མེར་གན་གྲྭ་ཚང་བཀྲ་ཤིས་འཕེལ་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-28 22:12:11     རྩོམ་པ་པོ།   མི་གསལ    ཀློག་ཐེངས།  

        ༄༅། ། ཧོ་ཞི་ཡུལ་ཚོ་སྟོང་ཆེ་མེར་རྒན་ཚོ་བའི་ཁོངས་གཏོགས་སུ་གནས། གྲུབ་མཐའ་རི་བོ་དགེ་ལུགས་པ་ཡིན་ལ་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན། དགོན་པ་འདིའི་ཐོག་མའི་བྱུང་ཚུལ་ནི། རབ་བྱུང་བཅུ་པའི་ཡར་སྔོན་དུ་གནས་འདིར་དུ་རལ་སྒར་ཟེར་བའི་དགོན་པ་ཆུང་ཆུང་ཞིག་ཡོད་པར་གྲགས། དེ་ནས་རབ་དྲག་སྟོད་ཙམ་༧རྒྱལ་མཆོག་ལྔ་པ་ཆེན་པོས་བོད་ཆེན་པོའི་ཆོས་སྲིད་ཀྱི་འགན་གཅིག་ལྕོག་ཏུ་མཛད་པའི་སྐབས་ཤིག་ན། གོ་ཤྲི་བསྟན་འཛིན་བཞུགས་མྱོང་བའི་ལྷ་གུར་ཆེན་པོ་ཁྱད་དུ་འཕགས་པ་ནང་དུ་དབུས་དང་རྒྱ་ནས་སྤྱན་དྲངས་པའི་རྟེན་འགངས་ཆེན་རྔ་ཁལ་བཅོ་བརྒྱད་ཙམ་བཞུགས་པའི་གུར་སྒར་ཞིག་ཀྱང་གནས་འདིར་འབྱོར་སྐད། དེ་ནས་རབ་བྱུང་བཅུ་བཞི་པའི་སྟོད་ཕྱི་ལོ་༡༨༠༧ནས་༡༨༢༦ལོ་ཙམ་ལ་སྨྲ་ཁམས་ཞབས་དྲུང་ཆེ་བས་སྔོན་གྱི་དུ་རལ་སྒར་དང་གུར་སྒར་གཉིས་ཕྱོགས་གཅིག་ཏུ་བསྡུས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཇི་ལྟ་བུའི་མེ་རྒན་གྲྭ་ཚང་ངམ་སྨྲ་ཁམས་གྲྭ་ཚང་བཀྲ་ཤིས་འཕེལ་རྒྱས་གླིང་ཕྱག་འདེབས་མཛད། སྨྲ་ཁམས་ཞབས་དྲུང་ངམ་སྨྲ་ཁམས་མཁན་པོ་འདི་བ་ཆུ་བཟང་རིན་པོ་ཆེས་ཅོག་རོང་གྲྭ་ཚང་ན་ཁ་འཛིན་མཛད་པའི་སྐབས། ཁོང་ལ་སློབ་མ་མཁས་པ་གྲགས་ཅན་སྨྲ་ཁམས་ཞབས་དྲུང་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་འདི་ཡིན་ནོ། འདི་བ་འཁྲུངས་ཡུལ་དང་དུས་ཚིགས་གསལ་བར་མ་ངེས་ཀྱང་དབུས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་མཐར་ཕྱིན་པ་མཛད་ནས། སླར་མདོ་སྨད་དུ་ཕེབས་ཏེ་རང་དགོན་འདི་བཏབ་ཅིང་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་བཙུགས་ནས་འཆད་ཉན་གྱི་རྒྱུན་སྤེལ་བས་བཀའ་དྲིན་ལེགས་པར་ཆེ། རྗེས་སུ་སླར་ཡང་དབུས་སུ་ཕེབས་ནས་རབ་ཚེས་མེ་ཡོས་ཙམ་ལ་གཤེགས། དེའི་སྤྲུལ་སྐུ་བློ་བཟང་ཉི་མ་ནི་རབ་ཚེས་ས་འབྲུག་ལ་འཁྲུངས་པ་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ཀྱིས་ངོས་འཛིན་བྱས་ནས་གདན་སར་བཀོད། དགོན་པ་ལེགས་པར་བསྐྱངས་ནས་དགུང་ལོ་དོན་བདུན་ལ་གཤེགས། རྟོགས་པ་མཐོ་བའི་སྙན་གྲགས་དང་གདུལ་བྱ་ཧ་ཅང་མང་། དེའི་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ནི། སྐུ་གོང་མའི་རིགས་སུ་ཆུ་བཟང་ར་ལོ་ཐང་དུ་རབ་རྒྱལ་ས་བྱི་ཕྱི་ལོ་༡༩༤༨ལོར་འཁྲུངས། ཆུ་བཟང་རིན་པོ་ཆེས་ཐུགས་ཐག་བཅད། དགུང་ལོ་བཅུ་གཅིག་ནས་རང་དགོན་དུ་རྒྱུན་བཞུགས་གནང་ནས་དེང་སྐབས་འཚོ་ཞིང་བཞུགས། ། 
