    དྲེད་ཁོག་འབྲོག་སྡེ་ནས་སྐུ་འབུམ་བར་དུ་སྔོན་གྱི་རྐང་ལམ་སྟེང་རྟ་དྲེལ་བཞོན་ཏེ་སོང་ན་ཆུ་ཚོད་ལྔ་ལྷག་འགོར་དགོས་པ་དང་།   སྔ་དྲོ་སྐུ་འབུམ་དུ་འོང་ནས་ཕྱི་དྲོ་དྲེད་ཁོག་ཏུ་སྔ་སེ་སླེབས་ཟེར། དེང་སང་དྲེད་ཁོག་གྲོང་སྡེ་ཕར་ཚུར་གཉིས་ཀར་ཁྱིམ་ཚང་སུམ་བརྒྱ་ལྷག་ཡོད་པར་བཤད།    དྲེད་ཁོག་འབྲོག་སྡེ་ས་དེར་གཞིས་ཆགས་ནས་རབ་བྱུང་བཅུ་བདུན་པའི་མེ་ཁྱི་སྤྱི་ལོ་༢༠༡༨ལོའི་བར་དུ་ལོ་གྲངས་ཉིས་བརྒྱ་དང་སོ་དགུ་འགོར་ཡོད་དོ། །   

གཉིས་པ།  དྲེད་ཁོག་གི་རི་ལུང་སོ་སོའི་ས་མིང་འགའ།  

      དྲེད་ཁོག་ས་ཆ་ནི་རི་བྲག་སྤང་ལྗོངས་དང་ཆུ་བོ་ནགས་ཚལ་སོགས་ཀྱིས་ཀུན་ནས་བརྒྱན་པའི་ཡུལ་ལུང་ཉམས་དགའ་བ་ཞིག་ཡིན་ཚུལ་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་དེ་ག་རང་ཡིན་ལ།  དྲེད་ཁོག་ཡུལ་གྱི་གནས་རི་ཨ་མྱེས་ཞལ་དཀར་ནི་ཙོང་ལ་རིང་མོའི་རྫ་རྒྱུད་དང་འབྲེལ་ཞིང་།   ཕྱོགས་གང་ནས་བལྟས་ཀྱང་བྲག་རི་མཐོན་པོ་རྔམ་བརྗིད་ཅན་དམག་དཔོན་ཞིག་གིས་ཁྲབ་རྨོག་གྱོན་ནས་ཞལ་བྱང་ཕྱོགས་སུ་འཁོར་བའི་རྣམ་པ།    རི་ངོས་ཕལ་ཆེར་གཡའ་བྲག་ཁོ་ནས་གྲུབ་པ་རི་རྩེ་དབུས་མ་མཐོ་ཞིང་གཡས་གཡོན་གྱི་རི་ཕྲན་རྣམས་ཅུང་ཟད་དམའ་བའི་རི་ཆེན་པོ་ཞིག་ཡིན།   ཞལ་དཀར་རི་བོའི་གཡས་ཕྱོགས་སུ་ཤུག་སྡོང་ལུང་བའམ་རྒྱ་སྐད་ཀྱི་པེ་མོ་ཞ་དང་བྲག་འགག་སོགས་ཡོད་ལ།   བྲག་འགག་གི་ཤར་ངོས་སུ་ཞལ་དཀར་ཉག་ཁ།   དེ་ནས་རེ་ཞིག་སོང་ན་གཡས་གཡོན་བྲག་རི་ཡིན་པའི་བྲག་འགག་སྒོ་ཆེན།   དེ་ནས་རེ་ཞིག་སོང་ན་བྱམས་པ་ལུང་བ་སོགས་ཡོད།  ཞལ་དཀར་རི་བོའི་འདབས་རོལ་ཀྱི་རི་སྒང་དུ་བློན་པོ་ལབ་རྩེ་ཡོད་ཅིང་བློན་པོ་ལབ་རྩེ་འདབས་ཀྱི་ཆུ་འགྲམ་དུ་ཀླུ་འབུམ་ལབ་རྩེ་ཡོད།    ཀླུ་འབུམ་ལབ་རྩེའི་མཐའ་སྐོར་དུ་ཆུ་མིག་ཆེ་ཆུང་མང་བོ་ཡོད་པ་དང་།   ཆུ་མིག་རེ་རེའི་ནང་དུ་ཀླུ་རིགས་མང་བོ་གནས་ཡོད་པས་ཀླུ་འབུམ་ལབ་རྩེ་ཞེས་མིང་ཐོགས།   ཞལ་དཀར་རི་བོའི་གཡས་གཡོན་ནས་འབབ་པའི་ཆུ་བོའི་མིང་ལ་ཀླུ་འབུམ་ཆུ་ཟེར་ཞིང་།   ཞལ་དཀར་རི་བོའི་སྲིབ་ངོས་དང་ཀླུ་འབུམ་ལུང་བའི་ཕུ་སྟོད་ཀྱི་གཡང་གཟར་དང་བྲག་ཐེམ་ནས་འབབ་པའི་རྦབ་ཆུའི་མིང་ལ་ཆུ་གནམ་རྒྱག་གམ་ཀ་ཧྥེ་ཞ་ཡང་ཟེར།  དེའི་འོག་གི་ཆབ་རོམ་དབྱར་ཟླ་དྲུག་པར་ཡང་ཡོད།   ཞལ་དཀར་རི་བོའི་མདུན་ངོས་ཀྱི་ལ་ལུང་དང་རི་སུལ་ཀུན་ཏུ་གཅོང་རོང་དང་གཡང་གཟར་ཡོད་ལ།   དེར་ཆུ་བྲག་ནགས་གསུམ་འཐབ་པའི་གྲོག་རོང་བགྲོད་དཀའ་བ་མང་བོ་ཡོད།  ཞལ་དཀར་རི་བོའི་བྱང་ཤར་མཚམས་སུ་ཨ་མྱེས་བྱ་ལྡིང་དང་།   དེ་དང་ཉེ་བར་ཨ་རུ་རྟ་བ་ཡོད།  ཨ་རུ་རྟ་བའི་རི་འདབས་ཀྱི་ལུང་བའི་ནང་དུ་རྣ་ལུང་དང་།   དེའི་མར་ནང་དུ་བྲག་ལུང་ཆེ་བ་དང་བྲག་ལུང་ཆུང་བ།   དེའི་མར་ནང་དུ་ཆུ་མགོ་ངོ་རྫོག་སོགས་ཡོད།   ཨ་མྱེས་བྱ་ལྡིང་གི་གདོང་རྒྱུད་ཕར་ངོས་སུ་སྐྱེར་ཚེར་རམ་སྐྱེར་ཐར་ལུང་བ་ཡོད་ལ།    ཨ་མྱེས་བྱ་ལྡིང་གི་གདོང་རྒྱུད་དང་དྲེད་ཆེན་གྲོང་སྡེའི་མདུན་ཕྱོགས་སུ་རྫ་དཀྱིལ་ཉག་ཁ།   དེའི་མན་ཆད་ན་ཐབ་དམར།   དེའི་མན་ན་དར་ཆེན།   དེའི་མན་ན་རྡོ་སྣེ།   དེ་མན་ན་གཅིན་ཚང།    དེའི་མན་ན་འབྲུག་ནག   དེའི་མན་ན་ལུང་རྒན།   དེའི་མན་ན་ལུང་གཞིས་སོགས་ཡོད།   བློན་པོ་ལབ་རྩེའི་རྒྱབ་ཕྱོགས་ཀྱི་རི་ཆེན་བརྒལ་ན་སྟོང་སྐོར་འབུམ་ཁང་ཐང་ཡོད།   བློན་པོ་ལབ་རྩེ་གཡོན་ཕྱོགས་སུ་ཐོད་ཐོད་ཉག་ཁ།   དེ་དང་འབྲེལ་ཏེ་དཔའ་བོ་རི།   དེའི་འདབས་སུ་ར་མཉེ་ཐང་།   དེའི་ཚུར་ངོས་སུ་ཕར་མདོ་ཉག་ཆུང་།    དེའི་ཉེ་འཁོར་དུ་སྐྱ་ར་ཁ་བཏགས་ཀྱི་རི་རྒྱུད་ཡོད།   དེའི་ཉིན་ངོས་སུ་རྡོ་སྟག་གཡག་ཡོད། ༼ཐོད་ཐོད་ཉག་ཁའི་ཕར་ཕྱོགས་ཀྱི་ལུང་བར་སྟོང་སྐོར་ཆུ་དཀར་གྲོང་སྡེ་དང།   རི་ཁྲོད།   ཐོད་ཐོད་གྲོང་སྡེ།   མ་ཤང་གྲོང་སྡེ།  ཞོལ་གོ་ལེན་གྲོང་སྡེ།   སྟོང་སྐོར་རྫོང་མཁར་སོགས་ཡོད༽དྲེད་ཁོག་དྲེད་ཆེན་གྱི་རྒྱབ་ངོས་སུ་མོག་དབོར་རྟ་བ།   འཕྱོང་རྒྱས་རི།   དེའི་གོང་གི་ལུང་བ་ན་བྲག་ལུང་དང་ཉི་མ་ལུང་གཉིས་ཡོད།   ཉིན་ལུང་གི་གོང་ན་སྰཙྖ་རི་ཁྲོད་ཡོད།  མཚམས་ཁང་མདུན་ཕྱོགས་ཀྱི་ལུང་བའི་མིང་ལ་དར་ལུང་ཟེར།   འཕྱོང་རྒྱས་ལུང་བ་ན་རྡོ་མེ་ལོང་ཡོད།   འཕྱོང་རྒྱས་སྒང་ན་སྤྱང་ཀི་ཙོག་འདུག་གི་རྣམ་པའི་རྡོ་ལྗང་ཁུ་ཞེས་པ་ཡོད།    དྲེད་ཁོག་གྲོང་སྡེའི་རྒྱབ་ངོས་སུ་ཞལ་དཀར་ལབ་རྩེ་ཡོད་པ་དང་།    དེ་ནས་མཁར་བར་དང་།       རྡོ་འབུམ།   བོད་ཇོ།     ཐོད་དཀར།    ཨ་ཡེ་ལུང་བ།   ལྟོ་བ་ལུང་བ།   ཁ་ཁྱ་ལུང་བ་སོགས་ཡོད་དོ། །     དྲེད་ཆུང་གྲོང་སྡེའི་མདུན་ཕྱོགས་སུ་གློ་བ་མཁལ་རིལ་ཞེས་པའི་རི་ཆུང་ཞིག་ཡོད།   དེའི་གཡོན་དུ་རྩ་ར།   གློ་བ་མཁལ་རིལ་གྱི་གཡས་སུ་ཨ་མྱེས་ལུང་བ།    ཨ་མྱེས་ལུང་བའི་མར་ངོས་ཀྱི་གདོང་རྒྱུད་དེའི་མིང་ལ་བསང་སྒང་།   དེའི་འདབས་སུ་བཀྲ་ཤིས་ལུང་བ།    དེ་དང་ཉེ་བར་རྟ་རུ་ལུང་བའམ་ཧེ་ཚིས་བན་ཞེས་པ་ཡོད།    ལུང་བ་དེའི་ཕུ་སྟོད་ན་བྲ་བཤིག་སོགས་ཡོད།   དྲེད་ཆུང་གྲོང་སྡེ་མདུན་ངོས་ཀྱི་ལུང་བའི་མིང་ལ་བ་ཁ་གོང་མ་དང་བ་ཁ་ཞོལ་མ་ཞེས་འབོད།    དྲེད་ཆུང་གྲོང་སྡེའི་རྒྱབ་ངོས་སུ་མཁར་བུམ་ཞེས་པའི་གདོང་རྒྱུད་ཡོད།    དེ་དང་ཉེ་བར་འབུམ་ཁང་ལུང་བ།   ལུང་ཡངས་མ།  དེའི་གོང་དུ་ཨར་རེ།    དེའི་གོང་དུ་ལུང་གསུམ་ནང་ངམ་སན་དོང་བན་ཞེས་པ་ཡོད།  དེའི་གོང་དུ་ཅོག་རིས་ལུང་རྒན།   དེའི་གོང་དུ་དུར་ས་ལུང་བ་སོགས་ཡོད།   ཡང་འབུམ་ཁང་ལུང་བའི་མར་སྣེ་རུ་གཡུང་དྲུང་ཁུག་དང་།  གླེས་རིང་སོགས་ཡོད།   དྲེད་ཁོག་དང་ཕར་མདོ་གྲོང་སྡེའི་མར་ངོས་སུ་ཏུང་ཐད་དང་ཕྱིས་ཐད་གྲོང་སྡེ་གཉིས་ཡོད།     

