ཞབས་དྲུང་སྒར་ཐོག་གམ་ཁམས་གསུམ་རྣམ་རྒྱལ་ཀུན་བདེ་གླིང་གི་ལོ་རྒྱུས།

    སྤེལ་དུས།  2016-05-28 18:31:35         ཀློག་ཐེངས།  
876616869757886453.jpg
        བྱང་རྒྱུད་བསྟན་པའི་མཛེས་རྒྱན་ཞབས་དྲུང་སྒར་ཐོག་གམ་ཁམས་གསུམ་རྣམ་རྒྱལ་ཀུན་བདེ་གླིང་ནི།ལ་མོ་སྐུ་ཐོག་དང་པོ་ཆོས་རྗེ་ཚོགས་གཉིས་རྒྱ་མཚོ་མཆོག་ཉིད་ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་བཀས་མདོ་སྨད་མཚོ་སྔོན་དུ་ཧོ་ཤོད་ཉེར་བཞིའི་དབུ་བླར་ཕེབས་སྐབས་ཏེ་སྤྱི་ལོ་༡༥༩༠ཡས་མས་སུ་ཁོང་གིས་གུར་སྒར་གྱི་ལམ་ནས་གཞི་བཏིང་ཞིང་།ད་ལྟའི་བར་དུ་ལོ་ངོ་བཞི་བརྒྱ་ཉི་ཤུ་ལྷག་གི་ལོ་རྒྱུས་ལྡན།
        དེ་ཡང་གཙོ་ཆེར་ལ་མོ་སྐུ་ཐོག་དུ་མའི་རིང་ལ་ཁོང་གི་སྒར་གཞིས་ཀྱི་རྣམ་པའི་སྟེང་ནས་གནས་རྐྱེན་དགོན་མིང་ལའང་ཡོངས་གྲགས་སུ་ཞབས་དྲུང་སྒར་ཐོག་ཏུ་འབོད་པ་བྱུང་།ཆོས་སྲིད་གང་ཅིའི་ཐད་ནས་ཧ་ཅང་དར་བའི་སྐབས་སུ་སྐྱེས་མཆོག་དམ་པ་ཀུན་གྱིས་བསྔགས་བརྗོད་བྱ་སའི་ཞིང་འབའ་ཞིག་ལགས་ཏེ།རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་ཀྱང་ཨུརྒེའི་ཕྱི་ནང་གི་བཀོད་པ་སོགས་སྲིད་ཀྱི་ཡོ་ལང་བརྒྱ་བྱིན་ལྷའི་ཕོ་བྲང་དང་མཚུངས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བ་དང་།ལ་མང་པཎ་ཊི་ཏས་ཀྱང་།ཟླ་བའི་དཀྱིལ་འཁོར་ས་ལ་འཕོས་པ་ལྟ་བུའི་ཨུརྒེ་ཆེ་བ་བཅུ་ཕྲག་དུ་མ་དང་།གུར་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ་གྱི་ཁུ་རེ་ལྷ་གུར་གསུམ་ལ་གསེར་གྱི་གན་ཇི་ར་ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་པར་བཟོད་པ།དཔངས་ཤིན་ཏུ་མཐོ་བས་མཛེས་པ་སོགས་མཚོ་སྔོན་གྱི་ཕྱོགས་ན་ཨུརྒེ་དངོས་གཙང་བའི་དཔེར་གླེང་བ་དོན་ལ་གནས་པ་མངོན་སུམ་གྱིས་མཐོང་ངོ་། ཞེས་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས་སུ་གསུངས།