        གཞན་ཡང་སྡེ་འདི་ལ་འབྲེལ་བ་ཟབ་པ་སྐེ་བ་དགོན་པའི་ཨ་ལགས་ཆོས་རྗེ་ཚང་། འཇམ་མོ་ཚང་། ཨ་ལགས་ཤཱཀྱ་ཚང་། སྒོམ་ཆེན་ཚུལ་ཁྲིམས་རྒྱ་མཚོ་སྐུ་རིང་གསུམ། སྒྲོམ་གྲྭ་ཚང་གི་བླ་མ་བན་རྩ་ངག་དབང་ཚང་། འདི་བའི་གཟིམ་ཁང་དང་སྐུ་གདུང་ཡང་འདི་རུ་བཞུགས། རྟེན་དང་བརྟེན་པའི་སྐོར། ཁྲི་ཀའི་ཇོ་ཇོའི་ལྷ་ཁང་དང་དུས་མཉམ་པའི་བྱམས་ཁང་ནི་རབ་བྱུང་བཞི་པའི་སྨད་ཕྱི་ལོ་༡༢༤༤ནས་༡༢༥༡ལོ་ཙམ་ལ་བཞེངས། དེས་ན་སྔོན་གྱི་དུ་རལ་སྒར་དེ་ལ་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་གོ་ནུས། ནང་རྟེན་ལ་བྱམས་མགོན་སྲས་དང་བཅས་པ། གཞན་ཉེ་བའི་སྲས་ཆེན་བརྒྱད་མི་ཚད་ལས་ཆེ་བ། ད་དུང་ཆོས་སྐྱོང་འགའ་དང་གནས་བརྟན་བཅུ་དྲུག་སོགས་བཞུགས། བར་སྐོར་ན་སངས་རྒྱས་ཀྱི་སྐུ་དང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། མཐའ་སྐོར་དུ་སྟོང་སྐུ་འགའ་རེ། སྒོ་འགྲམ་ན་རྒྱལ་ཆེན་བརྗིད་ཉམས་ལྡན་པ་བཅས་བཞུགས་སོ། མགོན་ཁང་ནང་དུ། དཔལ་རྡོ་རྗེ་འཇིགས་བྱེད། གཤིན་རྗེ་དགྲ་ནག་གཤེད་དམར་གསུམ་མཐོ་ཚད་ཁྲུ་བཅོ་ལྔ་ཙམ། དེ་ལས་ཅུང་ཆུང་བ་མགོན་ཆོས་ལྷ་གསུམ་དང་ཞལ་བཞི་བ། རྣམ་སྲས་སོགས་དང་། འདུ་ཁང་གྱན་ལྔ་ཡིན་ལ་སྟེང་འོག་ཀུན་ཏུ་རྗེ་ཡབ་སྲས་གསུམ་དང་། ཇོ་འབྲོམ་ཡབ་སྲས། གསེར་དངུལ་འབའ་ཞིག་གིས་བྲིས་པའི་བཀའ་བསྟན་རྙིང་སྐྱོན་ཅུང་ཡོད་པ་པོད་སུམ་བརྒྱ་ལྷག ལ་མོ་ཚོགས་གཉིས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན། གཞན་ཡང་བྱིན་རླབས་ཀྱི་འོད་སྣང་ཉམས་པ་མེད་པའི་རྟེན་སྙིང་གསེར་ཟངས་ལས་གྲུབ་པའི་བྱམས་པ་མེ་ཐར་མ། གྲུབ་ཆེན་ནཱ་རོ་བའི་རུས་རྒྱན། རྗེ་བླ་མ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱི་དབུ་ཞྭ་འཁྲུལ་མེད་ཀྱི་གཙོས་སྣམ་ཕྲུག་གི་སྣེ་རིང་ལྔ། ཆོས་རྗེ་དོན་རིན་པའི་ཕྱག་དྲིལ། ཀརྨ་རོལ་བའི་རྡོ་རྗེའི་ཞབས་ཅག སྟོང་འཁོར་མདོ་རྒྱུད་རྒྱ་མཚོའི་གོས་བེར། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་བྱང་ཁྲ། ཏིའི་ཕྱག་ཚ་ཐུབ་སྐུ། བདེ་མཆོག་བུམ་སྐུ་རང་བྱོན་མར་གྲགས་པ་རྒྱུ་གསེར་ཟངས་ལས་གྲུབ་པའི་བུམ་པའི་ཁ་རྒྱན་གྱི་པདྨ་དང་ལོ་མ་རྣམས་ལ་བདེ་མཆོག་གི་ལྷ་གྲངས་ཡོངས་སུ་རྫོགས་པ་ངོ་མཚར་ཅན་སོགས་སྲིད་གསུམ་ན་རྙེད་པར་དཀའ་བ་མང་པོ་བཞུགས། དགོན་པའི་བྱང་ངོས་སུ་བྱང་ཆུབ་མཆོད་རྟེན་ཆེ་བ་གཅིག འདུ་ཁང་དང་། བྱམས་ཁང་། མགོན་ཁང་། རྒྱལ་ཆེན་ཁང་། སྤྱི་བ་བཅས་ལ་གྱོ་ཐོག་གིས་བརྒྱན་ཅིང་བཟོ་རྩལ་ཕུན་སུམ་ཚོགས་པ་ཡོད། གཞན་ཡང་སྨྲ་སྐམ་བླ་བྲང་དང་། ཤ་རྒྱ། བན་རྩ། བླ་བྲང་སོགས་ཀྱིས་གཙོས་གྲྭ་ཤག་ཉི་ཤུ་ལྷག གྲྭ་པ་ཡང་བཞི་བཅུ་ཙམ་ཡོད། ། 