གསུམ་པ།    སྰཙྪ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས། 

         དྲེད་ཁོག་སྰཙྪ་རི་ཁྲོད་ནི་ཀླུ་འབུམ་ལབ་རྩེའི་གདོང་རྒྱུད་རིང་བོ་བྱང་དུ་བརྐྱངས་ཡོད་པའི་ཉིན་ངོས་དང་།   ཀླུ་འབུམ་ཆུ་འགྲམ་གྱི་བྲག་གདོང་ཞིག་གི་ངོས་སུ་སྰཙྪ་མཚམས་ཁང་ཡོད།    མཚམས་ཁང་གི་བྲག་ངོས་གོང་འོག་དང་གཡས་གཡོན་ཀུན་ཏུ་ཚང་ཚིང་ནགས་ཚལ་སྣ་ཚོགས་སྐྱེས་ཤིང་།   མདུན་ཐད་དུ་ཀླུ་འབུམ་ཆུ་བོ་ཡོན་ཆབ་འབུལ་བའི་ཚུལ་དུ་འབབ་བཞིན་ཡོད།   མཚམས་ཁང་དེར་གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོས་ལོ་ངོ་བཞིའི་རིང་ལ་དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་བསྙེན་སྒྲུབ་གཙོ་བོར་གནང་ཞིང་།   ཡི་དམ་ལྷ་ཚོགས་གཞན་གྱི་བསྙེན་སྒྲུབ་ཀྱང་མང་དུ་མཛད།    གནས་དེར་བཀའ་འགྱུར་དང་བསྟན་འགྱུར་ལ་གཟིགས་རྟོག་ཞིབ་རྒྱས་དང་།  གཞན་ཁྲིད་དམིགས་སྐྱོང་བ་དང་བསགས་སྦྱངས་ལ་སྟན་ཐོག་གཅིག་ཏུ་འབད་པ་ལྷུར་བཞེས་མཛད།   བྲག་ཕུག་དེར་སྔོན་ནས་སྰཙྪ་མང་བོ་སྤུངས་ཡོད་པས་སྰཙྪ་མཚམས་ཁང་དང་།   སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་སོགས་ལས་སྰཙྪ་རི་ཁྲོད་ཅེས་བརྗོད།  

