བཙུན་མོ་རིའི་དབྱེན་བསྡུམ་མཆོད་རྟེན་ཆེན་མོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-26 08:07:27     རྩོམ་པ་པོ།   སྐལ་བཟང་གཞོན་ནུ།    ཀློག་ཐེངས།  

微信图片_20221101074525.jpg

མདོ་ལ་རྫོང་མཁར་གྱི་རྒྱབ་རི་བཙུན་མོ་དམར་ཡག་མའི་དབུ་རྩེར་བཞེངས་ཡོད། 

 མཆོད་རྟེན་འདི་ཐོག་མར་རྗེ་མངའ་རིས་སྐུ་ཕྲེང་ལྔ་བ་བློ་བཟང་ལུང་རྟོགས་རྒྱ་མཚོའི་ཞལ་བཀོད་ལྟར།  ཕྱི་ལོ༢༠༠༦ལོའི་ཟླ༩ཚེས༨ལ་མཚོ་བྱང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བརྒྱུད་མཚོ་སྔོན་ཞིང་ཆེན་དམངས་ཨུ་ནས་ཆོག་མཆན་ཐོབ་པར་བརྟེན། ཨ་རིག་དགོན་ཆེན་དང་རུ་སྡེ་སོ་སོའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་དམངས་སྒོར་ལྔ་འབུམ་ལ་ཉེ་བ་ཕུལ་ཅིང་།ཨ་རིག་དགོན་པས་ས་བདག་ལྟོ་འཕྱེའི་ཐིག་ཚད་ལྡན་བཏབ་རྗེས་བཞེངས་མགོ་བརྩམས། 

 ཕྱི་ལོ༢༠༠༧ལོར་མཐོ་ཚད་ལ་སྨི༡༧དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༦༠ཅན་དེ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་།  ཨ་རིག་དགོན་པའི་བླ་གྲྭ་ཡོངས་ཀྱིས་རབ་གནས་ཀྱི་ཆོ་ག་རྒྱས་པར་གནང་།  གཟུངས་བཞུགས་ཀྱི་སྐོར།  རྒྱལ་བའི་བཀའ་རིན་པོ་ཆེ་ཚར་བརྒྱད།  བསྟན་འགྱུར་ཚར་བརྒྱད།  ཡུམ་ཆེན་མོ་ཚར་ཉེར་བརྒྱད།  ཏིང་འཛིན་ཚར་བཞི།  བརྒྱད་སྟོང་བ་ཚར་ཞེ་བཞི།  སྐལ་བཟང་ཚར་ཞེ་གཅིག གཟུངས་བསྡུས་ཚར་སུམ་ཅུ།  བྱང་ཆུབ་ལམ་རིམ་ཆེ་བ་ཚར་བཅོ་ལྔ།  སྔགས་རིམ་ཆེན་མོ་ཚར་བཅོ་ལྔ།  རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཚར་ཞེ་གསུམ།  ཤོག་འབུམ་ཚར་དྲུག་བརྒྱ་ཞེ་ལྔ།  འཇིམ་སྐུ་དཔར་མ་ཆིག་ཁྲི་དགུ་བརྒྱ་ང་དགུ ཇ་ནག་ཉིས་བརྒྱ་བདུན་ཅུ།  དར་གོས་ཁྲུ་བཞི་སྟོང་བདུན་སོ་གསུམ།  ཕྲུག་བརྒྱད།  ནས་རྒྱ་མ་སྟོང་ལྔ།  འབྲས་རྒྱ་མ་ཉིས་བརྒྱ།  མར་རྒྱ་མ་བརྒྱ་དང་ལྔ་བཅུ།  མཁར་སླང་གཅིག དཀར་ཡོལ་ང་དྲུག གནའ་དཀར་དྲུག བཞོ་ཟེའུ་བཞི།  འོ་ཟོ་བཞི།  གཏེར་ཁུག་བརྒྱ་དང་བཅུ་གསུམ།  སྲོག་ཤིང་སྨི་དགུ་ལྷག བལ་ཕྱར་གསུམ།  སྨན་སྣ་རིགས་བརྒྱ་དང་ཉི་ཤུ་བཅས་ཡོད།  

  ཨ་རིག་དགོན་པའི་བླ་མ་སྨྲ་ཁམས་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེས་བཙུན་མོ་རི་འདི་མཁའ་སྤྱོད་མའི་གནས་ཡིན་ཚུལ་གསུངས་པ་དང་རྗེ་མངའ་རིས་ཚང་གིས་ཀྱང་དེ་ལུགས་ཐུགས་སུ་བབས་ནས་དམ་པ་གཉིས་ཀྱི་བཞེད་དགོངས་གཅིག་ཏུ་མཐུན།  སྐྱེས་ཆེན་དམ་པ་མང་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཉམས་དགའ་བ་ཞིག་ཡིན་ལ་དབྱར་གྱི་དུས་ཚིགས་སུ་ཕྱོགས་ཀྱི་མགྲོན་པོ་ཐམས་ཅད་ཆུ་སྣ་རྡོལ་བ་བཞིན་ཟམ་མ་ཆད་པར་ཡོང་བའི་ཡུལ་སྐོར་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན།  

དེང་ཐོག་ཨ་རིག་དགོན་པའི་དཀོར་གཉེར་རེ་མངགས་ནས་བསང་དང་མཆོད་པ་ཕུལ་བ་དང་།  ལོ་འགའི་འཕྲོར་རང་ས་གནས་ཀྱི་ཇོ་མོ་འགའ་རེ་ཕེབས་ནས་རྒྱུན་བཞུགས་གནང་ཞིང་དགོན་པས་ཚོགས་སྐལ་ཕུལ།  མང་ཚོགས་ལ་མ་འོངས་པར་ཨ་རིག་ཕྱོགས་ཀྱི་བཙུན་མའི་དགོན་པར་འགྱུར་བའི་རེ་བ་ཡོད་ཟེར།  

ཕྱི་ལོ༢༠༡༡ལོར་ཡུལ་སྐོར་གྱི་དགོས་མཁོའི་ཆེད་དམ་དགོས་དབང་གང་རུང་ཞིག་གི་ཆེད་དུ།  སྐབས་དེའི་དཔོན་པོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས།  མདོ་ལ་ཡུས་ལེན་ཡུལ་སྐོར་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ལ་ལོ༥༠གན་རྒྱ་བཞག་ནས་བཙོང་ཟེར། དོན་དག་འདིའི་ཐད་ནས་མང་ཚོགས་ཁྲོད་དུའང་བསམ་འཆར་གང་མང་བྱུང་ཞིང་།  བསང་གཏོང་བའི་དད་ལྡན་མང་ཚོགས་ལ་དམིགས་བསལ་ཡོད་པར་བཤད་ཀྱང་སྔར་དང་བསྡུར་ན་ལྡབ་ཀྱིས་བསང་འབུལ་མཁན་ཇེ་ཉུང་དུ་སོང་ཡོད་ཅེས་དེར་གཏན་སྡོད་བྱས་ཡོད་པའི་མི་སྣས་བཤད། 

ཕྱི་ལོ༢༠༢༠ལོར་ཨ་རིག་དགོན་པའི་དོ་དམ་ཁང་གི་མགོ་གཙོ་དང་དེ་གའི་འགན་འཛིན་མི་སྣར་གྲོས་བསྡུར་བྱས་པ་བརྒྱུད་འགྲོ་འོང་ཐད་སྟབས་བདེ་བསྐྲུན་ཡོད།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།