        ལོ་གཅིག་གི་ཆོས་ཐོག་གི་སྐོར། རྒྱ་ལོའི་སྨོན་ལམ། བཞི་པའི་སྒྲུབ་མཆོད། སྨྱུང་གནས། དགུ་པའི་ཡཱ་མ་རཱ་ཛ། བཅུ་པའི་ལྔ་མཆོད། བཅུ་གཅིག་པར་མ་ཎི་བུམ་སྒྲུབ། བོད་ལོའི་གཏོར་སྒྲུབ། ཟླ་དང་པོའི་བཅུ་བཞི་དང་དགུ་པའི་ཉེར་དགུ་གཉིས་ལ་འཇམ་མོ་ཚང་གིས་འབུད་རྡུང་དཀྲོལ་གསུམ་རྒྱུད་ཀྱི་ཕྱག་ལེན་ལྟར་བཙུགས་པའི་འཆམ་སྒྲལ་ཆོག་གཏོར་རྒྱག་དང་བཅས་པ་ཡོད། དགོན་པར་བདག་དབང་ཡོད་པའི་ས་ཞིང་མུའུ་ཉིས་བརྒྱ་དང་སྡོང་ར་གསུམ་བཅས་ཡོད། ། 
        ད་ལྟའི་གནས་ཚུལ་ནི། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་རྗེས། སྨྲ་ཁམས་ཏེ་གཤོང་ས་སྟོད་སྨད་ཀྱི་ལྷ་སྡེ་རྣམས་ཀྱི་གཙོས་དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ནས། ཕྱི་ལོ་༡༩༨༡ལོར་གཞི་བཟུང་ནས་འདུ་ཁང་གྱན་ལྔ་མ་སུམ་ཐོག་ཅན་སྟེང་གཡུ་གྱོན་གིས་མཛེས་པར་བརྒྱན་པ། ནང་རྟེན་ལ་སྟེང་མར་དབུས་སུ་རྗེ་བཙུན་བྱམས་པ། གཡས་གཡོན་དུ་ཇོ་བོ་རྗེ་དང་རྗེ་རིན་པོ་ཆེ་གསུམ་ག་ཁྲི་དྲུག་འགྱོགས། བར་མར་རིགས་གསུམ་མགོན་པོའི་སྐུ་མི་ཚད་ཙམ། འོག་མ་འདུ་ཁང་ནང་དུ་བླ་སྐུ་དང་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་གཙོས་རྟེན་སྣ་ཆེ་ཕྲ་མང་པོས་སྟེང་འོག་ཀུན་ཏུ་ཡོངས་སུ་བརྟས་པ། གསུང་རྟེན་བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བཞུགས། སྒོ་འགྲམ་ན་མ་ཎི་འཁོར་ལོ་ཆེན་པོ་གཉིས་བཅས་ཆ་ཐམས་ཅད་མ་ཚང་བ་མེད་པ་ཞིག་དང་། མགོན་ཁང་གྱན་གསུམ་ནང་དུ་རྗེ་ཡབ་སྲས་གསུམ་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད་མགོན་ཆོས་སོགས་ཆོས་སྐྱོང་རྣམས་ཀྱི་སྐུ་མི་ཚད་ཙམ། གྱན་ཐང་དྲུག་བཅས་ཕུན་སུམ་ཚོགས་པ་ཞིག དགོན་པའི་བྱང་ཕྱོགས་ཀྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་བསྐྱར་བཞེངས་གྲུབ་པ་བཅས་དང་། གྲྭ་ཤག་ཉི་ཤུ་དང་གྲྭ་པ་སུམ་ཅུ་ལྷག་གིས་སྔོན་ཆད་ཀྱི་ཕྱག་ལེན་མ་ནོར་བའི་ངོས་ཆོས་སྤྱོད་བཅུའི་བྱ་བ་ལ་འཇུག་བཞིན་པའི་སྐབས་ལགས་སོ། ། 
        དགོན་པ་འདི་སྒྲ་ཁམས་ཞབས་དྲུང་ཆེ་བས་བསྐྱངས་ནས་ལོ་བརྒྱ་དང་བརྒྱད་ཅུ་ལྷག་ལས་མ་འདས་ཀྱང་། སྔོན་གྱི་བྱམས་ཁང་དེ་ཇོ་ཇོའི་ལྷ་ཁང་དང་དུས་མཉམ་པར་གྲགས་པས་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་སྙམ་པ་གོང་དུའང་བསྟན་ཟིན་ཏོ། ། 

གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།