བཞི་བ།  དྲེད་ཁོག་སྡེ་ཁྲོད་དུ་སྐྱེས་པའི་བླ་སྤྲུལ་འགའ་ཞིག་གི་མཚན་ཐོ། 

     ཟི་ན་མཁན་ཆེན་ངག་དབང་ཚུལ་ཁྲིམས་དར་རྒྱས་དྲེད་ཁོག་ཏུ་གདུང་རྒྱུད་གླང་གི་རིགས་སུ་སྐུ་འཁྲུངས།  བུམ་པར་མཁན་ཆེན་ངག་དབང་ཆོས་ཀྱི་ཉི་མ་དྲེད་ཁོག་དུ་སྐུ་འཁྲུངས།  ཆེ་ཤོས་ཡོངས་འཛིན་མཁས་དབང་འཇམ་དབྱངས་དབང་རྒྱལ་དྲེད་ཁོག་སྐོ་སྐྱ་ཚང་དུ་སྐུ་འཁྲུངས།   ཆེ་ཤོས་ཡོངས་འཛིན་སྤྲུལ་སྐུ་ངག་དབང་འཇམ་དཔལ་བསྟན་པའི་ཉི་མ་དྲེད་ཁོག་ཏུ་སྐུ་འཁྲུངས།  སྐེ་ཀྱྰ་སྤྲུལ་སྐུ་བློ་བཟང་བསྟན་པའི་སྒྲོན་མེ་དྲེད་ཁོག་ཏུ་སྐུ་འཁྲུངས། ༼རབ་ཡིད་ས་རྟ་སྤྱི་ལོ་༡༨༥༨ལོར་རྒྱ་ཡག་སྤྲུལ་སྐུ་སྐལ་བཟང་ཚུལ་ཁྲིམས་བསྟན་པའི་ཉི་མ་སྐུ་འཁྲུངས་ནས་ལོ་ཉེར་ལྔའི་རྗེས་ཀྱི་རབ་ཚེས་ཆུ་ལུག་སྤྱི་ལོ་༡༨༨༣ལོར་སྐེ་ཀྱྰ་སྤྲུལ་སྐུ་བློ་བཟང་བསྟན་པའི་སྒྲོན་མེ་སྐུ་འཁྲུངས།   འདི་གཉིས་ཀྱི་ཡབ་མི་གཅིག་ཀྱང་ཡུམ་གཅིག་པའི་སྐུ་མཆེད་ཡིན་པར་གསུངས༽དྲེད་ཁོག་དགེ་བཤེས་བློ་བཟང་སྦྱིན་པ་དྲེད་ཁོག་ཏུ་སྐུ་འཁྲུངས།    གཟིམ་ཁང་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་དྲེད་ཁོག་ཏུ་ཞྭ་དམར་རིགས་སུ་སྐུ་འཁྲུངས།   ཚེ་འབུམ་ཞབས་དྲུང་བཤད་སྒྲུབ་དགེ་ལེགས་རབ་རྒྱས་དྲེད་ཁོག་ཏུ་ཞྭ་དམར་རིགས་སུ་སྐུ་འཁྲུངས།   དཀའ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་དྲེད་ཁོག་ཏུ་སྐུ་འཁྲུངས། ཞལ་དཀར་ཞབས་དྲུང་དགེ་འདུན་ཡོན་ཏན་རྒྱ་མཚོ་དང་།  ཡོངས་འཛིན་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་རྒྱལ་མཚན་གཉིས་དྲེད་ཁོག་འབྲོག་སྡེར་སྤུན་མཆེད་དུ་སྐུ་འཁྲུངས་སོ། །    དེ་དག་ལས་གཞན་ཨ་ལགས་ཨང་དཀར་བློ་བཟང་བསྟན་པའི་དངོས་གྲུབ་ཚང་ཡང་དྲེད་ཁོག་ཏུ་སྐྱེས། དེ་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་བདེན་ཚིག་འཆི་མེད་མཆོག་སྤྱིན་ཞེས་བྱ་བ་ལས།   བློ༵་བཟ༵ང་མཁྱེན་པའི་ཆ་ཡི་ཆོས་རྣམས་ཀུན། །   བྱང་བར་ཆུད་པའི་ལུང་རྟོགས་བསྟ༵ན་པ༵འི་འོད། །  འགྲོ་ཀུན་རྨོངས་མུན་སེལ་སླད་བསྐལ་བ་བརྒྱར། །  དངོ༵ས་གྲུ༵བ་འབྱུང་གནས་རྟག་ཏུ་བརྟན་པར་ཤོག།  ཅེས་གསུངས་པ་ལྟར།  ལུང་རྟོགས་ཡོན་ཏན་དུ་མའི་མཛོད་འཛིན་སྨན་པ་བླ་ཟུར་ཨང་དཀར་སྐལ་བཟང་ཆོས་གྲགས་ཀྱི་ཡང་སྤྲུལ་ཨང་དཀར་བློ་བཟང་བསྟན་པའི་དངོས་གྲུབ་ཚང་ནི་རབ་ཚེས་ས་ལུག་སྤྱི་ལོ་༡༩༡༩ལོར་དྲེད་ཁོག་འབྲོག་སྡེར་ཡབ་བློན་པོ་རིས་དང་།   ཡུམ་རིན་ཆེན་འཚོ་གཉིས་ཀྱི་བུ་རུ་སྐྱེས།   ཆེ་བ་དགེ་འདུན་ཆོས་འཕེལ་དང་།   རྡོ་རྗེ།   ཨང་དཀར་སྤྲུལ་སྐུ།   ཐར་དྲིས། ཨ་ཅེ་སྒྲོལ་མ།   དགེ་འདུན་རྒྱ་མཚོ།   བློ་བཟང་བསམ་འགྲུབ་རྣམས་སྤུན་མཆེད་ཡིན།   དགུང་ལོ་བཅུ་དགུའི་སྟེང་གདན་སར་བཀོད།   སྨད་སོག་ཁེ་ཤིག་ཐེན་གྱི་རབ་འབྱམས་པ་བློ་བཟང་བཟང་བོ་ཚང་དང་།    དན་ཏིག་ལྷ་རམས་པ་ངག་དབང་ཚུལ་ཁྲིམས་སོགས་དགེ་རྒན་དུ་བསྟེན་ནས་གཞུང་ལུགས་ལ་སྦྱངས།    སྨད་སོག་རབ་འབྱམས་པ་བློ་བཟང་བཟང་བོ་ཚང་གི་མདུན་ནས་དབུ་ཅན་དབུ་མེད་དང་།  ལཉྫ་ཝརྟུ། སྨན་རྩིས་སོགས་ལ་ཡུན་རིང་སྦྱངས།   ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་།   མི་ཉག་མཁན་ཆེན་ཚང་།   སྨ་ར་ཞབས་དྲུང་སོགས་ཀྱི་མདུན་ནས་གཞི་བྱེས་ཀྱི་བླ་གྲྭ་མང་བོ་དང་ལྷན་དུ་དབང་ལུང་རྗེས་གནང་དང་ཁྲིད་ཀྱི་སྐོར་མང་དུ་གསན།   སྐུ་འབུམ་དུས་འཁོར་གྲྭ་ཚང་གི་དཔོན་སློབ་ལ་བཞུགས།   རབ་རྒྱལ་ས་ཁྱི་སྤྱི་ལོ་༡༨༥༨ལོར་བཙོན་ཁང་དུ་ཁྲིད།   རྗེས་སུ་བཙོན་གྲོལ་ཐོབ་སྟེ་ཕ་ཡུལ་དྲེད་ཁོག་དང་།   སྟོང་སྐོར་སོགས་སུ་ཡུན་རིང་བཞུགས།   སྟོང་སྐོར་དུ་བཞུགས་དུས་ཁོང་གིས་ཡུལ་ཕྱོགས་དེའི་བོད་མི་གཙོ་བྱས།    རྒྱ་རིགས་རྣམས་ལའང་ཆོས་སྤྱིན་དང་དགེ་བསྐུལ་རྒྱུན་པར་བྱས་པས་ཁ་ཏོན་དགེ་སྦྱོར་བྱེད་པ་དང་།   ཕྱག་དང་མཆོད་པ་འབུལ་བ།   བསང་གཏོང་བ་དང་དར་ལྕོག་འཛུགས་པ་སོགས་དགེ་བའི་ལས་ལ་གཞོལ་བར་ཕན་ཐོགས་ཆེན་པོ་བྱུང་།   དགུང་ལོ་དོན་བདུན་པ་རབ་གནས་ཤིང་ཕག་སྤྱི་ལོ་༡༩༩༥ལོའི་ཧོར་ཟླ་དང་བོའི་ཚེས་ལྔ་ཉིན་སྐུ་གཤེགས་སོ།།   གོང་སྨོས་བླ་སྤྲུལ་འདི་དག་ལས་གཞན་སྐུ་འབུམ་དགོན་པར་དབྱར་གནས་ཆོས་ཐོག་གི་མཐུན་རྐྱེན་ལོ་བདུན་ལ་སྦྱོར་མཁན་དྲེད་ཁོག་ཆོས་རྗེ་བཤད་སྒྲུབ་དབང་རྒྱལ་སོགས་བསོད་ནམས་དཔལ་གྱིས་མངོན་པར་མཐོ་བའི་འགྱིང་བག་ཅན་མང་དུ་བྱུང་ངོ་། །

ལྔ་བ།   གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོ་སྐུ་ཕྲེང་གསུམ་གྱི་རྣམ་ཐར་མདོར་བསྡུས།