        ལ་མོ་སྐུ་ཐོག་ལྔ་བ་མཁས་བཙུན་རྒྱ་མཚོའི་སྐུ་རིང་ལ་ཉམས་ཉེས་ཚབ་ཆེན་བྱུང་མོད།ལ་མོ་བདུན་པ་ཆེན་མོ་རྗེ་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་གི་སྐུ་དུས་སུ་ཕྱིར་དར་རྒྱས་གང་འཚམ་བྱུང་སྟེ་ཧ་སག་སེར་བོ།ལྗང་ཁུལྗང་སེར།ཁམ་དམར་སོགས་ཀྱིས་གཡོགས་པའི་གུར་ཆེན་ཨུ་ནུ་ཉིས་བརྒྱ་ཅན་སོགས་ལ་ནོར་བུ་འབར་བ་དང་གསེར་ཏོག་གིས་བརྒྱན་པ་དུ་མ།རས་ཀྱི་ཁུ་རེ་ཆེན་མོ་སེར་བོ་སྒོ་ཆེ་ཆུང་གསུམ་ཆོས་འཁོར་དང་རི་དྭགས་ཕོ་མོས་སྤྲས་པ།ཁུ་རེའི་ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱལ་མཚན་ཆེ་བ་བཞི་དང་ཆུང་བ་ཉི་ཤུ་སྟེ་ཉེར་བཞི།གཞན་ཡང་རྒྱལ་དབང་༧གོང་ས་རིམ་བྱོན་གྱི་གཟིམས་གུར་སོགས་ཁྱད་ནོར་ཆེས་མང་བོ་དང་།ཏོ་ལོ་ནོར་རམ་མཚོ་བདུན་ནས་དངུལ་སྒོར་ཁྲི་ཕྲག་ལྷག་གིས་བཞེངས་པའི་བཤགས་ལྷ་སོ་ལྔའི་ཟངས་སྐུ་གསེར་ཚོས་བྱུགས་པ་མི་ཚད་ཅན་མཛོད་སྤུ་ཐམས་ཅད་རྡོ་རྗེ་ཕ་ལམ་ཁོ་ནས་གྲུབ་པ།གཞན་ཐུབ་པའི་དབང་བོ་མཆོག་ཟུང་གིས་མཚོན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་དང་།ལྷག་པར་ལ་མོ་ཆོས་སྐྱོང་གིས།སྐྱིད་ཤོད་ཀྱི་མཛོ་མོ་དཀར་མོ་དེ།།བྱང་གི་ཕྱོགས་སུ་འཆོར་ཉེན་ཡོད།ཅེས་པའི་ལུང་བསྟན་ཐོག་ལ་བབས་ཏེལ་མོ་སྐུ་ཐོག་གསུམ་པ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གི་རིགས་ཀྱི་ཅོད་པན་ལ་མོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་དབུས་ལྷ་ལྡན་ནས་གདན་དྲངས་པའི་སྡེ་བ་སྐྱིད་ཤོད་ཀྱི་རྗེ་ང་འདྲ་མ་སྟེ་ཤར་རྒྱལ་བ་ཙོང་ཁ་བ་སྐུ་ཉིད་ཀྱིས་དངོས་སུ་རབ་གནས་གནང་སྟེ་ང་དང་འདྲ་ཞེས་གསུངས་པ་དེས་གཙོས་བོད་ཡུལ་ན་ཆེས་དཀོན་པའི་རྟེན་གཙོ་དུ་མ་བཞུགས་པ་ནི།དེ་དུས་༧གོང་ས་བཅུ་གསུམ་པ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་མཆོག་དགོན་འདིར་ཕེབས་སྐབས་རྗེ་ང་འདྲ་མ་སོགས་ལ་མཇལ་ནས་བོད་ལུང་བ་ན་འདི་ལས་ལྷག་པའི་རྟེན་རྩ་འགངས་ཆེ་བ་མེད་ཅེས་ཡང་ཡང་གསུངས་ཤིང་།མདའ་ཚན་གྱི་གུར་གཞི་དང་མགུར་རྣམ་རྒྱལ་གླིང་།བདེ་ཆེན་གསུམ་ནི་ལ་མོ་ཚང་གི་མ་དགོན་ཡིན་པས་གུར་གཞི་མ་བསྡུས་ན་ལེགས་ཚུལ་ནན་ཏུར་གསུངས་མོད།སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་ཆེས་མང་དྲགས་པས་གུར་གཞིས་སུ་མ་འགབ་པར་སྤྱི་ལོ་༡༩༡༩ལོར་ལ་མོ་བདུན་པ་ཆེན་མོ་ཁོང་གིས་ཁང་དགོན་དུ་བསྒྱུར་ཏེསྐབས་དེའི་གོང་མས་ཀུན་ཏུ་བདེ་བའི་གླིང་ཞེས་མཚན་གྱི་མེ་ཏོག་གཏོར་ཞིང་།ལྷ་ཁང་གྱན་བདུན་མ་ཉིས་ཐོག་གི་སྟེང་གི་འོག་རིམ་གྱོ་ཐོག་གླིང་བརྒྱད།དེའི་སྟེང་གསེར་ཟངས་ཀྱི་རྒྱ་ཕིབས་གླིང་བརྒྱད་མ་གསེར་ཏོག་གིས་སྤྲས་པ།རྒྱལ་མཚན།ཆོས་འཁོར།རི་དྭགས་ཕོ་མོ།སྤེན་རྒྱན་སོགས་ཀྱིས་བརྒྱན་པ་བཟོ་བཀོད་བལྟ་བས་ཆོག་མི་ཤེས་ཤིག་བཞེངས་ཤིང་།ནང་རྟེན་གཙོ་བོ་གོང་ཞུས་ལྟར་སྲིད་ན་དཀོན་པའི་རྗེ་ང་འདྲ་མ་དང་བཤགས་ལྷ་སོ་ལྔ།ཟི་ལིང་མཁས་པ་མི་གསུམ་གྱི་དགོན་ནས་གདན་དྲངས་པའི་རིན་པོ་ཆེ་ཛྷེཀྵིམ་རྒྱ་མ་དྲུག་བརྒྱ་ལས་གྲུབ་པའི་རྗེ་བཙུན་བྱམས་པ།སེང་གེ་སྒྲ།མཆོག་ཟུང་བཅས་བཞུགས།གསུང་གི་རྟེན་ལའང་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར།རྒྱལ་བ་ཡབ་སྲས་ཀྱི་གསུང་འབུམ་གྱིས་ཐོག་དྲངས་མཁས་གྲུབ་དག་གི་གསུང་འབུམ་མ་ཚང་བ་མེད་པ་ལྟ་བུ་དང་།གཙུག་ལག་ཁང་གི་མཐའ་སྐོར་དུ་མ་ཎི་བྱེ་འཁོར་བརྒྱ་ཕྲག་གིས་བསྐོར་བ།གསང་བདག་འཁོར་ཆེན་སྙིང་བོའི་དུང་འཁོར་སོགས་བཞེངས་བཀོད་བསམ་ལས་འདས།ཁྲིམས་གཙང་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་གཅིག་ཏུ་འཕེལ་བ་ན།སྔར་གྱི་ལྷ་ཁང་དེ་འདུ་ཁང་དུ་བསྒྱུར་ནས།ལོགས་སུ་ལྷ་ཁང་ཆུང་ངུ་སྤུས་གཙང་ཞིག་བཞེངས་བཀོད་གྲུབ་ནས།རྗེ་ང་འདྲ་མས་གཙོས་སྲས་མཆོག་གཉིས་དང་འཁོར་དག་པ་རྣམ་བརྒྱད་བཅས་དང་།དཔལ་མགོན་སྟོབས་འཕྲོག་དབང་བོའི་མགོན་ཁང་བསྟན་སྲུང་རོལ་བའི་དགའ་ཚལ་གཉིས་གཅིག་འཐུས་བྱས།

        གཞན་ཡང་ལ་མོ་སྒར་གཞུང་གོང་འོག་གི་གཟིམ་ཁང་མཆོད་ཁང་།མཛོད་ཁང་།བེ་རི་ཚང་།ཙང་ང་ཆོས་རྗེ།ནོར་བ་ཚང་།ཨ་གནམ་ཚང་།ཁམས་ཚན་ཚང་།ཨ་རིག་བླ་མ།ཚེ་ཞིའི་སྤྲུལ་སྐུ་སོགས་ཀྱི་ནང་ཆེན།མདའ་ཚན་ཚོ་བདུན་གྱི་སྤྱི་ཁང་བདུན།གྲྭ་ཤག་མང་བོ་ཡོད་ལ།གཞན་ཆོས་སྤྱོད་སྒྲུབ་མཆོད་ཀྱི་རིམ་པ་ལའང་གཞི་གསུམ་ཉམས་ལེན་མཐིལ་ཕྱིན་ངོས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཐིག་རྡུལ་ཚོན་ས་གར་དང་བཅས་པ།འཇིགས་བྱེད་ལྷ་བཅུ་གསུམ་མ།རྣམ་སྣང་མངོན་བྱང་།མི་འཁྲུགས་པ་ལྷ་དགུ།རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས།ཆོ་འཕྲུལ་སྨོན་ལམ་སོགས་ཆོས་སྤྱོད་ཀྱི་ཉམས་བཞེས་རྨ་མེད་ངང་༡༩༥༨ལོའི་བར་དུ་ལེགས་པར་གནས་ཐུབ་པ་བྱུང་མོད།དེ་ནས་ཀུན་གྱིས་ཤེས་གསལ་ལྟར་དགོན་པ་འདི་ལའང་ལོ་ངོ་ཉི་ཤུའི་གོད་ཆག་ཐེབས་ཏེ་སྲིད་ན་དཀོན་པའི་དད་རྟེན་གང་མང་ཞིག་ཙན་དན་ས་མཆོག་སོ་བར་བསྒྱུར་བའི་ངང་ཚུལ་དུ་བཏང་སྟེ་སྤྱི་ལ་གྱོང་གུད་ཚབ་ཆེན་བསྐུར།

