༄༅།།རྒོད་ཚང་རི་ཁྲོད་བསམ་གཏན་བདེ་ཆེན་ཆོས་གླིང་།

    སྤེལ་དུས།  2017-04-12 15:04:48     རྩོམ་པ་པོ།   ཞོ་བཟང་དགེ་འདུན་ཚུལ་ཁྲིམས།    ཀློག་ཐེངས།  
01.jpg

 

རྒོད་ཚང་རི་ཁྲོད་བསམ་གཏན་བདེ་ཆེན་ཆོས་གླིང་ནི།  མགོ་ལོག་ཁང་གསར་ཕྱོགས་ནས་ཡོང་བའི་གྲུབ་དབང་འཕུར་མོ་བསམ་གཏན་རྒྱ་མཚོ་ཟེར་བ་ཞིག་གིས་ཕྱག་བཏབ་པ་ཡིན་ལ།  ཁོང་ནི་རབ་བྱུང་བཅོ་ལྔ་བའི་ས་བྱ༼  ཕྱི་ལོ༡༩༠༩  ༽ལོར་གཡུ་རྩེའི་ཨ་མཆོག་ཕྱོགས་སུ་ཡབ་མགོན་པོ་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  

 

དགུང་ལོ་ལྔ་བ་ཆུ་གླང༼  ཕྱི་ལོ༡༩༡༣  ༽ལོར་ཨ་མཆོག་མཚན་ཉིད་དགོན་དུ་རབ་ཏུ་བྱུང་སྟེ་ཆོས་གྲྭར་ཞུགས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས།  དགུང་ལོ་བཅུ་གཉིས་པ་ལྕགས་སྤྲེལ༼   ཕྱི་ལོ༡༩༢༠  ༽ལོར་བླ་བྲང་དགོན་པའི་ཚོགས་ཆེན་དུ་ཞུགས་ནས་ལོ་ངོ་གསུམ་ཙམ་ལ་བཞུགས།  དེ་ནས་མཚོ་སྔོན་པོའི་ཕྱོགས་སུ་གྲོང་ཆོག་ཏུ་འགྲོ་བའི་གྲྭ་རྒན་ཞིག་དང་མཉམ་དུ་ཨ་རིག་སྡེ་མང་ས་ཆར་ཐོན།  བསོད་རྡོར་ཟེར་བའི་ཁྱིམ་ཚང་ཞིག་ཏུ་འདུག་དུས་གྲྭ་རྒན་དེ་ཡིས་ཁོ་ལ་ཤེས་སུ་མ་བཅུག་པར་རྟ་རྒན་ཞིག་དང་བརྗེས་ནས་བུད་སོང་བས་ཁོ་རང་འབྲོག་ཁྱིམ་དེའི་རྫི་བོ་སོགས་བྱས་ནས་དཀའ་ལས་མང་པོ་མྱངས་ནས་བཞུགས་སྐབས།  ཁྱིམ་ཚང་དེར་ཨ་ཁུ་རྡོ་དགེ་འམ་རབ་རྒྱས་ཟེར་བ་ཞིག་ཡོད་པ་དེའི་རོགས་རམ་ལ་བརྟེན་ནས་གྲོང་ཆོག་ཏུ་སོང་ནས་མཐུན་རྐྱེན་ཅུང་ཇེ་བཟང་དུ་སོང་བས་བྱང་གི་དགོན་ཆེན་བཞི་ལ་མཇལ་སྐོར་དུ་ཕེབས།  ལམ་བར་དུ་ཨ་རིག་ནགས་ཚང་གི་མཇལ་བ་སྐོར་ཞིག་དང་འཕྲད་ནས་ཁོ་ཚོའི་སར་གྲོང་ཆོག་ཏུ་འགྲོ་ཟེར་བ་བཞིན་ཨ་རིག་འབྲོང་ཐི་མའི་ནང་དུ་འབྱོར། ཨ་མཆོད་མང་པོ་དང་མཉམ་དུ་འབྲོག་ཁྱིམ་རེ་རེར་མྱུལ་ནས་ཀློག་འདོན་མང་པོ་བྱས་པས་ཡུན་རིང་མ་འགོར་བར་འདོན་བཟང་ཞིག་ཏུ་གྱུར་ནས་ཡོན་བདག་མང་པོ་བྱུང་།  ཁོང་ནི་ཀློག་བཏོན་ན་སྨྲ་ལྕེ་དག་ཅིང་མགྱོགས་པས་ཡོན་བདག་ཚོས་བྱ་འཕུར་བ་དང་འདྲ་གི་ཞེས་བཤད་པས་ཨ་མཆོད་འཕུར་མོ་ཞེས་པའི་མིང་ཞིག་ཀྱང་ཐོགས།

 