༡ གྲུབ་དབང་དཀའ་ཆེན་སྐུ་ཕྲེང་དང་བོ་བྱང་ཆུབ་རིན་ཆེན་དཔལ་བཟང་བོ།  

    རྗེ་འདི་ཉིད་ནི་སྐུ་འབུམ་དགོན་པའི་ནུབ་ཕྱོགས་ཀྱི་སའི་ཆ་ཨ་མྱེས་ཞལ་དཀར་ཞེས་གྲགས་པའི་འདབས་རོལ་ཏུ་འོད་གསལ་ལྷའི་རིགས་ལས་བརྒྱུད་དེ་འོངས་པའི་དྲེད་ཁོག་འབྲོག་སྡེའི་ཁྲོད་དུ།   རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ་༡༧༩༨ལོར་ཡབ་རྭ་ལོ་གུ་རུ་ཐར་དང་ཡུམ་ལྷ་མོ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།    དགུང་ལོ་བདུན་པ་ཤིང་བྱ་སྤྱི་ལོ་༡༨༠༤ལོར་སྐུ་འབུམ་དུ་རང་གི་ཉེ་ཚན་དགེ་སློང་ཞིག་ཡོད་པའི་དྲུང་དུ་བསྐྱལ།   ཟི་ན་ལྷ་རམས་པ་བསོད་ནམས་བསྟན་འཛིན་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་དགེ་རྒན་དུ་བསྟེན།    དགུང་ལོ་བཅུ་གཉིས་པ་ས་སྦྲུལ་སྤྱི་ལོ་༡༨༠༩ལོར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ།   ཚད་མ་སྡེ་བདུན་ཡན་ལག་དང་བཅས་པར་བསླབ་སྤྱོངས་མཛད།    དགུང་ལོ་བཅོ་བརྒྱད་པ་ཤིང་ཕག་སྤྱི་ལོ་༡༨༧༥ལོར་སློབ་གཉེར་བྱེད་འདོད་ཀྱིས་དབུས་གཙང་དུ་འགྲོ་བའི་འདུན་པ་ཤུགས་དྲག་སྐྱེས་ནས་འབྲོས་སྟབས་ཀྱིས་སྟོང་སྐོར་མཁར་དུ་ཕེབས།    ལྷ་སའི་སྡེ་བ་གཞུང་གི་ཚོང་དཔོན་གོས་སྒྲུབ་པ་ཡར་འགྲོ་ཞིག་དང་སྟབས་འགྲིག་པས་དེ་དང་ལྷན་དུ་དབུས་སུ་ཕེབས།   ཇོ་ཤྰཀ་རྣམ་གཉིས་དང་།  སེ་འབྲས་དགེ་གསུམ།    རྒྱལ་བ་ལུང་རྟོགས་རྒྱ་མཚོ་སོགས་ཞིང་མཆོག་དམ་པ་རྣམས་ལ་ཕྱག་མཆོད་སྨོན་ལམ་བཏབ།   སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྐོར་ཞུགས་ཏེ་ལོ་གཉིས་ཀྱི་རིང་ལ་ཕར་ཕྱིན་གྱི་གཞུང་ལ་སྦྱངས།   དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཕེབས།   པཎ་ཆེན་བསྟན་པའི་ཉི་མར་མཇལ།   ཆོས་སྡེ་ཆེན་པོའི་རྟེན་གསུམ་རྣམས་ལ་མཆོད་མཇལ་དང་དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་ཞུས།     བཀྲ་ཤིས་ལྷུན་པོའི་མཚན་ཉིད་གྲྭ་ཚང་དུ་ཞུགས་ཤིང་ཡོངས་འཛིན་བཤེས་གཉེན་དུ་མ་བསྟེན་ནས་དབུ་ཕར་འདུལ་མཛོད་ཀྱི་ཐལ་ཕྲེང་དང་ཟུར་བཀོལ་སོགས་ལ་ཞིབ་ཏུ་སྦྱངས།    རྗེ་འདིས་སློབ་གཉེར་གྱི་སྐབས་ཀུན་ཏུའང་དཔེ་ཁྲིད་དཔེ་གཟིགས་དང་བསགས་སྦྱངས་ཐོས་བསམ་སོགས་ལ་འབད་པ་སུམ་སྒྲིལ་དུ་མཛད།    དགུང་ལོ་ཉེར་གཅིག་པ་ས་སྟག་སྤྱི་ལོ་༡༨༡༨ལོར་དགའ་ལྡན་ཁྲི་རིན་པོ་ཆེ་བྱང་ཆུབ་ཆོས་འཕེལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།   གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པས་བཀའ་ལུང་བཞིན་དཀའ་ཆེན་གྱི་གྲྭ་སྐོར་མིང་དོན་མཐུན་པ་མཛད།    དབུས་གཙང་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་དང་།    ཤར་རྩེ་བློ་བཟང་ཡོན་ཏན།   མཁན་པོ་ཁྲི་རིན་པོ་ཆེ།   རྭ་སྒྲེང་ཁྲི་ཆེན་བློ་བཟང་བསྟན་པ་རབ་རྒྱས།   རྒྱལ་སྲས་སྤྲུལ་པའི་སྐུ།    རྩེ་གཉའ་བསོད་ནམས་གྲགས་པ་སོགས་མཚན་ལྡན་གྱི་རྡོ་རྗེ་འཛིན་པ་དང་སྡེ་སྣོད་འཛིན་པ་མང་དུ་བསྟེན་ནས་སྦྱོར་བའི་ཆོས་དྲུག་དང་།    ལམ་རིམ་ཆེ་ཆུང།    བློ་སྦྱོང་གི་སྐོར། ལམ་རིམ་དམར་ཁྲིད་བདེ་ལམ།    གསང་འདུས་འགྲེལ་བ་བཞི་སྦྲགས།   སྦས་དོན་ཀུན་གསལ།    བསྐྱེད་རིམ་རྫོགས་རིམ་ཀྱི་སྐོར།    ལྟ་ཁྲིད།    འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ།    རྫོགས་རིམ་རིམ་ལྔ་གསལ་སྒྲོན།  བདེ་གསང་འཇིགས་གསུམ་གྱི་དབང་སོགས་ཆོས་རྒྱུན་ཟབ་མོ་མང་དུ་གསན།    དེ་མཚུངས་སྒྲ་སྙན་སྨན་རྩིས་སོགས་ལའང་མཁས་པར་སྦྱངས།   སྐབས་ཤིག་བླ་སློབ་གཉིས་ཀ་བཅད་རྒྱར་བཞུགས་པའི་ཁོང་ནས་དགེ་ལྡན་ཕ་ཆོས་དང་།   སྔོན་འགྲོའི་ཁྲིད་ཆེན་བཞི།   ལམ་རིམ་བདེ་ལམ།   ཕྱག་རྒྱ་ཆེན་པོའི་ཁྲིད་སོགས་ལ་དམིགས་རྣམ་བསྐྱངས་ཏེ་དམིགས་སྐོར་རེ་ལ་ཞག་བཅུ་རེ་མཚམས་འཛིན་མཛད།   དགུང་ལོ་སོ་བཞི་བ་ལྕགས་ཡོས་སྤྱི་ལོ་༡༨༣༡ལོར་ལྷོ་ཁའི་བསམ་ཡས་གཙུག་ལག་ཁང་སོགས་གནས་ཆེན་མང་བོར་མཆོད་མཇལ་དུ་ཕེབས།   དེ་ནས་རང་ཡུལ་མདོ་སྨད་སྐུ་འབུམ་དུ་ཕེབས།   ཤིང་བཟའ་པཎྟི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་དང་།   ཨ་ཀྱྰ་ཡོངས་འཛིན་བློ་བཟང་དོན་གྲུབ།       ཆེ་ཤོས་པཎྟི་ཏ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ།    གསེར་ཏོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ།   སེམས་ཉིད་གྲུབ་དབང་བློ་བཟང་མཆོག་གྲུབ་ཉི་མ།    ཀུན་སྤངས་འདུལ་འཛིན་གྲགས་པ་བསྟན་འཛིན།    རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་བོའི་མདུན་ནས་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་གསན།    མང་དུ་ཐོས་པའི་དོན་རྣམས་ཉམས་ལེན་དུ་འཁྱེར་བར་དགོངས་ནས་གསེར་ཁང་རི་ཁྲོད་སོགས་དབེན་གནས་དུ་མར་ཡུན་རིང་བཞུགས་ནས་བསགས་སྦྱངས་ལ་འབད་པས་དག་པའི་མཚན་མ་ངོ་མཚར་བ་བྱུང་།   དུས་རྒྱུན་བླ་མའི་རྣལ་འབྱོར་རྩལ་འདོན་ངོས་བྱང་ཆུབ་ལམ་གྱི་རིམ་པ་སོགས་ལ་བརྩོན་པ་མཛད།  དབེན་པར་བཞུགས་སྐབས་བླ་མ་རྣམས་རྗེས་སུ་དྲན་ནས་གསོལ་བ་བཏབ་པས།  ཞལ་དཀྱིལ་དངོས་སུ་མཐོང་ཞིང་གསུང་རབ་ཀྱི་དཀའ་གནད་དུ་མའི་དོགས་པ་གཅོད་པའི་མགོན་ཡང་མཛད་པར་གསུངས། དབེན་གནས་རྣམས་སུ་བཞུགས་པའི་དུས་རང་གི་བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས།  དེ་དག་ཡིད་ལ་དྲན་པ་ཙམ་གྱིས་མིག་ནས་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་ལྡིང་བ་སོགས་དད་གུས་ངོ་མཚར་བ་བྱུང་།  དེ་ཚེ་ལས་འབྲས་ཀྱི་རྣམ་གཞག་ལ་ཡུན་རིང་དཔྱད་པས་སེམས་ཀྱི་གང་སྣང་མཐའ་དག་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་ངེས་ཤེས་རྙེད་ཀྱང་།   ཕྱི་ནང་གི་རྟེན་འབྲེལ་ལ་བརྟེན་ནས་དགེ་སྡིག་གི་ལས་འབྲས་སྨིན་ཚུལ་ཐུགས་རྒྱུད་ལ་འཁྲུངས།   