         དེ་ནས་༡༩༨༡ལོར་ལ་མོ་༧གོང་ས་བརྒྱད་པ་མཆོག་དང་ཁོང་གི་ཡོངས་འཛིན་རྡོ་རྗེ་འཆང་།གཞན་ཡང་ཨ་ལགས་ཉི་མགོན་ཚང་རྣམ་པ་གསུམ་གྱིས་དགོངས་པ་ཆིག་དྲིལ་གྱི་སྟེང་གྲྭ་རྒན་ལྷག་བསམ་ཅན་དགེ་སློང་བཤད་སྒྲུབ་མཚན་ཅན་སོགས་ཀྱིས་དགོན་འདིའི་བསྟན་པའི་མེ་རོ་རྨང་ནས་གསོས་ཏེ་སྔར་གྱི་དགོན་ཤུལ་ཏེ་མཚོ་སྔོན་ཁྲི་བཤོར་རྒྱལ་མོའི་བྱང་འགྲམ།དཀར་ཐང་མར་ཁུའི་མཚོ་མོ་རུ་གྲགས་པའི་སའི་ཆར་གཏོགས།གནས་རི་གྲགས་ཅན་སྨོན་ལམ་མཐོན་པོའམ་ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོས་སྟོབས་ལྡན་བཀྲ་ཤིས་དཔལ་སྟེར་ཞེས་བསྔགས་པའི་ལྷ་ཞོལ་དུ་འདུ་ཁང་ཆེན་མོ་སུམ་ཐོག་ཅན།སུམ་ཐོག་ལ་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་རིན་ཆེན་སྣ་བདུན་ལས་གྲུབ་པ།གཞན་མགོན་ཁང་བསྟན་སྲུང་རོལ་བའི་དགའ་ཚལ།འཕགས་པའི་གནས་བརྟན་བཅུ་དྲུག་གི་ལྷ་ཁང་སོགས་ཀྱིས་མཚོན་གཙུག་ལག་ཁང་དུ་མ་དང་།གོང་དུ་བརྗོད་ཟིན་པའི་སྔར་གྱི་བླ་བྲང་དེ་དག་ཀྱང་ཕལ་ཆེར་བཞེངས་གྲུབ་ཐོག་ལ་མོ་སྐུ་རབས་གསུམ་གྱི་རིགས་ཀྱི་ཅོད་པན་བཀའ་དྲིན་གཞལ་མཐའ་བྲལ་བ་ལ་མོ་ཡོངས་འཛིན་ཆོས་ཀྱི་མཆོག་གི་བླ་བྲང་ཡང་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་ལྟར་ཀུན་ལས་ཁྱད་འཕགས་ཤིག་བཞེངས་པ་དང་།གཞན་ཡང་ཨ་ལགས་ཉི་མགོན་དང་འདུལ་བ།སྨྲར་ཚང་དང་དགའ་བདེ་ཚང་སོགས་ཀྱི་ནང་ཆེན་ཡང་བཞེངས་ཏེ་དགོན་འདིར་བླ་བྲང་འགའི་ཇེ་མང་དུ་སོང་།

        ནང་རྟེན་གྱི་ཐད་ཀ་ནས་བླ་མ་བདག་ཉིད་ཆེན་མོ་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་སྐུ་དངོས་ཀྱིས་ལ་མོའི་རྟེན་མཛོད་ནས་བྱུང་བའི་རིན་བྲལ་བྱིན་ལྡན་དུ་མ་ལས་གྲུབ་པ་གཟུངས་སུ་ཕུལ་བའི་བདེ་བར་གཤེགས་པའི་སྨན་སྐུ་དང་ལི་སྐུ་ཚད་ལྡན་མང་བོ།ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་དངོས་ཀྱི་ཕྱག་ཚ་གཟུངས་སུ་བཞུགས་པའི་ཆོས་རྒྱལ་ཁོང་གི་སྨན་སྐུ།ལྷག་པར་ཨ་ལགས་ཉི་མགོན་རིན་པོ་ཆེའི་བཀའ་དྲིན་ལས་ཕོ་བྲང་པོ་ཏ་ནས་གདན་འདྲེན་གནང་བའི་རྗེ་གཞན་ཕན་མའམ་མཐུ་བཟློག་མར་གྲགས་པ་དེ་ནི་གདན་ས་འདིའི་དད་རྟེན་གཙོ་གྲས་ཡིན།    