སྟོང་འཁོར་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་གི་ལོ་རྒྱས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-13 22:36:20     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

微信图片_20171113224556.jpg

སྟོང་སྐོར་དགོན་སྟོང་འཁོར་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་ནི་རི་བོ་ཉི་ཟླ་ནས་ཟི་ལིང་ལ་འགྲོ་བའི་ལམ་འགྲམ་གྱི་སྟོང་སྐོར་ལུང་བར་ཆགས་ཡོད་ཅིང་སྟོང་སྐོར་རྫོང་ནས་ལྷོ་བྱང་གི་སར་སྤྱི་ལེ་སུམ་ཅུ་ཙམ་ཡོད་ཅིང་གྲུབ་མཐའ་དགེ་ལུགས་པ་ཡིན།དགོན་པ་འདི་ནི་སྟོང་སྐོར་སྐུ་ཕྲེང་བཞི་བ་འཇམ་དབྱངས་རྒྱ་མཚོས་ཕྱག་འདེབས་གནང་པ་ཆུ་ཡོས་དུས་འཁྲུགས་ཀྱི་དུས་སུ་མེར་བསྲེགས། 

དེ་བས་སྟོང་སྐོར་སྐུ་ཕྲེང་ལྔ་བ་བསོད་ནམས་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོར་བསྐྱར་དུ་བཞེངས། 

ཁོང་ནི་སྣང་རའི་གྲམ་པ་ནང་དུ་གཅན་ཚའི་དཔོན་རྒྱུད་གཙུག་ཏོར་སྐྱབས་དང་། ཡུམ་འབུམ་མོ་གཉིས་ཀྱི་སྲས་སུ་སྐུ་མཆེད་བརྒྱད་ཡོད་པའི་ཆེ་བར་ཤིང་བྱི་ལོར་འཁྲུངས།

ལ་མོ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་། ཕྱིས་སུ་བསྙེན་རྫོགས་ཀྱང་འདི་ལས་བསྒྲུབས། ཏཱ་ལའི་ཧི་ཐོག་ཐུ་བཤད་སྒྲུབ་རྒྱ་མཚོ། རྩེ་གདུང་ཞབས་དྲུང་ངག་དབང་ཀུན་དགའ་ཡོངས་འདུས་དང་། ཆོས་དཔལ་འབྱོར། ལཱི་ཀྱ་དོན་ཡོད་པ།ཡོངས་འཛིན་བློ་བཟང་ཉི་མ། སློབ་དཔོན་བློ་བཟང་བཀྲ་ཤིས།མཚུངས་མེད་ནམ་མཁའ་བསམ་འགྲུབ།རྗེ་དཔལ་ལྡན་ཆོས་སྐྱོང་། སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན། གཡེར་གཤོང་སྔགས་རམས་པ་སོགས་ལས་གསར་རྙིང་གི་དབང་རྗེས་གནང་ལུང་མན་ངག་རྒྱ་ཆེར་གསན་པས་གྲུབ་མཐའ་རིས་མེད་ལ་མཁས།བར་ཁམས་སྟོང་འཁོར་དང་ཅོ་ནེ་དགོན་ཆེན་སོགས་སུ་ཕེབས། གཅུང་ངག་དབང་རྣམ་རྒྱལ་གྱི་སྲིད་ཀྱི་དོན་དུ་སྐུ་རིམ་མཛད་པས་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་གཞིས་དེར་འཁྲུངས།སྐུ་འཁྲུངས་མ་ཐག་ནས་བསྲུང་བ་དང་གང་ཅིའི་དོ་དམ། དགེ་ཚུལ་བསྒྲུབས་ཏེ་རྡོར་འཕྲེང་སོགས་ཆོས་བཀའ་དུ་མ་ཕུལ། གདན་སར་འགོད་རྒྱུ་སོགས་འགན་བཞེས་བཀའ་དྲིན་གཞལ་དུ་མེད། རེ་དགུ་ཆུ་སྤྲེལ་ལོར་རི་བོ་རྩེ་ལྔར་ཕེབས་པའི་ཕྱི་ལོ་ཡར་ཕེབས་ཀྱི་ལམ་དུ་གཤེགས།