བདག་གཞན་མཉམ་བརྗེའི་དམིགས་པ་རྒྱུན་རིང་བསྐྱངས་པས་དགེ་སྦྱོར་སྔར་ལས་གོང་འཕེལ་དུ་སོང་སྟེ་དངོས་སུ་གཏོང་ལེན་བྱེད་ནུས་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས།   གྲུབ་དབང་དཀའ་ཆེན་པ་དགུང་ལོ་ཞེ་གསུམ་བཞེས་པའི་རབ་ཡིད་ལྕགས་བྱི་སྤྱི་ལོ་༡༨༤༠ལོར་གཙང་ཕྱོགས་ནས་པཎ་ཆེན་བསྟན་པའི་ཉི་མས་ཤམ་བྷ་ལའི་སྨོན་ལམ་བཀའ་རྒྱ་མ་བསྐུར་གནང་མཛད།    དེ་ནས་དྲེད་ཁོག་ཕྱོགས་ཀྱི་སྰཙྪ་རི་ཁྲོད་དུ་ཕེབས་ནས་ལོ་ངོ་བཞིའི་རིང་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་བསྙེན་ཆེན་ལ་བཅད་རྒྱ་མཛད།    གནས་དེར་འཇིགས་བྱེད་ཀྱི་བསྲུང་འཁོར་སྒོམ་སྐབས་ཉིན་ལམ་ཙམ་གྱི་སར་གནས་པའི་རྡོ་རྗེ་མཚོན་གྱི་གུར་ཁང་ལ་རེག་ཏུ་རུང་ཞིང་མཐོང་རྒྱུ་ཡོད་པའི་རྟགས་མཚན་བརྟན་པོ་མཐོང་བར་གསུངས།   བཅུ་ཆའི་སྦྱིན་སྲེག་དང་ཆོ་གའི་ཡན་ལག་ཐམས་ཅད་ཚང་བར་བསྒྲུབས།    གཞན་ཡང་སྰཙྪ་རི་ཁྲོད་དུ་ཡི་དམ་ལྷ་ཚོགས་ཀྱི་བསྙེན་སྒྲུབ་མཛད་པ་དང་།   བཀའ་འགྱུར་དང་བསྟན་འགྱུར་སོགས་ལ་གཟིགས་རྟོགས་ཞིབ་རྒྱས་གནང་།   ཁྲིད་དམིགས་སྐྱོང་བ་དང་བསགས་སྦྱངས་ལ་སྟན་ཐོག་གཅིག་ཏུ་འབད་པ་ལྷུར་བཞེས་མཛད།   དམ་པ་གང་གི་མཁས་བཙུན་གྲུབ་པའི་སྙན་གྲགས་ཕྱོགས་ཀུན་རྒྱས་པས་རིས་སུ་མ་ཆད་པའི་གདུལ་བྱ་མང་བོ་ཞིག་འཁོར་དུ་འདུས་ཤིང་།    དེ་དག་ལ་གང་ལ་གང་འདོད་ཀྱི་ཆོས་བཀའ་ཅི་རིགས་སྩལ།   བྱང་ཕྱོགས་ཧལ་ཧ་གཡས་རུ་རྒྱལ་ཁག་གཉིས་ཀྱི་ཕྱོགས་ནས་གདན་འདྲེན་ཡང་ཡང་ཞུས་པ་དང་།   ཁྱད་པར་བེ་ཧར་ནོ་མོན་ཧན་གྱི་ཡོངས་འཛིན་དུ་ཕེབས་དགོས་པའི་གསོལ་བ་ནན་ཆེར་བཏབ་པས།    བྱང་ཕྱོགས་ཧལ་ཧའི་ཡུལ་དུ་ཆིབས་ཁ་བསྒྱུར།   ལོ་ཁ་ཤས་ལ་བེ་ཧར་མཆོག་སྤྲུལ་རིན་པོ་ཆེས་གཙོས་ཕྱོགས་དེའི་བླ་ཆེན་དང་ས་སྐྱོང་སོགས་ཤོག་ཁ་སོ་སོའི་སྐལ་ལྡན་གྱི་གདུལ་བྱ་མང་བོར་དམ་པའི་ཆོས་ཀྱི་ཆར་ཕབ།  སླར་སྐུ་འབུམ་གདན་ས་ཆེན་མོར་ཞབས་པད་བཀོད་དེ།  རྟེན་གསུམ་རྣམས་ཀྱི་སྤྱན་སྔར་མཆོད་པ་ཕུལ་ཞིང་དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར་ཞུས།   དེ་ནས་མདོ་སྨད་དཔའ་རིས་ཕྱོགས་ཀྱི་རི་ཁྲོད་དང་སྒྲུབ་གནས་དུ་མར་ཕེབས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཆེན་སོགས་ལ་བཞུགས།    རྡོ་རྗེ་རྣལ་འབྱོར་མའི་ལམ་ལ་ཉམས་བཞེས་མཛད་པས་དྲོད་རྟགས་ལེགས་པར་ཐོབ་ཅིང་།    རྡོ་རྗེ་རྣལ་འབྱོར་མས་དངོས་སུ་རྗེས་སུ་བཟུང་ཞིང་སྨིན་བྱེད་ཀྱི་ལམ་ལ་རང་དབང་གི་བརྟན་པ་ཐོབ་ནས་རྫོགས་རིམ་ལ་མཆོག་ཏུ་གཞོལ་བ་ལྷུར་མཛད་སྐབས་རྩ་འཁོར་ཆེ་ཆུང་ཐམས་ཅད་མངོན་སུམ་དུ་གཟིགས་ནས་སྐབས་འགར་ངོ་མཚར་བའི་བཞད་མོའང་མཛད་པར་གསུངས།   དགུང་ལོ་ང་གསུམ་པ་རབ་ཡིད་ལྕགས་ཁྱི་སྤྱི་ལོ་༡༨༥༠ལོར་སླར་ཡང་བྱང་ཕྱོགས་ཧལ་ཧའི་ཡུལ་དུ་ཕེབས།  དད་ལྡན་གྱི་གདུལ་བྱ་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་རྒྱུན་བཟང་མང་དུ་སྩལ་ཅིང་གསོན་གཤིན་འབྲེལ་ཐོགས་ཀུན་གྱི་རེ་འབྲས་དོན་སྨིན་མཛད།    དེ་ནས་གདན་ས་སྐུ་འབུམ་དུ་ཕྱིར་ཕེབས།  གསེར་སྡོང་ཆེན་མོ་གཙོ་བྱས་པའི་རྟེན་གསུམ་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་སྤྲོས་ཤིང་།  དགེ་འདུན་འདུས་པའི་ཚོགས་ལ་མང་ཇའི་བསྙེན་བཀུར་ཞུས།  ཚོགས་ཆེན་འདུ་ཁང་ཆེན་མོའི་ཀ་རིང་དྲུག་ལ་གོས་ཆེན་མང་ཉུག་གི་ཀ་ཐུམ་སོགས་སྤྱི་འཇོག་སྤམ་མཐོ་བ་སྦྱོར་འཇགས་གནང་།   སྐབས་འདི་ནས་བཟུང་གདན་ས་རང་དུ་གཏན་བཞུགས་གནང་སྟེ་ཐུགས་དམ་ཟབ་མོའི་རྣལ་འབྱོར་ལ་འདོད་རྒུར་རོལ་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་རྟོགས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས།   དགུང་ལོ་ང་དགུ་བ་མེ་འབྲུག་སྤྱི་ལོ་༡༨༥༦ལོའི་ཧོར་ཟླ་གཉིས་པའི་ཡར་ངོ་དགའ་བ་གསུམ་པའི་ཉིན།   སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཏེ་ལུགས་གཉིས་ཀྱི་སྒོ་ནས་གྲྭ་ཚང་རིན་པོ་ཆེར་འཛིན་སྐྱོང་སྤེལ་གསུམ་དཔེ་མེད་གནང་། དགུང་ལོ་རེ་གཉིས་པ་ས་ལུག་སྤྱི་ལོ་༡༨༥༩ལོར་གསེར་ཏོག་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཞུས་ངོར་མ་ཅིག་གྲུབ་པའི་རྒྱལ་མོའི་ཚེ་དབང་དང་།   རྣམ་འཇོམས་བྱབས་ཁྲུས་སོགས་འདོད་ཆོས་ཉུང་ངུར་སྩལ།   སྨན་པ་གྲྭ་ཚང་ལ་བྱང་ཆུབ་ལམ་རིམ་ཆེན་མོ་དང་།  སྨན་གྱི་རྒྱུད་བཞིའི་དགོངས་དོན་སོགས་འཆད་སྤེལ་གནང་ཞིང་ཉམ་ཐག་ནད་པ་མང་བོར་སྤྱིན་པའི་ཉམས་ལེན་དང་མཐུན་པའི་སྨན་གྱི་སྤྱིན་པ་རྒྱ་ཆེར་བཏང་།    སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་པའི་སྐབས་སྔ་ཕྱིར་གཉུག་མར་གནས་པ་དང་བྱེས་ཀྱི་བླ་སྤྲུལ་ཆེ་ཆུང་རྣམས་ཀྱིས་གཙོས་སྐལ་ལྡན་གྱི་གདུལ་བྱ་མང་བོར།   བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་དང་།   ལམ་རིམ་ཆུང་བ།  དྲང་ངེས་རྣམ་འབྱེད།   ལེགས་བཤད་སྙིང་བོ།    བློ་སྦྱོང་དོན་བདུན་མ།    འགྲེལ་བ་བཞི་སྦྲགས།    སྦས་དོན་ཀུན་གསལ་སོགས་ཀྱི་བཤད་ལུང་།    བླ་མ་མཆོད་པ།    ལམ་གྱི་གཙོ་བོ་རྣམ་གསུམ།    ལམ་རིམ་བདེ་ལམ།    ལམ་རིམ་འཇམ་དཔལ་ཞལ་ལུང་།   བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་དུ་མའི་བསྐྱེད་རྫོགས་ཀྱི་ཉམས་ཁྲིད།   མི་ཏྲ་བརྒྱ་རྩ་སོགས་སྤྱི་བཀའ་དང་ཟུར་བཀའི་དབང་ཆེན་དུ་མ།   རྗེས་གནང་སྣ་ཚོགས།   དམ་པ་གོང་མ་དུ་མའི་གསུང་འབུམ་གྱི་ལུང་སོགས་ཆོས་ཆར་ཟད་མི་ཤེས་པའི་རྒྱུན་བཟང་ཕབ།  འདིའི་སྐབས་སྔ་ཕྱི་ཅི་རིགས་ལ་རྗེ་ཉིད་ཀྱིས་མགོན་ཀྱྰ་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་བསམ་གཏན་སོགས་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་ནས་རིམ་པར་བརྒྱུད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ཟབ་ཁྲིད་དང་།   ལམ་རིམ་ཆེ་ཆུང་གཉིས་ཀའི་བཤད་ལུང་།  བླ་མ་མཆོད་པའི་ཁྲིད།   ནྰ་རོ་མཁའ་སྤྱོད་མའི་དབང་།   མི་ཏྲ་བརྒྱ་རྩའི་དབང་ཆེན།   དགའ་ལྡན་ལྷ་བརྒྱ་མ་སོགས་ཆོས་བཀའ་ཟབ་མོ་མང་དུ་སྩལ།    

