བ་ཀྱཱའི་གྲྭ་ཚང་ཕུན་ཚོགས་དར་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-28 22:07:47     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། ཧོ་ཞི་ཡུལ་ཚོ་སྟོང་ཆེ་བ་ཀྱཱ་གྲོང་ཚོ་ཁོངས་སུ་གཏོགས་ཤིང་སྡེ་མིང་དགོན་པར་ཐོགས་ནས་བ་ཀྱཱའི་གྲྭ་ཚང་ཞེས་མིང་ཆགས། གྲུབ་མཐའ་དགེ་ལུགས་པ་བྱ་ཁྱུང་དགོན་པའི་དགོན་ལག་ཡིན། སྡེ་འདི་ཐོག་མ་འཇམ་མོ་བཙན་པོ་མར་གྲགས་པ་དཀོན་མཆོག་བསྟན་འཛིན་ཉི་མས་རབ་བྱུང་བཅུ་བཞི་པའི་སྟོད་ཙམ་ལ་ད་ལྟའི་དགོན་གནས་ཤཱཀྱའི་མཆོད་རྟེན་ཁུག་ཏུ་གསར་འདེབས་མཛད། སྡེ་འདིར་རྒྱུན་བཞུགས་ཀྱི་བླ་མ་སྙིང་ངེ་། གཙོ། བདེ་སྐྱིད་བཅས་ཀྱིས་མཐུན་རྐྱེན་སྦྱར་ཏེ། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་རྟེན་བརྟེན་པ་བཅས་གསར་བཞེངས་མཛད་དེ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཤའི་གསེར་བྱིན་རྟེན་དུ་ཞུས་པ་ཞལ་གསེར་དུ་ཕུལ། འདུ་ཁང་གསར་བཞེངས་དང་ནང་རྟེན་དུ་རྗེ་སྐུ་བཀྲ་ཤིས་དུ་ཁ་མ་བྱིན་རླབས་ཀྱི་གཟི་འོད་འབར་བས་གཙོ་བྱས་པའི་རྟེན་སྣ་ཕུན་སུམ་ཚོགས་པ་བཞུགས། དགོན་བདག་བླ་མའི་སྐུ་རབས་ད་ལྟ་བཅུ་དགུ་པ་དང་། སྙིང་ངེ་ཚང་སྐུ་རབས་བཅུ་གསུམ། གཙོ་ཚང་སྐུ་རབས་བཅུ་དྲུག་ཡིན་ཟེར་སྲོལ་ཡོད་ཀྱང་ལོ་རྒྱུས་གསལ་བར་མི་སྣང་བས་ཁུངས་དག་མིན་མ་ངེས། ཨ་ལགས་གཙོ་ཚང་སྐུ་ཐོག་མ་ལྷ་ས་བཀྲ་ཤིས་ལྷུན་པོའི་སྔགས་གྲྭ་ཡིན་ལ་ཁོང་གིས་སྔགས་པ་གྲྭ་ཚང་གི་འཆམ་དཔོན་གནང་མྱོང་། མདོ་སྨད་དུ་ཕེབས་ནས་བ་ཀྱཱ་གྲྭ་ཚང་དང་འཇམ་མོ་གྲྭ་ཚང་། གོང་བ་གྲྭ་ཚང་བཅས་ལ་འཆམ་བཙུགས། དགོན་པ་ལེགས་པར་བསྐྱངས་པའི་བཀའ་དྲིན་བླ་ན་མེད། དེ་དག་ལས་གཞན་སྐུ་ཞབས་ཨ་ཐིས་ཚང་སྐུ་ཕྲེང་བཅུ་དགུ། རྒྱ་ཉག་ཚང་སྐུ་ཕྲེང་ལྔ་བཅས་ཀྱིས་སྔ་ཕྱིར་དགོན་པར་བདག་སྐྱོང་གང་ལེགས་མཛད་ཅིང་རྟེན་དང་བརྟེན་པར་གསར་བཞེངས་དང་ཉམས་གསོ་གང་ལེགས་བྱས་པའི་བཀའ་དྲིན་གཞལ་དུ་མེད། དགོན་པ་འདིའི་ཆོ་ག་ཕྱག་ལེན་མ་ལུས་པ་བཀྲིས་ལྷུན་དགོན་གསང་སྔགས་རྒྱུད་གྲྭ་དང་མཐུན་པར་བཤད། དགོན་པ་འདིའི་ཆོས་ཐོག་གི་སྐོར་ལ་རྒྱ་ལོ་སྨོན་ལམ་ཉིན་ལྔའི་མཇུག་ཏུ་ཆོས་སྐྱོང་རྣམས་ཀྱི་གར་འཆམ། བཞི་པའི་སྨོན་ལམ་ཉིན་ལྔ། རྡུལ་ཚོན་ལ་བརྟེན་པའི་འཇིགས་བྱེད་སྒྲུབ་མཆོད། དགུ་པའི་ནང་མགོན་པོ་གཏོར་སྒྲུབ་ཉིན་ལྔ། བཅུ་པའི་ལྔ་མཆོད་ཉིན་ལྔ། གསང་འདུས་སྒྲུབ་མཆོད་དང་མགོན་ཆོས་མཇུག་ཏུ་གར་འཆམ་དང་བཅས། བཅུ་གཅིག་པ་མ་ཎི་རིལ་སྒྲུབ་ཟླ་གཅིག