ཨ་རིག་དགོན་ཆེན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-26 07:56:09     རྩོམ་པ་པོ།   སྐལ་བཟང་གཞོན་ནུ།    ཀློག་ཐེངས།  

微信图片_20221026080015.jpg

ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་གི་ཁོངས་སུ་ཆགས་ཡོད།

དེ་ཡང་སྔོནཨ་རིག་སྤྱིའི་དགོན་སྡེ་ཧང་ངེའི་བྱམས་མདོ་དགོན་འཇིག་རྗེས།དགེ་བའི་བཤེས་གཉེན་ཆེན་མོ་༧བྱ་བྲལ་ལྷ་རམས་པ་ངག་དབང་བསོད་ནམས་མཆོག་གིས་ཕྱི་ལོ༡༧༧༩ཙམ་ལ་ནགས་རྡོ་རྫོང་གད་པ་གཡང་ར་(ད་ལྟའི་བྲག་དཀར་རྫོང་)ཞེས་པར་ཕྱག་འདེབས་མཛད་པར་ཨ་རིག་འབྲོང་ཐུ་མའི་བརྒྱ་དཔོན་མཁས་གྲུབ་ཀྱིས་ཀྱང་མཐུན་རྐྱེན་ལེགས་པར་སྦྱར་ཏེ་ལོ་དུ་མར་བསྐྱངས། ཀུན་མཁྱེན་འཇིགས་མེད་དབང་བོའི་ཐུགས་བཀོད་ལྟར་མཚན་ཉིད་བཙུགས་ནས་འཛིན་སྐྱོང་སྤེལ་གསུམ་མཛད། 

ཕྱིས་སུ་བྱ་བྲལ་ངག་དབང་བསོད་ནམས་མཆོག་གིས་མངའ་རིས་སྐུ་ཕྲེང་གཉིས་པ་བསྟན་པ་རབ་རྒྱས་མཆོག་ལ་དགོན་མགོ་ཕུལ་བས་མངའ་རིས་གུར་དགོན་དུ་གྲགས། (ངག་རྒྱུན་ལྟར་ན་ཀུན་གཟིགས་ལྔ་བ་ཆེན་མོའི་བཀའ་གསུང་ལྟར་ཕྱི་ལོ༡༦༦༥ལོར་བྱ་བྲལ་ཏཱ་བླ་མ་དང་ཨ་རིག་རབ་འབྱམས་པ་མཁས་བཙུན་རྒྱ་མཚོ་གཉིས་ཀྱིས་ཐོག་མར་ཕྱག་བཏབ་པར་ཡང་གྲགས)ཡུན་རིང་མ་འགོར་བར་རུ་སྡེ་འཁྲུགས་རྩོད་ཀྱི་དབང་གིས་ཕྱི་ལོ༡༧༩༢ཙམ་ལ་ལྷ་སྡེ་དང་མཉམ་དུ་དགོན་པ་ཡང་གནས་སྤོ་བྱེད་དགོས་བྱུང་།

 རིམ་གྱིས་མཚོ་སྔོན་པོའི་བྱང་འགྲམ་གྱི་བཙན་མདུང་དང་། བོ་རོ་ཆུ་འགག  ཐུར་རྒོན་མདོ། བ་ལུ་མའི་ཆུ་ཁོལ། ལུང་རྒན་ཐང་སོགས་སུ་ཆགས་ནས་ལོ་བརྒྱ་ཙམ་གྱི་རིང་དགེ་འདུན་པ་བཞི་བརྒྱར་ཉེ་ཞིང་མདོའི་འཆད་ཉན་ལེགས་པར་བསྐྱངས། 

ཕྱི་ལོ༡༨༩༩ལོར་མདོ་ལ་རིང་མོའི་རི་སུལ་ཨེ་ཇེ་ནའི་ལུང་ཁོག་ཏུ་ཆགས་ནས་བླ་མ་ཁྲི་ཆེན་བརྒྱད་དང་ཁྲི་ཆུང་བརྒྱད། དགེ་འདུན་པའི་ཞལ་གྲངས་ཉིས་བརྒྱ་ལྷག་གིས་ས་ཁྱི་ལོའི་བསྟན་པའི་ཆག་འཇིག་བར་དུ་ཆོས་སྡེ་ཁུར་སྐྱོང་གནང་། 

ཕྱི་ལོ༡༩༨༠ལོར་རྗེ་མངའ་རིས་ཧུ་ཐོག་ཐུ་བློ་བཟང་ལུང་རྟོགས་རྒྱ་མཚོ་གཙོས།  སྨྲ་ཁམས་བློ་བཟང་ཚུལ་ཁྲིམས་བསྟན་འཛིན།  ཧོར་སྐལ་བཟང་ལེགས་བཤད་རྒྱ་མཚོ།  མཱ་ཁྱེ་སྐལ་བཟང་བསྟན་འཛིན་རྒྱ་མཚོ།  ཞབས་དྲུང་བློ་བཟང་ལུང་རིགས་རྒྱ་མཚོ།  ལྡོང་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་དང་། ལྡོང་དགེ་སློང་བཀྲ་ཤིས་རྒྱ་མཚོ།  རྒྱ་ཉག་དགེ་སློང་ཤེས་རབ་རྒྱ་མཚོ།   རྒྱ་ཉག་དགེ་སློང་བློ་བཟང་བཤད་སྒྲུབ་སོགས་ཀྱིས་ཡང་དར་བསྟན་པའི་སྒོ་མོ་དངོས་སུ་ཕྱེས་ཤིང་། དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་དང་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་དགོན་པའི་རྨང་གཞིའི་སྒྲིག་ཆས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ་འདུ་ཁང་གསར་རྙིང་གཉིས་དང་། བཙན་ཁང་། ཇོ་ཁང་། བྱམས་ཁང་། བདེར་གཤེགས་མཆོད་རྟེན་བརྒྱད། འཁོར་ཁང་སོགས་ཕྱི་འཛུགས་སྐྲུན་གྱི་བཀོད་པ་བརྗིད་ཆགས་ཤིང་། བཅའ་ཁ་ཕྱག་ལེན་དང་། འདོན་རྟ་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ། ཆོས་འཆད་ཉན་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དུས་འདའ་བར་གནས་སོ། །

ཞེས་ཨ་རིག་དགོན་ཆེན་གྱིས་དམངས་སྒོར་ཆིག་འབུམ་བདུན་ཁྲི་ལྷག་ཕུལ་ཏེ་སྤྱི་ལོ༢༠༢༡ལོའི་ཟླ༧པར་བཞེངས་པའོ།།  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།