སྐབས་ཤིག་གསེར་ཏོག་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལ།    བདེ་གསང་འཇིགས་གསུམ་གྱི་དབང་དང་།  སྒྲོལ་མ་ཉེར་གཅིག་གི་རྗེས་གནང་།   ལམ་གཙོ་རྣམ་གསུམ་སོགས་ལམ་རིམ་སྐོར་གྱི་ཁྲིད།    ཐུན་དྲུག་རྣལ་འབྱོར།   འཇིགས་བྱེད་བསྐྱེད་རྫོགས་སོགས་སྔགས་ཕྱོགས་ཀྱི་ཟབ་ཁྲིད་མང་བོ།   ཡང་གསང་ཁྲོས་པའི་དབང་ཆེན།   ཚེ་དབང་།  བཀའ་སྡོད་རྣམ་གསུམ་གྱི་སྲོག་གཏད།   སྦས་པ་མིག་འབྱེད་གསེར་གྱི་ཐུར་མ།    བྱང་བུ་རྣམ་དྲུག   དབང་ཆེན་ཞལ་གདམས།   སྒོམ་རིམ་རྣམ་གཉིས།   ཤོག་དྲིལ་གྱི་སྐོར།   པད་མ་གསང་ལམ།   ཡེ་ཤེས་གསང་ལམ།  བསྐྱེད་རྫོགས་ཀྱི་ཁྲིད།   ཞི་ཁྲོ་སྦྲགས་སྒྲུབ་དང་བསྙེན་ཆེན་གྱི་ཁྲིད།   ཡིག་ཆུང་ཉེར་གཅིག་ལས་བྱུང་བའི་གདམས་པ་སོགས་གསང་སྔགས་ཀྱི་ཟབ་ཆོས་མང་དུ་སྩལ།   ཁོམ་ནམ་ཡོད་ལ་གསེར་སྡོང་ཆེན་མོར་ཕྱག་སྐོར་མང་དུ་མཛད་ཅིང་ཐུགས་དམ་གྱི་གཙོ་བོ་ཟབ་མོ་རྟེན་འབྱུང་གི་དོན་ལ་རིགས་ཚུལ་བཞིས་ཡང་ཡང་དཔྱད་ཅིང་རྒྱུན་ཡུན་རིང་སྐྱོང་བར་མཛད།  སྐབས་འདི་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་གཡེང་བ་མཐའ་དག་བཙན་ཆོད་ཀྱིས་སྤངས་ནས་བྱ་བཏང་བའི་སྒྲུབ་ཚུགས་བཟུང་སྟེ།   དུས་རྒྱུན་ལྷག་ལྷ་དུ་མའི་ཐུགས་དམ་མཛད་བཞིན་ཚེ་དང་སྒྲུབ་པ་སྙོམས་པར་མཛད།    དགུང་ལོ་རེ་བརྒྱད་པ་ཤིང་གླང་སྤྱི་ལོ་༡༨༦༥ལོའི་ཆུ་སྟོད་ཟླ་བའི་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཚེས་བཞིའི་ཉིན་རྫུན་པ་བསླུ་བའི་འཁྲུལ་འཁོར་ཀུན་ཞིག་ནས་མཐའ་གཉིས་ལས་འདས་པའི་སྟོང་བ་རྟེན་འབྲེལ་དངོས་སུ་གཟིགས།    དེའི་ཚེ་སྐུའི་མདངས་གསལ་ཞིང་ཚུལ་ཁྲིམས་ཀྱི་དྲི་ངད་གཟིམ་ཁང་དུ་ཁྱབ་པ་སོགས་བྱུང་།    གསེར་ཏོག་སྤྲུལ་བའི་སྐུ་སོགས་ལ་སྐྱབས་འགྲོའི་ཁྲིད་ནས་མགོ་བརྩམས་ཏེ་བདེ་གསང་འཇིགས་གསུམ་གྱི་དབང་དང་།   གསང་བདག་འཁོར་ཆེན་གྱི་དབང་།   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་ཆེན།    སྙན་བརྒྱུད་ཁྲིད་ཆེན་བཞི།   ལྟ་ཁྲིད།    བསྐྱེད་རྫོགས།    འཕོ་བ་གྲོང་འཇུག་སོགས་ཆོས་བཀའ་མང་དུ་སྩལ།   ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བཞེས་ཚེ་ཉམས་སྣང་ལ་ཕྱོགས་ཀུན་ནས་མེ་ལྕེ་འབར་ཞིང་དེའི་ནང་དུ་མཆོངས་པས་མེ་རང་སར་ཞི་བ་དང་།    བླ་མའི་རྣལ་འབྱོར་མཛད་བཞིན་གསོལ་བ་བཏབ་པའི་ཚེ་འཇའ་ཚོན་ཟླུམ་པོར་བསྐོར་བའི་དབུས་སུ་འཇམ་མགོན་བླ་མ་དགྱེས་པའི་ཉམས་དང་ལྡན་པ་དངོས་སུ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པར་གསུངས།    དགུང་ལོ་བདུན་ཅུ་བ་མེ་ཡོས་སྤྱི་ལོ་༡༨༦༧ལོའི་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་འདུལ་འཛིན་ཀུན་གྱི་གཙུག་རྒྱན་སྐུ་འབུམ་སྨན་པ་བླ་ཟུར་གྲུབ་དབང་དཀའ་ཆེན་རིན་པོ་ཆེས་མཁན་པོ་དང་།ཆེ་ཤོས་ཡོངས་འཛིན་སྤྲུལ་སྐུ་འཇམ་དཔལ་བསྟན་པའི་ཉི་མ།    གསེར་ཏོག་ཡོངས་འཛིན་ཉྰ་ཀྱྰ་ལྷ་རམས་པ་ངག་དབང་ཆོས་གྲགས།    སྔགས་རམས་པ་བསྟན་པ་དར་རྒྱས་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ནས།   ཆེ་ཤོས་སྤྲུལ་སྐུ་བྱང་ཆུབ་བསྟན་པའི་སྒྲོན་མེ་དཔལ་བཟང་བོར་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་གནང་ཞིང་།   དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ།   རིགས་གསུམ་མགོན་པོ།  ཚེ་ལྷ་རྣམ་གསུམ་གྱི་སྙིང་བོ།   རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་མདོ་བཅས་ཀྱི་ལུང་སྩལ།    དགུང་ལོ་དོན་གཅིག་པ་ས་འབྲུག་སྤྱི་ལོ་༡༨༦༨ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྲུབ་དབང་དཀའ་ཆེན་རིན་པོ་ཆེས།   གསེར་ཏོག་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་།   ཆེ་ཤོས་ཡོངས་འཛིན་སྤྲུལ་སྐུ།   ཆེ་ཤོས་སྤྲུལ་སྐུ་བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་འཁོར་སློབ་བཅོ་ལྔ་ལྷག་ལ།   མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་།   རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། མ་གཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་།   རྡོ་རྗེ་སེམས་དཔའི་རྗེས་གནང་།   ཐུན་དྲུག་རྣལ་འབྱོར་གྱི་ལུང་།   ཡིག་བརྒྱའི་ལུང་བཅས་སྩལ།     དགུང་ལོ་དོན་གཉིས་པ་ས་སྦྲུལ་སྤྱི་ལོ་༡༨༦༩ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྲུབ་དབང་དཀའ་ཆེན་རིན་པོ་ཆེས།   ཆེ་ཤོས་སྤྲུལ་སྐུ་ཚང་ལ་སྐྱབས་འགྲོ།  ལྟུང་བཤགས།  སྤྱི་བཤགས།   ཀློང་བརྡོལ་མཐོལ་བཤགས།   བླ་མཆོད།   ཚོགས་མཆོད།   སྨོན་ལམ་རྣམ་ལྔ།    བྱམས་པའི་ཐོས་བསམ་མ།   བདེ་ཆེན་ལྷུན་གྲུབ་མ།    བྱིན་རླབས་སྤུངས་ཞུས།   སྒྲོལ་དཀར་ལྗང་གཉིས།   གདུགས་ཤེར་སེང་གསུམ།    བསྟན་པ་རྒྱས་པའི་སྨོན་ལམ་བཅས་ཀྱི་ལུང་སྩལ།  བདུན་པའི་ཚེས་བཅོ་ལྔའི་ཉིན་གྲུབ་དབང་དཀའ་ཆེན་རིན་པོ་ཆེས།  ཆེ་ཤོས་སྒར་བར་ཕེབས་ནས་ཆེ་ཤོས་སྤྲུལ་བའི་སྐུ་ལ་ཚེ་དབང་བྱབས་ཁྲུས་གནང་ཞིང་།    དེ་དུས་ཁྱམས་ཀྱི་དཀྱིལ་དུ་རྩ་འདྲ་བ་གཞན་ལས་རིང་ཙམ་སྐྱེ་བ་ཨ་ཀ་རུ་ལ་ངོས་འཛིན་མཛད་ནས་སྤྲུལ་སྐུའི་བླ་ཤིང་ཡིན་ཞེས་གསུངས།   ཧོར་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་ཆེ་ཤོས་སྤྲུལ་སྐུ་ཚང་ལ་མགོན་པོ་དང་།   ལྷ་མོ།   བེག་ཙེ།   སྐུ་ལྔ།    དམ་ཅན་རྣམས་ཀྱི་གཏོར་འབུལ།   གང་བློ་མའི་འདོད་གསོལ།    ཤམ་བྷ་ལའི་སྨོན་ལམ།    བསྟན་འབར་མ།   གྲུབ་དབང་ཉིད་ཀྱིས་མཛད་པའི་གསོལ་འདེབས་བློ་བཟང་རྒྱལ་བ་མ།   ཆེ་ཤོས་སྤྲུལ་སྐུའི་ངོར་མཛད་པའི་ཚེ་དཔག་མེད་ཀྱི་བཀའ་བསྒོ་བསྡུས་པ་བཅས་ཀྱི་ལྗགས་ལུང་སྩལ།   དགུང་ལོ་དོན་བརྒྱད་པ་ཤིང་ཕག་སྤྱི་ལོ་༡༨༧༥ལོའི་ཧོར་ཟླ་བཞི་བའི་ཚེས་བརྒྱད་ཉིན་ཆེ་ཤོས་སྤྲུལ་སྐུ་སོགས་ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་ལུང་།   སྐྱབས་སེམས་ཚད་མེད་བཞིའི་ཁྲིད།   རྒྱས་སྲས་ཐོགས་མེད་ཀྱི་བློ་སྦྱོང་དོན་བདུན་མའི་ཁྲིད།    བློ་སྦྱོང་མཚོན་ཆའི་འཁོར་ལོའི་བཤད་ཁྲིད།   དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཅས་སྩལ།  ལོ་འདིའི་དབྱར་གནས་ཀྱི་གཞུང་ཙམ་ལ།   གྲུབ་དབང་དཀའ་ཆེན་རིན་པོ་ཆེས་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་ཕྱག་དཔེ་དང་།   བློ་སྦྱོང་མཚོན་ཆའི་འཁོར་ལོའི་ཕྱག་དཔེ་གཉིས་ཆེ་ཤོས་སྤྲུལ་བའི་སྐུ་ལ་གནང་ངོ་། །  དེ་ལྟར་ཐུབ་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་པའི་ལག་རྗེས་ཆེ་ཞིང་།   ལུས་ཅན་ཡོངས་ཀྱི་བློ་སྣ་ཆོས་ལ་བསྒྱུར་ཏེ་འདི་ཕྱི་བར་དོ་ཀུན་ཏུ་རེ་འབྲས་དོན་ལྡན་དུ་འགྲོ་བའི་ཐབས་མཁས་ཐུགས་རྗེའི་མཛད་འཕྲིན་བཟང་བོ་མཁའ་ཁྱབ་ཏུ་སྤེལ་བར་མཛད་དོ། །    མཐར་དགུང་ལོ་དོན་བརྒྱད་པ་ཤིང་ཕག་སྤྱི་ལོ་༡༨༧༥ལོའི་དཔྱིད་དུས་ནས་བཟུང་སྐུ་གཟུགས་ཅུང་ཟད་ཞན་པའི་ཚུལ་བསྟན་ཏེ།    ལོ་དེའི་ཧོར་ཟླ་བདུན་པའི་ཚེས་གཅིག་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཤེགས་སོ། །  གྲུབ་དབང་དཀའ་ཆེན་ཚང་གི་འདས་ལོ་གསེར་ཏོག་ཚང་དང་ཆེ་ཤོས་ཚང་གཉིས་ཅུང་མི་མཐུན་པས།  ཁོ་བོས་ཆེ་ཤོས་ཚང་གི་རང་རྣམ་དེ་ཁུངས་བཙུན་པ་དང་རྒྱུ་མཚན་ཡོད་པར་མཐོང་ནས་དེའི་རྗེས་སུ་འབྲང་ནས་བྲིས་ཡོད་དོ།  །

