དགོན་གསར་རིན་ཆེན་དགེ་འཕེལ་གླིང་གི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-19 20:32:49     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

236827450918244000.jpg

 

        ཁྲི་ཀའི་དགོན་གསར་རིན་ཆེན་དགེ་འཕེལ་གླིང་ཞེས་པའི་སྒྲུབ་སྡེ་འདི་ཉིད་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱི་ཤར་ཕྱོགས་སྤྱི་ལེ་བཅུ་ལྷག་གི་མཚམས་ན་ཆགས་ཡོད་ལ། དགོན་གསར་སྐུ་ཕྲེང་དང་བོ་ཧོར་མོ་སྒོམ་རྒན་ཚང་ནས་རབ་བྱུང་བཅུ་གཉིས་པའི་ས་རྟ་སྤྱི་ལོ་༡༧༣༨ལོར་དགོན་ལུང་ཕུར་མཚམས་ཁང་བརྩིགས་ཏེ་དགོན་པའི་གཞི་བཏིངས། སྐུ་ཕྲེང་གཉིས་པ་ཨ་ཡག་སྦྱིན་པ་རྒྱ་མཚོས་དམེ་ཀྱཱ་དང་ཆོས་ཚའི་གྲྭ་བ་བསྡུས་ཏེ་དགོན་པ་རྒྱ་བསྐྱེད་ནས་བཏབ།  

        མཉམ་མེད་ཙོང་ཁ་བ་ཆེན་པོའི་ལམ་རིམ་དང་སྒྲུབ་པའི་རིང་ལུགས་འཛིན་ཅིང་། ཡུལ་དེའི་བསོད་ནམས་བསགས་པའི་ཞིང་སར་གྱུར།སྐུ་ཕྲེང་དང་བོ་ཨ་ཡག་དགོན་གསར་ཧོར་མོ་སྒོམ་རྒན་དུ་གྲགས་པ་ནི།དམེ་ཀྱཱའི་ཧོར་མོར་འཁྲུངས། དགོན་ལུང་ཕུར་མཚམས་ཁང་བརྩིགས་ཏེ་ཚེ་དང་སྒྲུབ་པ་སྙོམས།པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ནག་ཏུ་ཕེབས་དུས་ཡུལ་འདིར་ཉིད་ཀྱི་སྐུ་ཚབ་བླ་མ་ཞིག་དགོས་ཞེས་ཞུས་པར་ཁྱེད་ཚོའི་ཡུལ་ན་ཧོར་མོ་སྒོམ་རྒན་ཟེར་བ་ཞིག་ཡོད་དམ་གསུངས།ཡོད་ཞུས་པས།ཁོང་གིས་དེ་ལས་ལྷག་པའི་བླ་མ་ཞིག་མི་དགོས་གསུངས་ཞེས་མདོ་སྨད་ཆོས་འབྱུང་གི་ཤོག་གྲངས་༣༠༢སུ་གསལ།

594700838683782899.jpg

        སྐུ་ཕྲེང་གཉིས་པ་ཨ་ཡག་སྦྱིན་པ་རྒྱ་མཚོ་དམེ་ཀྱཱ་ཨ་ཡག་ཚང་དུ་འཁྲུངས།དབུས་སུ་སློབ་གཉེར་དཔྱིས་ཕྱིན་པ་མཛད།དགའ་ལྡན་ཁྲིར་ཉེ་བ་ན་རང་ཡུལ་དུ་ཕེབས།སྐུ་ཕྲེང་གསུམ་པ་ཨ་ཡག་བློ་བཟང་ཤེས་རབ་ནི་མགར་རྩེ་གོང་མ་ནས་འཁྲུངས།ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་ཆོས་གྲྭར་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པས་མཁས་པའི་དབང་བོར་གྱུར།བདེ་ཆེན་དགོན་པ་དང་རྔ་མགུར་སོགས་ཕྱོགས་འདིའི་དགོན་པ་ཕལ་ཆེར་སྐྱོང་ཁུར་གནང་།རང་དགོན་པའི་རྒྱུན་ལྡན་གྱི་ཆོས་ཐོག་རྒྱུད་སྡེ་རྣམ་བཞིའི་ཆོ་ག་ལ་ཞུ་དག་མཛད་དེ་བཙུགས།གཞི་གསུམ་གྱི་ལག་ལེན་གསར་དུ་བཙུགས་ཏེ་ཆོས་འདུལ་བ་དང་མཐུན་པའི་བཅའ་ཡིག་ཀྱང་མཛད།སྐུ་ཕྲེང་བཞི་བ་ཨ་ཡག་བློ་བཟང་བསྟན་དར་འཇིགས་མེད་ནི་མགར་རྩེ་སྟག་རིང་ནས་འཁྲུངས།ལཱ་མོ་བདེ་ཆེན་དགོན་པའི་ཁྲི་བར་བཞུགས་ནས་ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྐྱོང་ཁུར་གནང་།སྐུ་ཕྲེང་ལྔ་བ་ཨ་ཡག་བློ་བཟང་བསྟན་པ་རྒྱ་མཚོ་ནི་ལཱ་མོ་བདེ་ཆེན་དུ་ཕེབས་ནས་མདོ་དང་རྒྱུད་སྡེ་བཞི་ལ་སྦྱངས་པ་མཛད་དེ་རང་དགོན་པར་མཚན་ཉིད་འཛུགས་རྒྱུའི་ཐུགས་སྨོན་གནང་།

        སྐུ་ཕྲེང་དྲུག་པ་ཨ་ཡག་དགེ་འདུན་བསྟན་པ་རབ་རྒྱས་ནི་དགུང་ལོ་བཅོ་ལྔ་བཞེས་སྐབས།ལཱ་མོ་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭར་ཞུགས།སྐུ་འཕྲེང་སྔ་མ་ལྟར་གཞུང་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་རབ་འབྱམས་མཐའ་དག་ལ་སྦྱངས་པ་མཛད། རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས།ལཱ་མོའི་ཞབས་དྲུང་ཚང་གི་མཚན་ཉིད་ཞབས་ཞུ་མཛད་དེ་མཁས་པར་གྱུར། ཡུལ་ཕྱོགས་འདིའི་དབང་བཀའ་ཆོས་ཀྱི་བདག་པོ་མཛད་དེ་དགུང་ལོ་སོ་གཅིག་ཐོག་བདེ་ཆེན་རྒྱུད་པའི་ཁྲི་བར་བཞུགས་ནས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གནང་།

        གཞན་ཡང་དགོན་པ་འདི་ཁྲི་ཀའི་སྐུ་ཕྱོགས་རྣམ་གསུམ་དང་སྐྱེས་ཆེན་དམ་པ་དུ་མས་བཞུགས་གནས་ཀྱང་ཡིན། ཕྱི་ལོ་༡༩༥༨ལོའི་ཁྲིམས་ཆད་ཕོག་སྟེ་དགུང་ལོ་སོ་དགུ་བ་སྟེ་ཕྱི་ལོ་༡༩༥༩ལོར་ངལ་རྩོལ་བསྒྱུར་བཅོས་ཁང་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ།རིག་གསར་དུས་འགྱུར་ཆེན་མོ་རིམ་གྱིས་འཇགས་ཏེ་སངས་རྒྱས་ཀྱི་བསྟན་པའི་ཉི་འོད་སླར་ཡང་བོད་ཡུལ་མུན་པའི་གླིང་དུ་འཕྲོས་ཏེ་སྤྱི་ལོ་༡༩༨༦ལོར་སླར་ཡང་དགོན་པའི་ཆོས་སྒོ་ཕྱེས་ནས་འདུ་ཁང་དང་གྲྭ་ཤག་སོགས་རིམ་གྱིས་གསར་བཞེངས་མཛད།

