མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་།

    སྤེལ་དུས།  2016-03-28 22:05:45     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

       ༄༅། ། ཁྲི་ཀའི་རྫོང་མཁར་གྱི་ནུབ་ངོས་ཧོ་ཡུན་གྲོང་བརྡལ་གྱི་ཁོངས་སུ་ཡོད་ལ། མཆོད་གཞིས་མི་ཉག་གྲོང་ཚོ་ཡིན་པས་ཡོངས་གྲགས་སུ་མི་ཉག་གྲྭ་ཚང་ཟེར། གྲུབ་མཐའ་ནི་དགེ་ལུགས་པ་དང་སྐུ་འབུམ་བྱམས་གླིང་གི་དགོན་ལག་ཡིན། གྲྭ་ཚང་འདིའི་ཐོག་མའི་རྨང་གཞི་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་གནས། མི་ཉག་རྫོང་ཐོག་ཏུ་གྲགས་པ་དེ་ཡིན་ལ། གནས་དེར་ཁོང་གིས་རབ་བྱུང་དགུ་པའི་སྨད་ཙམ་དུ་གཞི་བཏིང་། ཕྱིས་སུ་མཁར་གྱི་བྱང་ཕྱོགས་མི་ཉག་དགུ་ཐོག་གི་ཉེ་འགྲམ་དུ་ལྷ་ཁང་དང་མགོན་ཁང་བཞེངས་ནས་ཕྱོགས་གཉིས་སུ་བསྡད། འདི་ནི་མི་ཉག་མགོན་ཁང་ཞེས་མིང་གྲགས་ཅན་དེ་ཡིན་ལ་སྐབས་དེར་རྒྱ་མིས་ཀྱང་མཆོད། ལྷ་ཁང་ར་སྐོར་གསུམ་ཡིན་ལ་ནང་དུ་གསང་འདུས་དང་འཇིགས་བྱེད། དུས་གསུམ་སངས་རྒྱས། སྨན་བླ་བདེ་གཤེགས་བརྒྱད་སོགས་བྱིན་ཅན་མང་པོ་དང་། མགོན་ཆོས་ལྷ་གསུམ་དང་དམ་ཅན་སོགས་ཀྱི་བྲིས་འབུར་སྣ་ཚོགས་ཀྱི་སྐུ་བརྙན་ལྷ་དངོས་ཀྱི་ཉམས་སྣང་འཆར་བ་བཞུགས་པས། རབ་ཉིའི་ཆུ་ཡོས་ཕྱི་ལོ་༡༧༢༣ལོར་རྒྱ་དམག་གིས་ཀྱང་ཉེ་སྐྱོན་མ་བྱུང་བའི་ལོ་རྒྱུས་ཡོད། དེ་ནས་རབ་ཉིའི་མཇུག་ཙམ་ལ་མི་ཉག་བློ་གྲོས་དར་རྒྱས་ཀྱིས་ད་ལྟའི་གནས་འདིར་སྤོས་ནས་སྡེ་འདིའི་རྟེན་དང་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་གསོལ། སྔར་གྱི་མི་ཉག་མགོན་ཁང་དེ་སྔོན་གནས་སུ་དགོས་དབང་གིས་བཞག དེ་ལས་གཞན་སྔོན་གྱི་ཐོག་མའི་གནས་གཞི་མི་ཉག་རྫོང་ཐོག་ལ་གསང་སྔགས་བདེ་ཆེན་གླིང་ཞེས་མཚན་གསོལ། དེ་དང་དུས་མཚུངས་སུ་ཧོར་ཀྱཱའི་གྲྭ་ཚང་བསམ་གཏན་གླིང་དང་། སྐེ་བའི་དགའ་ལྡན་དར་རྒྱས་གླིང་བཅས་འདི་བས་བཏབ་པར་བཤད། འདི་བ་སྔགས་ཆེན་འཕྲིན་ལས་འབུམ་གྱི་ཡང་སྲིད་ཡིན་ཏེ་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྤྲུལ་སྐུ་བཤེས་གཉེན་བློ་གྲོས་རྒྱ་མཚོ། དེའི་སྤྲུལ་སྐུ་དགེ་འདུན་རྒྱལ་མཚན། དེའི་སྤྲུལ་སྐུ་འདི་བ་ཡིན་ལ་ཁོང་ནི་རབ་དྲག་ཤིང་ཡོས་ལོར་བུམ་པ་རྟེའུ་ཆུང་དུ་འཁྲུངས། སྐུ་འབུམ་རྒྱུད་པ་བླ་མ་སྐེ་ཀྱཱ་དགེ་ལེགས་དཔལ་ལྡན་ལས་རབ་ཏུ་བྱུང་། དབུས་སུ་ཐུགས་གཉེར་མཐར་ཕྱིན་ཏེ་གསང་ཕུར་དཀའ་བཅུ་མཛད། སླར་མདོ་སྨད་དུ་ཕེབས་ནས་སྐུ་འབུམ་ཁྲི་ཆེན་སོགས་ལ་བཞུགས། གྲྭ་ཚང་འདི་སོགས་འདེབས་གནང་མཛད་དེ་བརྩེ་བས་བསྐྱངས། རབ་འདོད་ཆུ་བྱའི་ལོར་སྐུ་གཤེགས། དེའི་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མ་ནི་རབ་འདོད་ཤིང་ཕག་ལ་མཚོ་སྔོན་པོར་འཁྲུངས། སྐུ་འབུམ་ཆོས་གྲྭར་ཞུགས་ནས་ཁྲི་ཆེན་སོགས་ལ་བཞུགས། སྔ་ཕྱིར་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཡུན་རིང་བཞུགས་ཤིང་མེ་སྟག་ནས་བྱ་བ་ཀུན་བདག་གིར་བཞེས་ཏེ་བཞི་པའི་སྨོན་ལམ་བཙུགས། མཆོད་རྟེན་དཀར་པོ་ལ་ཞིག་གསོ་དང་ཁྲི་ཀའི་ཇོ་བོར་དབུ་རྒྱན་ཕུལ། སྐུ་འབུམ་མི་ཉག་སྒར་བ་ནས་རྟེན་སྣ་མང་པོ་གདན་དྲངས་ནས་མཆོད་རྟེན་ལྷ་ཁང་དང་འདུ་ཁང་སྒར་བ་རྣམས་སུ་འཇོག་གནང་མཛད། །
སྡེ་འདིར་དབྱར་གནས་པའི་ཕྱག་ལེན་ངོས་གཙང་བཙུགས། གསང་སྔགས་བདེ་ཆེན་གླིང་གི་གཟིམ་ཁང་ལ་ཞིག་གསོ་མཛད། དབུས་དང་རྒྱ་ནག་ཕྱོགས་སུ་ཕེབས་ནས་འགྲོ་དོན་རྒྱ་ཆེན་མཛད་ནས་རེ་གསུམ་པ་མེ་གླང་ལོར་གཤེགས། པུར་སྦྱངས་པས་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མང་པོ་བྱོན་པ་ནང་བཞུགས་ཀྱི་མཆོད་རྟེན་གྲྭ་ཚང་འདིར་ཡང་བཞུགས། དེའི་སྤྲུལ་སྐུ་དཔལ་ལྡན་བསྟན་པའི་ཉི་མ་རབ་ཡིད་ས་ཡོས་ལ་འཁྲུངས། སྐུ་འབུམ་བྱམས་གླིང་གི་ཆོས་སྒོར་ཞུགས་ནས་ཁྲི་ཆེན་སོགས་ལ་བཞུགས། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་དང་ལྕང་སྐྱ་ཡེ་ཤེས་བསྟན་པའི་རྒྱལ་མཚན། རྗེ་གསེར་ཁང་པ་སོགས་མཚན་ལྡན་གྱི་བླ་མ་དུ་མ་བསྟེན་ནས་དབང་ལུང་ཁྲིད་གསུམ་དང་རིག་པའི་གནས་ཆེ་ཆུང་ཀུན་ལ་གསན་སྦྱོང་གནང་། སྨད་སོག་ས་ཆར་ལན་བཞི་ཕེབས། ནད་ཀྱིས་མནར་བའི་འགྲོ་བ་རྣམས་ལ་སྨན་སྦྱིན་གྱི་བཀའ་དྲིན་བསྐྱངས། ཕྱིས་འདི་གར་གཏན་བཞུགས་གནང་ནས་གྱ་གསུམ་པ་ལྕགས་གླང་ལ་སྐུ་གཤེགས། དེའི་སྤྲུལ་སྐུ་ངག་དབང་ལེགས་བཤད་རྒྱ་མཚོ་རབ་ཚེས་ཆུ་སྟག་ཕྱི་ལོ་༡༩༠༢ལོར་འཁྲུངས། སྐུ་འབུམ་བྱམས་པ་གླིང་དུ་མདོ་སྔགས་རིག་གནས་སྐོར་ལ་གསན་སྦྱོང་མཛད། སྐུ་འབུམ་ཁྲི་ཆེན་ལ་ལན་གཉིས་བཞུགས། མཆོད་རྟེན་དཀར་པོར་ཞིག་གསོ་བྱས། རབ་རྒྱལ་མེ་སྤྲེལ་ལོར་ཁོང་གིས་མཐུན་རྐྱེན་སྦྱར་ཏེ་འདུ་ཁང་རྙིང་བ་རྒྱ་བསྐྱེད་ནས་བསྐྱར་བཞེངས་མཛད་དེ་སྔར་ལས་ལྷག་གྲུབ་བྱུང་། མེ་བྱ་ལོར་གྲྭ་ཚང་འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོ་གའི་ཕྱག་ལེན་གསར་དུ་བཙུགས་ཤིང་། རྒྱ་ཡག་བློ་བཟང་བསྟན་པའི་རྒྱལ་མཚན། ཆེ་ཤོས་བློ་བཟང་ལུང་རིགས་རྒྱ་མཚོ། སྐེ་ཀྱཱ་བློ་བཟང་བསྟན་པའི་སྒྲོན་མེ། རྭ་ཁོ་སྤྲུལ་སྐུ་སོགས་སྐུ་འབུམ་གྱི་བླ་སྤྲུལ་མང་པོ་གདན་དྲངས་ནས། འདུ་ཁང་ལ་རབ་གནས་ཀྱི་ཆོ་ག་རྒྱས་པ་མཛད་ནས་དགའ་སྟོན་རྨད་དུ་བྱུང་བ་བྱས། ཡིན་ནའང་རབ་རྒྱལ་ས་ཁྱི་སྟེ་ང་བརྒྱད་ལོར་ཁོང་ཉིད་ཀྱང་བོད་ཀྱི་བླ་དཔོན་གཞན་རྣམས་དང་མཉམ་དུ་བཙོན་ཁང་དུ་བཀག་ནས་དགུང་གྲངས་ང་བརྒྱད་པ་ས་ཕག་ལ་སྐུ་གཤེགས། །
        རྟེན་དང་བརྟེན་པའི་སྐོར་ལ། རྟེན་གྱི་གཙོ་བོ་མི་ཉག་མཆོད་རྟེན་ཡིན། འདུ་ཁང་ནང་དུ་འཕགས་ཡུལ་ནས་གདན་དྲངས་པའི་བྱམས་སྐུ་བྱིན་ཅན་དང་རྒྱ་ནག་ནས་གདན་དྲངས་པའི་བྱམས་པ། གསེར་ཟངས་ལས་གྲུབ་པའི་རྗེའི་སྟོང་སྐུ་བཅས་ཀྱི་གཙོས་སྐུ་གསུང་ཐུགས་རྟེན་ཕུན་སུམ་ཚོགས་པ་དང་། མཆོད་རྫས་དང་མཆོད་ཆས་ཀྱི་རིགས་མ་ཚང་བ་མེད་པ་བཞུགས། མི་ཉག་སྒར་བར་ལྷ་མོ་རིག་བྱེད་མ་དང་མཁའ་སྤྱོད་མ། འཇམ་དབྱངས་སོགས་གསེར་གྱི་རྒྱན་ཅན་བྱིན་རླབས་ཅན་མང་པོ་བཞུགས། །
        ཆོས་ཐོག་གི་སྐོར་ལ། རྒྱ་ལོའི་སྨོན་ལམ་ཉིན་ལྔ། གསུམ་པར་མཆོད་པ་ཉིན་བཅུ། ཟླ་བཞི་བར་ཀུན་རིག་སྒྲུབ་མཆོད་སྦྱིན་བསྲེག་དང་བཅས་པ། དྲུག་པར་སྨོན་ལམ་ཉིན་གསུམ། འདི་མི་ཉག་མགོན་ཁང་དུ་འཚོགས་དགོས། བཅོ་ལྔ་ནས་དབྱར་གནས། དགུ་བར་ཡ་མ་ར་ཛ་དང་སེང་གདོང་། ཉེར་གཉིས་ཉིན་སྨྱུང་གནས། བཅུ་པའི་ལྔ་མཆོད་ཉིན་ལྔ། བཅུ་གཅིག་གདུགས་དཀར་བཟློག་ཆེན་ཉིན་བདུན། བོད་ལོའི་གཏོར་སྒྲུབ་ཉིན་གསུམ་མི་ཉག་མགོན་ཁང་དུ་འཚོག་དགོས་ཤིང་རྒྱུན་གཏོར་བརྗེ་དགོས་པ་བཅས་སོ། ། 
       དགོན་པར་བདག་དབང་ཡོད་པའི་ས་ཞིང་མུའུ་ཉིས་བརྒྱ་ལྷག་དང་། སིལ་ར་དྲུག་བཅས་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་སྐབས་སུ་འདུ་ཁང་གི་མིང་ཙམ་དུ་གྱུར། དེ་ནས་ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབབ་བྱས་པ་དང་ཆབས་ཅིག རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་ཆོས་སྒོ་འབྱེད་པའི་ཆོག་མཆན་གནང་སྟེ། ཅོག་ནེའི་མཁན་པོ་བློ་བཟང་རྒྱ་མཚོ་གཙོས་གྲྭ་པ་རྣམས་ཀྱིས་འབད་བརྩོན་སྒོས་སྔོན་གྱི་འདུ་ཁང་ལ་ཉམས་གསོ་བྱས་ཏེ་རྟེན་བཞེངས་གང་ལེགས་བྱས། ད་ལྟ་སྔོན་སྲོལ་རྣམས་ཉམས་གསོ་བྱེད་བཞིན་པའི་སྐབས་ལགས་སོ། ། 
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།