དགུང་ལོ་ཉེར་བཞི་བ་ཆུ་སྤྲེལ༼  ཕྱི་ལོ༡༩༣༢  ༽ལོར་སྙིང་རླུང་ཞིག་ལ་རྐྱེན་བྱས་ཏེ་རྒྱུ་ནོར་ལོངས་སྤྱོད་ལ་ཞེན་པ་གཏིང་ནས་ལོག་ཏེ་རེབ་གོང་སྐུ་གཞོགས་ཆེན་མོའམ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་མ་ཅིག་ཁྲོས་མ་ལྷ་ལྔའི་དབང་གསན་སྟེ་ཆུ་མིག་གཉན་ཁྲོད་སྟོང་ཁ་ལྷག་འགྲུབ་པས་ཨ་ལགས་ཆུ་མིག་པར་གྲགས།   རྗེས་མར་རྫ་དམར་སྐེའི་ཡོན་བདག་རོང་བ་མི་ཉུང་བ་ཞིག་ཁོང་ཚང་ལ་དད་པ་ཤིན་ཏུ་ཆེ་བས་དེ་གར་བཞུགས་རྒྱུའི་རེ་བ་ལན་མང་ཞུས་པ་བཞིན།  སྒོ་མེ་ཚེ་དབང་གཙོས་ཡོན་བདག་འགས་རྒྱབ་སྐྱོར་འོག་ཨ་རིག་གི་བླ་དཔོན་དག་ལ་ཞུས་ནས་ད་ལྟའི་དགོན་གནས་འདིར་ཨ་རིག་དང་ཡུ་གུར་བ།  རྫ་དམར་སྐེའི་རོང་བ་རྣམས་ཀྱིས་མཚམས་ཁང་ཞིག་ཕུབ་ནས་བཞུགས། 

 

དགུང་ལོ་སོ་གཅིག་པ་ས་ཡོས༼   ཕྱི་ལོ༡༩༣༩  ༽ལོར་ཆུ་མིག་སྒར་ཁ་དང་གཞན་པའི་གྲྭ་ཤག་འགའ་ལེགས་འགྲུབ་བྱུང་སྟེ།  དེ་གའི་བན་ཕྲུག་འགའ་བསྡུས་ནས་ཀློག་སྦྱོར་ཙམ་ཁྲིད་པ་མ་གཏོགས་དགོན་པ་འདེབས་རྒྱུའི་དམིགས་ཡུལ་ཆེར་མ་བྱས།   རྗེས་སུ་སྐུ་འཁོར་ན་ཨ་ལགས་བཟོད་པ་ཟེར་བ་ཞིག་ཡོད་པ་དེས་གནས་འདིར་སངས་རྒྱས་སྟོང་སྐུ་ཅན་གྱི་ལྷ་ཁང་ཞིག་བཞེངས་བསམ་ཡང་ལུས་ཡོད་པར།  རོང་འབྲོག་མང་ཚོགས་ཐམས་ཅད་ལའང་དགོན་པ་འདེབས་རྒྱུའི་རེ་བ་ཤིན་ཏུ་ཆེ་བ་ལྟར།  ཨ་མཆོད་འཕུར་མོ་ཁོང་ཉིད་ནས་ལས་འཕྲོ་བསྐྱངས་ཏེ་སྒར་མདུན་དུ་སངས་རྒྱས་སྟོང་སྐུའི་ལྷ་ཁང་ཞིག་བཞེངས་ཤིང་།  ཁོང་ཉིད་ནས་རྒོད་ཚང་རི་ཁྲོད་བསམ་གཏན་བདེ་ཆེན་ཆོས་གླིང་ཞེས་མིང་བཏགས་པ་ནས་བཟུང་དགོན་པར་གྱུར།  མིང་གཞན་ལ་འཕུར་མོ་དགོན་པ་དང་ཆུ་མིག་དགོན་པ་འང་ཟེར་ལ།  རྒྱབ་རིའི་བྲག་ངོས་སུ་བྱ་རྒོད་པོའི་ཚང་ཞིག་ཡོད་པས་རྒོད་ཚང་རི་ཁྲོད་ཀྱང་ཟེར།

 

དགུང་ལོ་ཞེ་གཉིས་པ་ལྕགས་སྟག༼  ཕྱི་ལོ༡༩༥༠  ༽ལོར་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ལེགས་འགྲུབ་བྱུང་།  ལོ་དེའི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཁོང་དང་བྲག་དམར་ཚང་།  ཨ་རྡུང་ཚང་བཅས་བླ་མ་གསུམ་གྱི་ཁྲི་སྟོན་དང་འདུ་ཁང་གི་འགྲུབ་སྟོན་དུས་གཅིག་ཏུ་བྱས།  ཁོང་གི་ནུ་བོ་ཤེར་བསྟན་གཙོས་ཡུལ་མི་འགའ་མགོ་ལོག་ནས་ཨ་རིག་ལ་ཁོང་ཉིད་ཕ་ཡུལ་ལ་ཞུ་བར་ཐེངས་གསུམ་ལ་འགྲོ་འོངས་བྱས་པས་།  ཁོང་རང་ཉིད་ནས་ཀྱང་ཕ་ཡུལ་ལ་ལན་གཅིག་ཕེབས་རྒྱུའི་ཞལ་བཞེས་གནང་མོད།  འོན་ཀྱང་ལས་བྲེལ་གྱི་དབང་གིས་ཕ་ཡུལ་དུ་ཕེབས་མ་ཐུབ་པས།  དེ་བཤགས་ཐེབས་སུ་རྫ་དམར་སྐེའི་ཡོན་བདག་དང་དད་ལྡན་རྣམས་ཀྱིས་རང་འགུལ་སྒོས་ཁྲོས་ནག་གི་ལྷ་ཁང་གཅིག་བཞེངས།   

 

རྗེས་མར་ཨ་རིག་དགོན་ཆེན་དུ་ཕེབས་ཡོད་པའི་དངུལ་རྭའི་དགེ་བཤེས་ཆེན་མོ་བསྟན་འཛིན་རྒྱ་མཚོ་ཚང་རྒོད་ཚང་རི་ཁྲོད་དུ་ཞུས་ནས་ཟླ་ཕྱེད་ཙམ་གྱི་རིང་བཀའ་ཆོས་གང་མང་དང་གཞི་གསུམ་གྱི་ཕྱག་ལེན་བཙུགས་ཤིང་ཟླ་མེད་སྟོན་པ་མ་ཚོགས་འདོན་དུ་བསྩལ།  དོན་གཉེར་བ་མང་པོར་ཚིགས་སྔ་ཕྱིའི་སྡོམ་པ་ལེགས་པར་གནང་།  ཨ་ལགས་འཕགས་རྩེ་ཚང་།  རུ་གསར་དགེ་བཤེས་ཚང་།  ཨ་ལགས་ཕག་སེ་ཚང་སོགས་ཀྱང་ཞུས་ཏེ་དགོན་པར་དབང་ལུང་གི་བཀའ་ཆོས་གང་མང་གནང་།  ཨ་ལགས་ཕག་སེ་ཚང་སོགས་ཀྱིས་འདུ་ཁང་དང་ལྷ་རྟེན་ཆོས་གསུམ་ལ་རབ་གནས་གང་རྒྱས་གནང་།  མཇུག་ཏུ་ཨ་ལགས་འཕུར་མོ་ཚང་གིས་དགེ་རྩ་ཐམས་ཅད་རྫོགས་ཞིང་དུ་བསྔོ་བར་ཞུས།  དེ་ལྟར་དགོན་པའི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བས། 

 

རྣམ་འཕྱང་ཞེས་པ་ས་ཁྱི༼  ཕྱི་ལོ༡༩༥༨  ༽ལོའི་ཡར་སྔོན་དུ་དགོན་པར་གྲྭ་བ་ཉིས་བརྒྱ་ལྷག་ཤོང་བའི་འདུ་ཁང་གཅིག   དེ་མཚུངས་ཀྱི་ཚོགས་རས་གཅིག  གཞན་པའི་ལྷ་ཁང་འགའ་དང་སྒར་གཞུང་གྲྭ་ཤག་སོགས་ཁང་མིག་གྱན་བཞི་བརྒྱ་ལྷག་ཡོད་པ་དང་།  བླ་གྲྭ་བརྒྱད་ཅུ་ལས་བརྒལ་བ་ཞལ་འཛོམས་བྱུང་  ནང་རྟེན་གྱི་གཙོ་བོར།  སངས་རྒྱས་སྟོང་སྐུ།  ཁྲོས་ནག་གི་སྐུ།  རྣམ་རྒྱལ་མའི་མཆོད་རྟེན།  རྒྱ་གར་གྱི་ཐུབ་པ་རྡོར་གདན་མ།  ཤཱཀྱ་མུ་ནེ། ཙན་དན་དམར་པོ་ལས་གྲུབ་པའི་བྱམས་སྐུ་གཅིག་བཅས་སྐུ་བྱིན་ཅན་གང་མང་བཞུགས་ཀྱང་གཞན་རྣམས་གསལ་ཁ་དག་པོ་ཞིག་མ་ངེས།  སྡེ་དགེའི་བཀའ་བསྟན།  ཡུམ་དུམ་པ་བཅུ་གཉིས།  གཅོད་བརྒྱ་བཅས་གསུང་རྟེན་ཡང་ཤིན་ཏུ་རྒྱས་པ་བཞུགས་པར་གྲགས།  རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་རྟེན་དང་བརྟེན་པ་རྣམས་རྩ་མེད་དུ་བཏང་། ཨ་ལགས་འཕུར་མོ་ཚང་ཡང་འཛིན་བཟུང་གིས་རྒྱ་མདོ་རྫོང་གི་སུའུ་ཅུས་ཐང་བཙོན་རར་བསྒྱུར་ཀོད(海北州浩门劳改场) བྱེད་དུ་བཅུག་པ་སོགས་མནར་གཅོད་ཚད་མེད་པ་མྱངས།