        དེ་ནས་༡༩༩༣ལོ་སྟེ་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བདུན་པའི་ཆུ་མོ་བྱ་ཡི་ལོར་༧ལཱ་མོ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོས་ཨ་ཡག་དགོན་གསར་སྐུ་ཕྲེང་བདུན་པ་ངོས་འཛིན་གནང་སྟེ་ཁོང་གི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ཞེས་མཚན་གསོལ།སྐུ་ན་གཞོན་དུས་དགོན་པ་རང་ནས་དགོན་པའི་ཚོགས་འདོན་རིམ་བཞིན་བསླབས། རྗེས་སུ་སྐུ་འབུམ་བྱམས་པ་གླིང་ནས་སློབ་གཉེར་གནང་། 

        དགོན་པའི་རྟེན་གྱི་གཙོ་བོ་ནི་རྟེན་རྙིང་སྟོན་པ་གསུང་བྱོན་མ་ཡིན་ལ། གཞན་ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་གདུང་ཚས་གྲུབ་པའི་ཁོང་གི་བླ་སྐུ་ཆེ་ཆུང་གཉིས་དང་ཟངས་སྐུ་དང་གྱན་ཐང་སོགས་དུ་མ་བཞུགས། གསུང་གི་གཙོ་བོ་ནི་རྒྱལ་བའི་བཀའ་བསྟན་སོགས་གསུང་འབུམ་གང་མང་བཞུགས།དེ་ནས་རྒྱུན་ལྡན་གྱི་ཆོས་ཐོག་ཟླ་རེ་རེ་ལ་བདེ་གསང་འཇིགས་གསུམ་གྱིས་སྒྲུབ་མཆོད་རྡུལ་མཚོན་ཆབ་འདྲེན་ཁ་སྐོང་སྦྱིན་སྲེག་དང་བཅས་པ། སྨན་བླ། ཀུན་རིག གནས་བཅུའི་ཕྱག་མཆོད། དབྱར། དགག་དབྱེ། གསོ་སྦྱོང་དང་མགོན་ཆོས་ལྷ་ལྔ་མགོན་དཀར་གཏེར་སྒྲུབ་སྦྱིན་སྲེག་དང་བཅས་པ། ལྷ་མོའི་གཏོར་སྒྲུབ་དང་ཟླ་བཅུ་གཅིག་དང་བཅུ་གཉིས་ལ་རྒྱུན་གྱི་དུས་བཟང་།ཟླ་དེ་གཉིས་ལ་རྒྱུན་པར་གྲྭ་བ་རྣམས་མཚམས་ལ་བཞུགས་པའི་ཕྱག་བཞེས་རིམ་བཞིན་བཙུགས།

        དེ་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༢བའི་ཚེས་༥ཉིན་ཁྲི་ཀའི་སྐུ་གཞོགས་སྒོ་མང་རིན་པོ་ཆེ་༧བློ་བཟང་འོད་ཟེར་རྒྱ་མཚོ་མཆོག་གིས་ཐུགས་བཀོད་ལྟར་དགོན་གསར་རིག་གནས་ཤེས་ལྡན་གསོ་སྦྱོང་འཛིན་གྲྭ་བཙུགས།ད་ལྟ་བླ་མ་དང་གྲྭ་བ་ལྔ་བཅུ་ལྷག་གིས་ལོ་རེར་ཆོས་ཐོག་དང་ཟླ་རེེར་དུས་བཟང་དབྱར་དགག་གསོ་གསུམ་དང་ཆོ་ག་ཕྱག་ལེན་གང་བཙུགས་མ་ཉམས་རྒྱུན་སྐྱོང་ངོས་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་དང་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་གྱུར་པ་འདི་ལགས་སོ།།

70035007226342927.jpg

རྩོམ་སྒྲིག་པ་མང་ར་བ།

             གསལ་འདེབས།
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།