 རྗེ་འདི་ཉིད་ཀྱི་གསུང་རྩོམ་སྐོར་ལ།   སྦྱོར་ཆོས་དྲུག་གི་ཞལ་ཤེས་མན་ངག་ཐམས་ཅད་མཁྱེན་པར་བགྲོད་པའི་གསེར་གྱི་ཐེམ་སྐས་ཞེས་བྱ་བ་དང་།   སྙན་བརྒྱུད་ཕྱག་རྒྱ་ཆེན་པོའི་ལྟ་ཁྲིད་ལྟ་ངན་མུན་སེལ་ཞེས་བྱ་བ་དང་།   གྲུབ་དབང་དཀའ་ཆེན་ཉིད་ཀྱི་རྟོགས་བརྗོད།  གསོལ་འདེབས་བློ་བཟང་རྒྱལ་བ་མ། ཚེ་དཔག་མེད་ཀྱི་བཀའ་བསྒོ་བསྡུས་པ་སོགས་ཆོས་ཚན་ཐོར་བུ་འགའ་རེ་བཞུགས། ཁོང་གི་དངོས་སློབ་ཆེ་གྲས་རྣམས་ནི།   གསེར་ཏོག་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།   ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།   ཆུ་དཀར་ཞབས་དྲུང་དགེ་འདུན་བསྟན་པའི་རྒྱལ་མཚན། ཆུ་དཀར་ཞབས་དྲུང་དགེ་འདུན་བྱང་ཆུབ་བསྟན་པའི་ཉི་མ།   དྲེད་ཁོག་དགེ་བཤེས་བློ་བཟང་སྤྱིན་པ།  ཚེ་འབུམ་ཞབས་དྲུང་བྱང་ཆུབ་བསྟན་པའི་ཉི་མ།  མགོན་ཀྱྰ་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་བསམ་གཏན་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་དུ་བསྐྱངས་ཡོད་དོ། །