དགོན་འདིར་ཐོག་མར་སེ་རའི་ཡིག་ཆའི་སྟེང་ནས་འཆད་ཉན་ཞིག་བཙུགས་ཀྱང་ཡུན་རིང་མ་གནས། ཆོས་ཐོག་ལ་ཆོ་འཕྲུལ་སྨོན་ལམ་དང་། རྡུལ་ཚོན་ལ་བརྟེན་པའི་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་བཅས་དང་། རྟེན་ལ་འདུ་འདུ་ཁང་དུ་མཉྫུ་ཤྲི་ལྔ་པ་བསོད་ནམས་རྒྱ་མཚོའི་དངུལ་གདུང་མཆོད་རྟེན་ཀུན་མཁྱེན་འཇིགས་མེད་སྡེས་བཞེངས་པ། སྤྲུལ་སྐུ་སྐལ་བཟང་འཇམ་དབྱངས་རྒྱ་མཚོའི་དངུལ་གདུང་། བྱམས་ཁང་རྟེན་དང་བརྟེན་པར་བཅས་པ་སོགས་སྐུ་གསུང་ཐུགས་རྟེན་མང་།

སྟོང་འཁོར་བླ་བྲང་།དབལ་ཤུལ་བླ་བྲང་། ཀུན་མཁྱེན་དངོས་སློབ་མཚོ་སྔོན་ཞབས་དྲུང་བློ་བཟང་ཆོས་གྲགས་རྒྱ་མཚོའི་སྐྱེ་རྒྱུད་ཀྱི་སོག་པོ་བླ་བྲང་སོགས་སྒར་ཁག་དང་། མཆོད་གཞིས་སྔར་མདོ་རྒྱུད་རྒྱ་མཚོ་ལ། ཀུ་ཤྲི་ཧན་གྱིས་མདོ་མཁར།རྡོ་ཁྲ་ཙི། ཁུ་ཁུ་ཁུ་ཐུལ། རྡོ་སྟག་གཡག་ཤ་ར་ཁུ་ཐུལ། རྡོ་ཉི་ཟླ། ཐར་ཝོན་ཁུ་ཐུལ། ལ་སར་གྲ་ཙི་ཡན་གྱི་དབང་རིས་ཕུལ། མཚོ་སྔོན་གྱི་གཞི་མ་རྣམས་དེར་བླངས་པ་ནས་བཟུང་ཟི་ལིང་སྟོང་འཁོར་དུ་གྲགས་པ་བྱུང་འདུག

དགོན་འདིར་ཐོས་བསམ་གླིང་དང་རྒྱུད་པ་གྲྭ་ཚང་།དུས་འཁོར་གྲྭ་ཚང་སོགས་བཞུགས་ཤིང་ཡིག་ཆ་སེ་རའི་བྱེས་པ་གྲྭ་ཚང་དང་གཅིག བདེ་གསང་འཇིགས་གསུམ་གྱི་ཉམས་སུ་ལེན་ཞིང་ང་བརྒྱད་སྔོན་དུ་གྲྭ་བ་ཉིས་བརྒྱ་ཙམ་བཞུགས།

༡༩༥༨ལོར་དགོན་པའི་བཙན་ཁང་ལས་གཞན་ཚང་མར་ཆག་འཇིག་བྱུང་བས་གསུང་རབ་དང་སྐུ་གསུང་ཐུགས་རྟེན་མང་བོར་གཏོར་བརླག་ཐེབས།

༡༩༨༣ལོར་སླར་ཡང་ཆོས་སྒོ་ཕྱེས་ཏེ་འདུ་ཁང་སོགས་བསྐྱར་དུ་བཞེངས།  

ད་ལྟ་བོད་སོག་གི་གྲྭ་བ་བཅུ་ལྷག་བཞུགས་ཤིང་བཙན་ཁང་རིག་གསར་སྐབས་སུའང་མ་འཇིག་པར་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn      

བརྒྱུད་འགོད།