 

དགུང་ལོ་རེ་དྲུག་པ་སྲིན་པོ་ཞེས་པ་ཤིང་སྟག༼  ཕྱི་ལོ༡༩༧༤  ༽ལོར་བཙོན་གྲོལ་ཐོབ་ནས་ཕྱིར་སྒོ་མེ་སྡེ་བར་ཕེབས།  ཟླ་བ་གཅིག་གཉིས་ཤིག་གི་རྗེས་སུ་འདུག་སྟབས་མ་བདེ་བར་རང་ཡུལ་སི་ཁྲོན་ཕྱོགས་ཀྱི་ཨ་མཆོག་ཕྱུགས་རར་ཕེབས་ནས་ལོ་ངོ་གཅིག་མ་ལོངས་ཙམ་ལ་བཞུགས་ནས་ཕྱིར་གཏེར་ལེན་ཁའི་ཞིང་རར་བསྒྱུར་བཀོད་བྱེད་དུ་ཕེབས། 

 

དེ་ནས་མཐར་དགུང་ལོ་རེ་དགུ་བཞེས་པ་མེ་སྦྲུལ༼  ཕྱི་ལོ༡༩༧༧  ༽ལོའི་ལོ་མགོ་ནས་བཟུང་ཟི་ལིང་དུ་སྐུ་སྙུང་བཞེས་པས་ཕྱིར་མདོ་ལའི་ཡུལ་དུ་ཕེབས་ནས་ཡོན་བདག་སྐོར་ཞིག་གིས་དགོན་ཤུལ་དུ་གདན་དྲངས་མོད།  རྫོང་ཉེན་རྟོག་ཁང་གིས་དགོན་ཤུལ་དེ་ནས་བསྡད་མི་ཆོག་པར་བཤད་པས་བདག་པོ་བྱེད་མི་ཡང་ཆེར་མེད་པར་རྫོང་སྨན་ཁང་དུ་ལོ་དེའི་ཟླ་གསུམ་པར་སྐུ་གཤེགས།

 

རྗེས་མར་གུང་ཁྲན་ཏང་གིས་སྲིད་ཇུས་ཅུང་ལྷོད་འཇགས་སུ་བཏང་བར་བརྟེན།  རབ་བྱུང་བཅུ་བདུན་པའི་མེ་ཡོས༼  ཕྱི་ལོ༡༩༨༧  ༽ལོར་དགོན་པ་སླར་གསོ་བྱེད་པའི་ཆོག་མཆན་ཐོབ་སྟེ་འདུ་ཁང་དང་ཁྲོས་ནག་ལྷ་ཁང་།  དགོན་བདག་བླ་མའི་གདུང་ཁང་རྣམས་གཅིག་ཆོག་བྱས་ནས་སྔར་གྱི་དགོན་གནས་སུ་གསར་བཞེངས་ལེགས་འགྲུབ་བྱུང་།

 

རྣམ་འགྱུར་ཞེས་པ་ལྕགས་སྟག༼  ཕྱི་ལོ༢༠༡༠  ༽ལོར་ཨ་ལགས་སྨྲ་ཁམས་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་མཆོག་གིས་འདུ་ཁང་ཆེན་མོ་གསར་བཞེངས་མཛད་པའི་མགོ་བརྩམས་ཏེ་ལྕགས་ཡོས་ལོའི་ཧོར་ཟླ་བཅུ་བའི་ནང་དུ་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ལེགས་འགྲུབ་བྱུང་སྟེ་རྒོད་ཚང་བསམ་གཏན་བདེ་ཆེན་ཆོས་གླིང་གི་བླ་གྲྭ་རྣམས་ལ་ཕུལ།

ཆོས་ཐོག་ནི།  རྒྱ་ལོའི་སྨོན་ལམ་ཉིན་གཉིས།  བཅུ་དྲུག་ལ་བྱམས་པ་གླིང་སྐོར།  གཉིས་པའི་ཚོགས་མཆོད།  བཞི་བའི་སྨྱུང་ཆེན།  བཅུ་བའི་ལྔ་མཆོད།  བོད་ལོའི་དགུ་གཏོར་སོགས་ཡོད།  ༧འདི་ནི་ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་ལས་ཁོལ་དུ་ཕྱུང་བའོ།།

02.jpg

  དགོན་འདི་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང(祁连县)རྫ་དམར་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད། 

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།