༢  དཀའ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ།

     དཀའ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ནི་སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཕྱོགས་པ་ཚོ་བའི་དྲེད་ཁོག་དྲེད་ཆེན་དུ་རབ་ཚེས་མེ་གླང་སྤྱི་ལོ་༡༨༧༧ལོར་ཡབ་ནོར་བུ་ཚེ་ལྡན་དང་ཡུམ་རྡོ་རྗེ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།   སྐྱབས་རྗེ་ཤིང་བཟའ་ཚང་གིས་གོང་མའི་སྤྲུལ་སྐུ་ལ་ཐུགས་ཐག་བཅད་ཅིང་།   དཀའ་ཆེན་སྐུ་གོང་མའི་དབོན་པོ་རབ་འབྱམས་པ་ངག་དབང་གྲགས་པ་ལ་སྤྲུལ་སྐུ་ངེས་པར་གདན་སར་འགོད་དགོས་ཀྱི་བཀོད་ཁྱབ་གནང་།   ཤིང་བཟའ་ཚང་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་གདན་སར་བཀོད།   དགུང་ལོ་བདུན་པར་དགེ་རྒན་རྒྱལ་མཚན་དབང་རྒྱལ་གྱི་མདུན་ནས་ཡེ་གེ་ཀློག་འདོན་སོགས་བསླབ།   དགུང་ལོ་བཅུ་བཞི་བ་ལྕགས་སྟག་སྤྱི་ལོ་༡༨༩༠ལོར་ཧོར་དགེ་རབ་འབྱམས་པ་ངག་དབང་བློ་གྲོས་དགེ་རྒན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས།   བསྡུས་གྲྭ་དང་།   རྣམ་འགྲེལ་སོགས་ལ་སློབ་གཉེར་མཛད།   གསེར་ཏོག་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་མདུན་ནས་རྡོ་རྗེ་ཕྲེང་བའི་དབང་ཆེན་སོགས་ཆོས་རྒྱུན་མང་དུ་གསན།   དགུང་ལོ་བཅུ་བདུན་པ་ཆུ་སྦྲུལ་སྤྱི་ལོ་༡༨༩༣ལོར་དབུས་སུ་སློབ་གཉེར་དུ་ཕེབས།  སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་གསན་སྦྱང་མང་དུ་མཛད།  སྐབས་ཤིག་རིགས་གྲྭའི་ཚོགས་ལངས་ཀྱང་གནང་།   ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།   བྲག་རི་རྡོ་རྗེ་འཆང་སོགས་མཁས་གྲུབ་དམ་པ་དུ་མའི་དྲུང་ནས་དབང་ལུང་རྗེས་གནང་དང་།   བཤད་ཁྲིད་ཀྱི་རྒྱུན་མང་དུ་གསན་ནས་རང་ཡུལ་ཕྱོགས་སུ་ཕེབས།   དགུང་ལོ་ཉེར་བཞི་བ་རབ་ཚེས་ལྕགས་བྱི་སྤྱི་ལོ་༡༩༠༠ལོར་བྱང་ཕྱོགས་ཧལ་ཧ་སེ་ཆེན་རྒྱལ་ཁག་གི་ནང་ཚན་སེ་ཆེན་ཝང་གི་ཧོའུ་ཤོར་ཕེབས་སྐབས་གདུགས་རྟ་བཅུ་གསུམ་གྱིས་ཕེབས་བསུ་རྒྱ་ཆེར་བྱས།   ཕྱོགས་དེར་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ཏེ་སླར་སྐུ་འབུམ་དུ་ཕེབས།   རབ་ཚེས་ཤིང་ཡོས་སྤྱི་ལོ་༡༩༡༥ལོར་སྐུ་འབུམ་འདུ་ཁང་ཆེན་མོའི་ལས་ཁུར་མགོ་འདྲེན་གསེར་ཏོག་སྤྲུལ་སྐུས་གཙོས་སྐབས་ཀྱི་ལས་སྣེ་རྣམས་དང་།   འཆམས་པ་གྲྭ་ཚང་གི་འཆམས་དཔོན་མ་ཧྲིན་བསྟན་འཛིན་བཟང་བོ་སོགས་ལས་བྱེད་མང་མས་བསྐུལ་བ་ལྟར།   དཀའ་ཆེན་སྤྲུལ་སྐུ་དགུང་ལོ་སོ་དགུའི་སྟེང་འདུ་ཁང་ཆེན་མོ་བསྐྱར་བཞེངས་ཇི་ལྟར་བྱས་ཚུལ་གྱི་དཀར་ཆག་རྒྱས་པ་མེ་ཏོག་མཎྡ་ར་བའི་ཕྲེང་མཛེས་ཞེས་བྱ་བ་དང་།   འཆམས་པ་གྲྭ་ཚང་གི་དཀར་ཆག་གཉིས་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་བརྩམས། དཀའ་ཆེན་ཚང་རྒྱུད་པ་བླ་མར་བཞུགས་དུས་དུར་བྷེད་ཆོས་རྗེ་བློ་བཟང་དབང་ཕྱུག་གིས་རྒྱུ་རྐྱེན་སྦྱར་ནས།   གུ་ཤྲྰི་ཆོས་རྗེ་བློ་བཟང་ལྷུན་གྲུབ་ཀྱིས་མཛད་པའི་འཇིགས་བྱེད་རྫོགས་རིམ་པར་དུ་སྐྲུན་སྐབས་དཀའ་ཆེན་ཚང་གིས་པར་བྱང་སྨོན་ཚིག་བྲིས། རྗེས་སུ་སླར་ཡང་ཧལ་ཧ་ཕྱོགས་སུ་ཕེབས་ནས་འགྲོ་དོན་སྐྱོང་བའི་མུ་ལ་སྐལ་ངན་སློབ་བུ་རྣམས་ཀྱི་བསོད་ནམས་ཀྱི་མ་འཆུན་པར་རབ་ཚེས་ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལོར་སྐུ་གཤེགས།    སྐུ་གདུང་རིན་པོ་ཆེ་སྐུ་འབུམ་དུ་གདན་དྲངས་ནས་ལོ་དེའི་ཧོར་ཟླ་གསུམ་པའི་ཚེས་བཟང་བོར་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་མཆོག་གིས་སྐུ་གདུང་སྤྱིན་སྲེག་བྱས་སོ། །  

༣  དཀའ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་བྱང་ཆུབ་བསྟན་འཛིན།

དཀའ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་བྱང་ཆུབ་བསྟན་འཛིན་ནི་ཕྱོགས་པ་ཚོ་བའི་ནང་ཚན་ཆུ་རུལ་ཁ་གྲོང་སྡེ་ནས་ཡར་མཆེད་པའི་རྟ་ནག་ལུང་བར་རབ་ཚེས་ཆུ་ཁྱི་སྤྱི་ལོ་༡༩༢༢ལོར་སྐྱེས།   ཆེ་ཤོས་སྤྲུལ་སྐུ་ཚང་གིས་དཀའ་ཆེན་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཐུགས་ཐག་བཅད།   ཁོང་གི་མདུན་ནས་རབ་བྱུང་སོགས་བསྒྲུབས།   དཀའ་ཆེན་ཕྱག་མཛོད་བློ་བཟང་གིས་རྩོམ་བསྐུལ་ཞུས་པ་ལྟར།   ཆེ་ཤོས་ཚང་གིས་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་མཆོག་སྤྱིན་ཞེས་བྱ་བ་བརྩམས།   ཆེ་ཤོས་ཚང་གི་མདུན་ནས་ཆོས་བཀའ་འགའ་རེ་གསན།   མི་ཉག་མཁན་ཆེན་ཚང་དགེ་རྒན་དུ་བསྟེན་ནས་ཆོ་ག་ཆོས་སྤྱོད་སོགས་ཐུགས་འཛིན་གནང་། མི་ཉག་ཚང་གི་མདུན་ནས་ཆོས་ཉན་མཁན་མང་བོ་དང་ལྷན་དུ་ཐེག་ཆེན་གསོ་སྦྱོང་གི་ལུང་དང་།    བཀའ་འགྱུར་གྱི་ལུང་སོགས་གསན།   དུས་འཁོར་དཔོན་སློབ་ལའང་བཞུགས།  རྗེས་སུ་དཀའ་ཆེན་ཕྱག་མཛོད་དྲེད་ཁོག་བློ་བཟང་བསྟན་འཛིན་གྱིས་སྨད་སོག་ཏུ་ནན་གྱིས་གདན་དྲངས་ཤིང་དེར་ཕེབས་ནས་ཡུན་རིང་བཞུགས།   དམ་ཚིག་ཉམས་ནས་སྐྱ་སར་བབས།  རིག་གནས་གསར་བརྗེ་སྐབས་སྨད་སོག་ཏུ་བཞུགས།   རྗེས་སོར་སྨད་སོག་ཏུ་སྡོད་མ་ཐུབ་པར་ཕ་ཡུལ་རྟ་ནག་ལུང་བར་འོང་ནས་སྡེ་བའི་མཉམ་ལས་ཁང་དུ་ཞུགས།  དགུང་ལོ་རེ་གཉིས་པ་རབ་རྒྱལ་ཆུ་ཕག་སྤྱི་ལོ་༡ ༩༨༣ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས་སོ། །    སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས།   ཕྱག་རྡོ་ཐང་གྲུའུ་ཀྱྰ་དགེ་བཤེས་བསྟན་འཛིན་རྒྱ་མཚོའི་ཡང་སྤྲུལ་གྲོ་ཚང་རྒྱུད་པ་བློ་བཟང་བསྟན་པ་ཡར་འཕེལ་ཚང་༼འདི་སྤྲུལ་སྐུའི་གོ་སར་བཏོན་མེད༽སྐུ་འབུམ་དུ་ཕེབས་སྐབས་དཀའ་ཆེན་སྒར་བའི་གཞིས་འདི་གྲུའུ་ཀྱྰ་སྒར་བ་ཡིན་པར་གསུངས།   གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་ཚང་གི་སྐུ་ཚེ་སྨད་ནས་དཀའ་ཆེན་སྒར་བ་ཞེས་པའི་མིང་ཐོགས་པ་ཨེ་ཡིན་ནམ་སྙམ་མོ། །  ཞེས་དྲེད་ཁོག་སྰཙྪ་རི་ཁྲོད་དང་འབྲེལ་བའི་ལོ་རྒྱུས་འདི་ནི་སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་དང་།   གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོའི་རྣམ་ཐར།  ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་རང་རྣམ་སོགས་ལས་ཅུང་ཟད་བཏུས་ཏེ་བསྒྲིགས་པ་ཡིན་ལ།   དྲེད་ཁོག་གི་གནས་ཡུལ་དང་ས་མིང་རྣམས་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ཁོ་བོ་དྲེད་ཁོག་ཏུ་སོང་ནས་ཉིན་བཞི་ལྔ་ཙམ་བསྡད་པའི་རིང་རྒན་རབས་རྒྱུས་ཡོད་དུ་མར་འདྲི་རྟོག་བྱས་ཤིང་། དེ་དག་ལས་གཞན་དགོན་པའི་བླ་གྲྭ་ཁ་ཤས་ལའང་ཞིབ་མོལ་ཅུང་ཟད་བྱས་པ་བརྒྱུད་དེ་ལོ་དེའི་ཧོར་ཟླ་ལྔ་བའི་ནང་སྐུ་འབུམ་རང་ཤག་ཏུ་སངས་རྒྱས་རྒྱ་མཚོས་མཇུག་རྫོགས་པར་བྲིས་པའོ།།      

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།