རྟེན་འདིའི་བྱུང་བ་ཅུང་ཙམ་ཞུ་ན།རྗེ་སྐུ་འདི་ནི་འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཁོང་སྐུ་དངོས་ཀྱིས་རབ་གནས་དང་དངོས་གྲུབ་བསྩལ་པའི་རྗེ་དོ་ཁ་མ་བདུན་ཅུ་དང་།རྗེ་ང་འདྲ་མས་གཙོས་གཞན་པ་བཞི་བཅས་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་རྗེ་སྐུ་དོན་བཞི་ཡོད་པར་གསུངས་པའི་ནང་གྲས་གཙོ་ཤས་ཤིག་ཡིན་པས་སྔར་གྱི་ས་གསུམ་ན་བསྒྲུན་དུ་མེད་པའི་རྗེ་ང་འདྲ་མའི་འཕྲིན་ལས་གྱི་མཇུག་འགྲོ་བའི་བསོད་ནམས་དམན་པའི་དབང་གིས་རེ་ཞིག་བསྡུས་ནའང་།རྗེ་སྐུ་འདི་གདན་ས་འདིར་བཞུགས་པ་ནི་མདོ་སྨད་ཀྱི་ཡུལ་གྲུ་སྤྱིའི་བསོད་ནམས་ཀྱི་སྤྱི་སྐལ་ཞིག་གོ།

         ཆོ་ག་ཆོས་ཐོག་དང་འདོན་དབྱངས་རྟ་སོགས་ཀྱི་རིམ་པ་ལའང་ལ་མོ་༧གོང་ས་བརྒྱད་པ་མཆོག་གིས་གསུང་བསྐུར་དང་།ཁོང་གི་ཡོངས་འཛིན་རྡོ་རྗེ་འཆང་གིས་ཐེངས་གཉིས་ལ་ཕྱག་ཡིག་བསྐུར་པར་བརྟེན།དམ་པ་གཉིས་ཀྱི་བཀའ་བཟློག་མ་ནུས་པར་དེ་སྔའི་དབུ་མཛད་སྐད་གྲགས་ཅན་གནས་བརྟན་མཆོག་ཕེབས་ཏེ་རེ་ཟུང་མ་གཏོགས་ཡོངས་སུ་རྫོགས་པ་སྔར་གྱི་ཕྱག་བཞེས་ཇི་བཞིན་གྲྭ་དང་གྲུ་མ་ཉམས་པར་སླར་གསོ་གནང་།

        འོན་ཀྱང་འགྲོ་བའི་བསོད་ནམས་དང་བསྟན་པའི་འཕེལ་འགྲིབ་ཀྱི་དབང་ངམ་བར་ཆད་སོགས་ཀྱིས་མི་འཁྲུགས་པ་ལྷ་དགུ་དང་ཞལ་གྱི་དབྱངས་ཆེན་སོགས་སླར་གསོ་གནང་ཐབས་བྲལ།ཆོས་སྤྱོད་བརྒྱད་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབྱངས་རྟ་གཉིས་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་སྐུ་དངོས་ཀྱིས་དབྱངས་ཁྲིད་གནང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་ཇི་བཞིན་མཛད།ཕྱིས་སུ་བཤེས་གཉེན་ཆེན་མོ་སྨད་སོག་བློ་བཟང་སྦྱིན་པའམ་ཡོངས་གྲགས་སུ་ཨ་ཁུ་བཛྲ་འབོད་པ་ཁོང་ཕེབས་ཏེ།དུས་འཁོར་ལ་སྔར་ཡོད་སྟེང་ས་གར་མཆོད་གར་ཆ་ཚང་དང་།མངོན་བྱང་རས་བྲིས་ལས་རྡུལ་ཚོན་ལ་བསྒྱུར་ཏེ་དམ་པ་འདི་དག་གིས་གཞན་ན་མེད་པ་ལྟ་བུ་ཞིག་མཛད་པས།ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་ཞལ་སྔ་ནས།ད་ལྟ་ལྔ་བདོ་སྙིགས་མའི་དུས་ངན