ཁྲེ་ཙེ་དགོན་བསྟན་རྒྱས་བསམ་འཕེལ་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-22 13:04:46     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། ཆགས་ཡུལ་ནི་ཤར་ལུང་ཡུལ་ཚོའི་ཀྲིག་ཐོན་ནམ་ཁྲེ་ཙེ་གོང་མ་ཚོ་བའི་ཁོངས་སུ་གཏོགས་ཤིང་། དེར་བརྟེན། ཚོ་མིང་དགོན་པར་ཐོགས་ཏེ་ཁྲེ་ཙེ་གྲྭ་ཚང་ཞེས་འབོད་སྲོལ་ཆགས་པ་རེད། གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་དང་། ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན། གྲྭ་ཚང་འདི་ཐོག་མར་དུས་ག་འདྲ་ཞིག་ལ་ཆགས་ཞེ་ན། མཁས་ཤིང་གྲུབ་པའི་བདག་ཉིད་རོང་བོ་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་གི་གནས་འཚོལ་ཕྱིར། རབ་དྲག་མེ་ཁྱི་ཕྱི་ལོ་༡༨༤༦ལོར་ཁྲི་ཀའི་ལྗོངས་འདིར་ཆིབས་ཁ་བསྒྱུར། ཁོང་ཐོག་མར་ཤར་ལུང་ཡུལ་ཚོའི་ཁྲེ་ཙེ་གོང་མར་ཕེབས། གྲོང་ཚོ་དེར་རྒན་པོ་ཞིག་གིས་ཁྱིམ་གྱི་ཕྱི་རོལ་དུ་ཆུ་ཡུར་བུར་འདྲེན་བཞིན་པའི་སྐབས་དེར། རྒན་པོ་ལ་གནས་ཚང་ཞིག་གཡོར་རོགས་ཞུས་པས་ཁོའང་ཡིད་འཐད་བྱུང་སྟེ་ཁྱིམ་དུ་གདན་དྲངས་པར་བརྟེན་ཕན་ཚུན་མཆོད་ཡོན་དུ་འབྲེལ། རྒན་པོ་དེ་ནི་སྤན་ཀྱ་ཀླུ་སྐྱབས་ཟེར་བའི་རྔོན་པ་ཞིག་ཡོད་པ་དེ་ཡིན། ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་རྔོན་པ་དེ་ནི་མགོན་པོ་རྡོ་རྗེའི་སྤྲུལ་བར་གྲགས་ཤིང་། ལ་ལས་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་ཡིན་ཟེར་སྲོལ་ཀྱང་འདུག ཁོང་ནི་རྒྱུན་པར་དགོན་རོང་གི་གནས་དེར་རི་དྭགས་གཤོར་དུ་འགྲོ་གྱིན་འདུག་པས་ས་རྒྱུས་ཆེ་བར་བརྟེན། ཆོས་པ་རིན་པོ་ཆེས་དགོན་གནས་འཚོལ་སྐབས་ཀླུ་སྐྱབས་ཀྱི་ལམ་སྣ་ཁྲིད་དེ་བྲག་སྐྱ་རྡོ་རྗེ་རྫོང་ཡོད་པའི་གནས་དེར་སྒྲུབ་གནས་བཟུང་། སྐབས་དེར་ཁྲེ་ཙེ་དགོན་བསྟན་རྒྱས་བསམ་འཕེལ་གླིང་འདིའང་ཆོས་པ་རིན་པོ་ཆེས་ཕྱག་འདེབས་མཛད་ཅེས་རོང་བོ་དགོན་ཆེན་གྱི་གདན་རབས་སུ་འཁོད་འདུག ཆོས་པ་རིན་པོ་ཆེ་གནས་འདིར་ཡུན་རིང་བཞུགས་ཤིང་ཁོང་གི་ཕྱག་དཔར་འབུམ་ཁང་སོགས་ཕྱི་ལོ་༡༩༥༨ལོའི་བར་ཡོད། ཕྱིས་སྒྲུབ་སྡེ་འདིར་ཆོས་པ་རིན་པོ་ཆེའི་དངོས་སློབ་རྒྱ་དགེ་བསོད་ནམས་རྒྱལ་མཚན་གྱིས་བཟུང་སྟེ་བསྐྱངས་པར་གྲགས། ཕྱིས་སྒར་གོང་གི་སློབ་དཔོན་གསེར་ཁང་བའི་གཟིམ་ཁང་བཞེངས་པ་ནས་ཞབས་ཀྱིས་བཅགས་ཤིང་གནས་བྱིན་གྱིས་བརླབས། དེའི་རྗེས་བློན་ཆོས་རི་ཁྲོད་པ་ཞུ་བ་དེ་རྒྱུན་བཞུགས་མཛད་དེ་སྒྲུབ་སྡེ་བསྐྱངས་པར་གྲགས། དེའི་རྗེས