བཅུ་གཉིས་ལ་ལྕགས་མཁར་ཟུར་དགུ་པ་བཅས་ཡོད་དོ། ། 
        སྔོན་ཆད་དགོན་པ་འདི་ཧ་ཅང་དར་བའི་སྐབས་སུ་གྲྭ་པ་བརྒྱ་དང་བཅོ་ལྔ་ཙམ་དུ་འཕེལ་མྱོང་ཡང་། རབ་ཉི་ཆུ་ཡོས་ཕྱི་ལོ་༡༧༢༣ལོ་ཙམ་ལ་ཆིན་རྒྱལ་རབས་ཀྱི་སྐབས་ཡོན་ཀྲིན་ཆིས་དམག་དྲངས་ནས། གྲྭ་ཚང་འདི་ལའང་འཕྲོག་བཅོམ་བསད་བསྲེགས་ཀྱི་ཆག་འཇིག་ཚབས་ཆེན་བྱུང་བའི་ལོ་རྒྱུས་སྣང་། ། 
སྡེ་འདིའི་རིན་ཐང་གཞལ་དུ་མེད་པའི་མཆོད་ཆས་ཀྱི་རིགས་ལ། མཚན་ཐུབ་དུ་མ། རྒྱ་གླིང་དང་དུང་ཆེན་ཆ་གཉིས་རེ། སྦུབས་ཆ་ཆེ་ཆུང་ཉེར་དྲུག མཁར་རྔ་ཆེ་ཆུང་གཉིས་དང་བུམ་པ་ཆེ་ཆུང་གསུམ། ཏིང་ཕོར་དང་རྐོང་བུ་སྟོང་གཅིག་ལྷག་རེ། འཆམ་ལྭ་གསར་རྙིང་བཞི་ཅུ་ཞེ་བརྒྱད། ཞལ་འབག་ཉེར་བརྒྱད། གདུགས་གཉིས་དང་རྒྱལ་མཚན་ཆེ་ཆུང་བཅུ་གཉིས། ཀ་ཐུམ་དང་ཀ་ཕན། བླ་བྲེས་སོགས་ཡོད། སྔོན་གྲྭ་པ་བཞི་བཅུ་ཙམ་དང་དེ་དག་གི་གྲྭ་ཤག་ལས་གཞན་དགོན་པར་བདག་དབང་ཡོད་པའི་གཞུང་ཁང་གྱན་བརྒྱད་ཅུ་ལྷག་འདུ་ཁང་སོགས་ཕུད། ས་ཞིང་མུའུ་བརྒྱ་དང་བདུན་ཅུ་དང་སྡོང་ར་གསུམ་བཅས་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་སྐབས་སུ་ལྷག་ལུས་མེད་པར་བཟོས། ད་ལྟའི་གནས་ཚུལ་ནི། ཆོས་དད་རང་དབང་གི་བསིལ་རླུང་ཕྱོགས་ཀུན་ནས་ལྡང་བའི་སྐབས་འདིར་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་དབུ་ཁྲིད་འོག་འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པར་ལེགས་གྲུབ་བྱུང་། ནང་དུ་སྐུ་གསུམ་ཐུགས་ཀྱི་རྟེན་སྣ་མ་ཚང་བ་མེད་པར་བཞུགས། ད་ལྟ་སྒར་བ་གཅིག་དང་གྲྭ་ཤག་དགུ་ཙམ་ཡོད་ལ། གྲྭ་པ་བཅུ་ཕྲག་འགའ་ཡོད་པ་རྣམས་ཐུགས་མཐུན་ཁྲིམས་གཙང་ངོས་སྔར་སྲོལ་རྣམས་ཉམས་གསོ་བྱེད་བཞིན་པའི་སྐབས་ལགས་སོ། ། 
གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                 དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།