བིས་ཀྱཱའི་གྲྭ་ཚང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-28 22:00:40     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། སྒོམ་སྡེའི་སྐྱེ་བར་གྲགས་པ་བིས་ཀྱཱ་ཨ་ལགས་སྐུ་ཕྲེང་རིམ་བྱོན་གྱིས་བིས་ཀྱཱའི་གྲྭ་ཚང་བསྐྱངས། འདི་རྒྱ་དགོན་ཡིན། ཁྲི་ཀ་ཚོ་ཞེ་བརྒྱད་ནང་ཚན་རྒྱ་གྲོང་ཉེར་དགུ་ཡོད་པས་མཆོད་ཅིང་ཡོད། ཅེས་བྲག་དགོན་པའི་ཆོས་འབྱུང་དུ་གསུངས་པ་འདི་ལ་དཔག་ནས་དགོན་འདིའི་ལོ་རྒྱུས་རགས་ཙམ་བརྗོད་པ་ལ། བིས་ཀྱཱ་གྲྭ་ཚང་ནི་ཧོ་ཡན་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་ལ་ཕྱིའི་ལྕགས་རི་ནི་རྒྱང་ནས་བལྟས་ན་གནའ་མཁར་དང་མཚུངས་པས་བོད་མི་རྣམས་ཀྱིས་བིས་ཀྱཱ་མཁར་ཞེས་ཀྱང་འབོད། སྡེ་འདི་ཆགས་པའི་དུས་ཚིགས་ནི་ངག་སྒྲོས་སུ་ཧོར་གྱི་རྒྱལ་རབས་ཀྱི་དུས་འཇུག་ཏུ་ཞིང་པའི་གྱེན་ལོག་སྔོན་འགོག་གི་ཆེད་བཏབ་པ་ཞིག་ཡིན་སྐད། སྡེ་འདིའི་རྣམ་པ་ནི་མཁར་གྱི་ནང་དུ་བོད་ལུགས་ཀྱི་གཙུག་ལག་ཁང་ཞིག་དང་ནང་དུ་སྐུ་གསུང་ཐུགས་རྟེན་མང་པོ། དགོན་པའི་རྒྱབ་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་གཅིག ལྕགས་རིའི་མདུན་སྒོའི་སྟེང་དུ་ལྷ་ཁང་ཆུང་ངུ་ཞིག་ཡོད་ལ་དེའི་ནང་དུ་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་རྔམ་བརྗིད་ལྡན་པ། མདུན་སྒོའི་ཡ་ཐེམ་དུ་བྷཱི༠༽རྨུལྔེ ཞེས་པའི་རྒྱ་ཡིག་གི་ཡིག་བྱང་ཡོད་པ་ཞིག་ཡིན། གཞན་ཡང་བྱམས་ཁང་སུམ་ཐོག་ཅན་གྱི་ནང་རྟེན་དུ། རྗེ་བཙུན་བྱམས་མགོན་གྱི་གཙོས་ཉེ་བའི་སྲས་ཆེན་བརྒྱད། གསེར་ཟངས་ཀྱིས་གྲུབ་པའི་སངས་རྒྱས་སྟོང་སྐུ་མཐོ་གང་ལས་ཆེ་བ་དང་སྨན་བླའི་སྐུ་མི་ཚད་ཙམ། བིས་ཀྱཱ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་ཁྲུ་ལྔ་ཙམ་བཅས་དང་། གསུང་རྟེན་གཞུང་གི་སྐོར་མང་པོ་ཞིག་ཡིན། དགོན་པ་འདི་སྔོན་ཆད་ནས་བིས་ཀྱཱ་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། རབ་རྒྱལ་མེ་བྱ་ཕྱི་ལོ་༡༩༥༧ལོར་གཤེགས་པའི་བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་སྐུ་ཕྲེང་བཅོ་བརྒྱད་པ་ཡིན་ཟེར་སྲོལ་ཡོད་ལ་དོན་དངོས་སུ་ཅི་ཡིན་ཆ་མི་འཚལ། བིས་ཀྱཱ་བླ་མ་བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་བླ་མ་འདི་བའི་སྐུ་ཕྲེང་སྔ་མ་ཞིག་ཡིན་ལ་དུས་ནི་རབ་བྱུང་བཅུ་གཉིས་པའི་ནང་བྱུང་བ་ཡིན་ཚོད་རེད། ཁོང་ཡང་རྒྱའི་རྒྱལ་པོའི་སྲི་ཞུ་མཁན་ཞིག་ཡིན་འདུག་སྟེ་མཉྫུའི་རྒྱལ་རབས་སྐབས་སུ་གསོལ་བའི་དགོན་པའི་མཚན་ལ་དགེ་བ་ལ་སྤྲོ་བའི་དགོན་པ་ཞེས་དང་། བླ་མ་ཁོང་ལ་རྒྱལ་ཁབ་སྲུང་ཞིང་དགེ་ལ་སྤྲོ་བའི་བླ་མ་ཞེས་གཟེངས་བསྟོད་ཀྱི་ཐམ་ག་སོགས་ཡོད་པར་བཤད། འདི་དག་གི་ངན་རྐྱེན་ལས་ས་དེའི་སྔགས་པ་དང་བོན་པོ་རྣམས་ཀྱིས་བིས་ཀྱཱ་བླ་མ་སྐུ་ཕྲེང་ཕྱི་མ་མི་སྐྱེ་བ་དམོད་བོར་བ་སོགས་རྟེན་འབྲེལ་གྱི་སྒོ་ནོར་བ་འགའ་བྱུང་བ་གྲགས་སོ། །
        བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ནི། ལན་གྲོ་གོང་མའི་ཀྲུའུ་ཚོ་བའི་ནང་དུ་འཁྲུངས། ལྡི་ཚ་བཀྲ་ཤིས་ཆོས་ལྡིངས་སུ་སློབ་གཉེར་བྱས་ཏེ་རི་ཁྲོད་པའི་གྲས་སུ་ཞུགས། སློབ་མ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་མང་དུ་བསྩལ་ཏེ་རྒྱལ་བའི་བསྟན་ལ་ཞབས་འདེགས་གང་ལེགས་ཞུས། ད་ལྟ་ཡོངས་གྲགས་སུ་ཁྲི་ཀའི་ལྷ་རྩེ་ཞེས་མིང་དུ་གྲགས་པ་(ལུགས་རྙིང་ཟླ་༦ཚེས་༢༢)དེ་ཡང་སྔོན་ཆད་བིས་ཀྱཱའི་མཁར་མདུན་དུ་རྩེད་སྲོལ་ཡོད་ལ་དེའི་སྟེང་གི་སྡིག་རྒྱུན་འགའ་ཞིག་ཀྱང་ཁོང་གིས་བཅད་པ་སོགས་སྐུ་དྲིན་ཆེ། མཐར་རབ་རྒྱལ་མེ་བྱའི་ལོར་སྐུ་གཤེགས། ལྷ་རྩེད་བྱ་སའི་ཡུལ་ནི་ཕྱི་ལོ་༡༩༣༦ལོར་མི་མང་འདུ་ཚོགས་སོགས་ཀྱི་རྐྱེན་ལས་ད་ལྟ་ཚོགས་བཞིན་པའི་ཀབ་རོན་གྲམ་པའི་འགྲམ་དེར་སྤོས་སོ། སྐབས་དེར་བིས་ཀྱཱ་བླ་མའི་ནང་ཆེན་ཁང་བ་གྱན་བདུན་ཅུ་ལྷག་དང་། གྲྭ་ཤག་ལྔ་དང་གྲྭ་པ་ཆེ་ཆུང་བཅུ་གསུམ་ཙམ་ལས་མེད། ཆོས་ཐོག་གི་རིམ་པ་ནི་ལོ་རེ་བཞིན་བཅུ་པའི་ལྔ་མཆོད་དང་། དགུན་ཉི་ལྡོག་སྐབས་ཚེ་སྒྲུབ་ཉིན་བདུན་བཅས་ཡོད། དགོན་པར་བདག་དབང་ཡོད་པ་ནི་ས་ཞིང་མུའུ་ལྔ་བརྒྱ་ལྷག་དང་། སྡོང་བོ་བརྒྱད་བརྒྱ་ལྷག་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་གྱིས་ལྷག་ལུས་མེད་པར་བཟོས། །
        ད་ལྟའི་བིས་ཀྱཱ་སྤྲུལ་སྐུ་བློ་བཟང་རབ་འབྱོར་ནི་རབ་བྱུང་བཅུ་དྲུག་པའི་ནང་ལྷ་སྡེ་ཨ་ཚོགས་སྔར་ཨ་ལགས་ཉི་མའི་འཁྲུངས་ཡུལ་དུ་འཁྲུངས། ཆུང་དུས་ནས་གོན་རྒྱུ་མདོག་དམར་པོ་དང་སེར་པོ་མ་གཏོགས་རྒྱ་ལྭ་སོགས་གཏན་ནས་མི་གྱོན། ཤ་ཡང་མི་ཟ། ཁ་ཟས་ཅི་འབྱོར་ཡང་ཐོག་མ་མཆོད་མདུན་དུ་མཇོག བྱིས་པའི་སྐབས་རྩེད་སར་འགྲོ་དུས་བྱིས་པ་རྣམས་ལ་ང་ལ་བླ་མ་ཞེས་བོས་ཟེར། ནར་སོན་ནས་མ་བསྐུལ་དྭང་བླང་གིས་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད་དེ་ཨ་ཁུ་དམ་ཆོས་ཚང་བསམ་སྦྱོར་གཉིས་ཀྱི་སྒོ་ནས་འདའ་ཁའི་བར་དུ་ཚུལ་བཞིན་དུ་བསྟེན། རྗེས་སུ་ལ་མོ་ཡོངས་འཛིན་འཕྲིན་ལས་རྒྱ་མཚོས་བིས་ཀྱཱ་སྤྲུལ་སྐུར་ངོས་འཛིན་གནང་ངོ་། །  

         གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།