་ལ་དཔག་ན།རང་རེའི་གདན་ས་འདི་ཆོས་སྲིད་གང་ཅི་ནས་བཟང་སྟེ།དུས་འཁོར་རྡུལ་ཚོན་ས་གར་མཆོད་གར་བཅས་ཆ་ཚང་།མངོན་བྱང་ཆོ་ག་རྟ་དབྱངས་གར་ཐིག་ཕྱག་རྒྱ་སྦྱིན་སྲེག་བཅས་ཕྱག་ལེན་དུ་ཐེབས་བཞིན་ཡོད་པས་མདོ་སྨད་བྱང་རྒྱུད་མཛེས་པའི་རྒྱན་གཅིག་ཡིན།ཅིའི་ཕྱིར་ཞེ་ན།བྱང་གི་དགོན་ཆེན་སོགས་སྒྲུབ་སྡེ་ཆེ་ཆུང་གང་ནའང་འདི་འདྲའི་ཆ་ཚང་བ་གཅིག་ཀྱང་མེད་པས་ངེས་པར་བཀའ་དྲིན་ཆེ་ཞུ།ཞེས་གསུངས་ནས་གདན་ས་འདི་ལ་མདོ་སྨད་བྱང་རྒྱུད་མཛེས་པའི་རྒྱན་གཅིག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་མངོན་པར་གཏོར།

        ཉེ་བའི་ཆ་འདིར་མཚོན་ནའང་ཕྱི་ནང་གང་ཅིའི་ཐད་ནས་ཞེས་བརྗོད་ཆོག་སྟེ།གྲྭ་ཚོགས་རྒྱས་པ་སོགས་ཀྱིས་བསྟན་པའི་གསལ་བྱེད་དམ་པ་ནོར་བ་མཆོག་སྤྲུལ་བློ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གི་བཀའ་དྲིན་ཉག་གཅིག་ལས་སྒོར་ཁྲི་བརྒྱ་ཕྲག་མང་བོ་ལས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་དང་།མགོན་ཁང་བསྟན་སྲུང་རོལ་བའི་དགའ་ཚལ་གཉིས་བཞེངས་ཐེངས་གསུམ་པ་སྔར་ལས་ཆེས་ཆེར་ལེགས་འགྲུབ་དང་།གཞན་ཡང་ལ་མོ་༧གོང་ས་མཆོག་སྐུ་དངོས་ཀྱིས་ཐུགས་བཀོད་དང་འགྲོ་གྲོན་སོགས་གནང་སྣང་སྟེ་འགྲུབ་ལ་ཉེ་བར་ཕྱོགས་པའི་བྱམས་ཆེན་དང་ཇོ་སྐུ།འཇམ་དབྱངས་གསུམ་གཞི་གཅིག་ཏུ་སྦྲེལ་བའི་གཙུག་ལག་ཁང་ཆེན་མོ།ད་དུང་ལ་མོའི་རྟེན་མཛོད་དུ་བརྗོད་ཆོག་པའི་རྟེན་མཛོད་ཁང་ཆེན་མོ་བཅས་ཕྱིའི་བཀོད་པ་ངོ་མཚར་དུ་མ་དང་།ནང་འཆད་ཉན་ཐོས་བསམ་གྱི་ངོས་ཐད་ནས་ཀྱང་སྔར་ཡོད་ཆོས་ཐོག་ཁག་གཞིར་བཞག་སྟེང་།ལ་མོ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཙང་ང་ཆོས་རྗེ་མཆོག་གིས་གཙོས་བཤེས་གཉེན་དུ་མས་མཚན་ཉིད་བསྡུས་གྲྭ་ཁག་གསུམ་དང་བློ་རྟགས།གྲུབ་དོན་ས་གསུམ།ལམ་རིམ་འཇམ་དཔལ་ཞལ་ལུང་།ཐུན་མོང་རིག་གནས་ལ་སུམ་རྟགས་དག་གསུམ།སྙན་ངག་སོགས་ཁྲིད་དེ་ཕྱི་ནང་གང་གི་ངོས་ནས་ཀྱང་ཡར་ཟླའི་དཔལ་ལ་འགྲན་བཞིན་པའི་སྐབས་ལགས་སོ།།

 93909965063421959.jpg

                                                                                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།