་ཐར་ཤུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་སྔར་གྱི་གཟིམ་ཁང་རྒྱ་བསྐྱེད་མཛད་དེ་སྟོན་དཔྱིད་རེས་མོས་སུ་བཞུགས་ཤིང་། རྗེ་དེ་ཉིད་ཀྱི་བཀའ་ལྟར་རྐང་ཚ་སྤྲུལ་སྐུ་བློ་བཟང་བསྟན་པ་རྒྱ་མཚོ་ཡང་བཞུགས་སའི་མཐིལ་མཛད། དེའི་རྗེ་སྐུ་ཞབས་གཡོན་རུ་ཚང་སྡེ་འདིར་བཞུགས་ཤིང་། གཟིམ་ཁང་སོགས་གཡོན་རུ་ཚང་ལ་ཕུལ་ཏེ་ཁོང་གི་སྐུ་ཕྲེང་ཕྱི་མ་རྣམས་ཀྱང་སྐབས་རེར་ཕེབས་པ་ཙམ་ལས་རྒྱུན་བཞུགས་བྱེད་མཁན་ཞིག་མ་བྱུང་། དེའི་རྗེས་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའང་སྡེ་འདིར་སྐབས་རེར་བཞུགས་ཤིང་ཁྲེ་ཙེ་སྒར་གྲོང་ཐུན་མོང་གིས་ཁྲི་ཀའི་རི་ཁྲོད་པ་བརྒྱ་ཕྲག་ལྷག་གདན་དྲངས་ཏེ་ཟླ་གཅིག་རིང་མཆོད་མེ་བཟུང་སྟེ་གཏན་བཞུགས་ཞུས། །
དགོན་པའི་འཛུགས་སྐྲུན་རྟེན་དང་བརྟེན་པའི་སྐོར། འདུ་ཁང་ནི་ཀ་རིང་གཉིས་ཡིན་ལ། སྟེང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་འབག་སྐུ་མི་ཚད་ཙམ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་འདྲ་སྐུ། གྱན་ཐང་སྐོར་ལ། བྱམས་པའི་ཞིང་བསྟོད་དང་། ཀླུ་དབང་རྒྱལ་པོ་སོགས་གྱན་ཐང་ཉེར་གཅིག གསུང་རྟེན་སྐོར། གསེར་དངུལ་གྱིས་བྲིས་པའི་ཡུམ་ཚར་གཉིས་དང་སྐལ་བཟང་ཚར་གཉིས་ཀྱི་གཙོས་པོད་བདུན་ཅུ་ལྷག་དང་། གདུགས་ཤེས་རྣམ་འཇོམས་སོགས་ཀྱི་པར་ཤིང་། ཐུགས་རྟེན་སྐོར། རྗེ་གསེར་ཁང་བ་དང་། ཨ་ལགས་རྒྱ་བཟའ་ཚང་། ཨ་རིན་བློ་བཟང་རྒྱ་མཚོ་རྣམ་གསུམ་གྱི་གདུང་རྟེན་མཆོད་རྟེན་གསུམ། རྒྱ་དགེ་བསོད་ནམས་རྒྱལ་མཚན་གྱི་ཕྱག་དྲིལ་དང་གསོལ་དཀར་སོགས་ཡོད། མཉྫུ་རྒྱལ་རབས་རིང་གི་ཡིག་བྱང་གཅིག་དང་། སྐུ་ཞབས་གཡོན་རུ་ཚང་གི་འདོ་ལི་ཧ་སག་སྔོན་པོའི་ཐུམ་ཅན་བཅས་ཡོད། དེ་མཚུངས་སུ་བྱམས་ཁང་ཉིས་ཐོག་དང་ནང་རྟེན་གྱི་གཙོ་བོ་ནི་རྗེ་བཙུན་བྱམས་པ་ཡིན། ཆོས་པ་རིན་པོ་ཆེའི་ཕྱག་དཔར་འབུམ་ཁང་ཡང་གནས་འདིར་བཞུགས། ཕྱི་ལོ་༡༩༥༨ལོའི་ཡར་སྔོན་གཡོན་རུ་བླ་བྲང་དང་། གྲྭ་ཤག་བཅུ་གཉིས། གྲྭ་པ་ཉི་ཤུ་རྩ་སྟོད་བཞུགས་ཤིང་། དགོན་པའི་རྒྱ་ཁྱོན་དུ་ས་མུའུ་བཅུ་གཉིས་ལྷག་ཡོད། །
        ཆོས་ཐོག་སྐོར། ཟླ་དང་པོར་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་ལྔ། གཉིས་པར་ཉིན་བཅོ་ལྔའི་རིང་སྔ་དྲོ་རྣམས་ལ་སྒྲོལ་མ་གསུང་དགོས། གསུམ་པར་རྗེ་གསེར་ཁང་བའི་དུས་མཆོད་ཉིན་བཅུའི་རིང་མཆོད་པ་འབུམ་དང་། བཞི་བར་ཀུན་རིག་སྒྲུབ་མཆོད། དགུ་བར་སེང་གདོང་གཏོར་བཟློག བཅུ་བར་ལྔ་མཆོད་བཅས་ཡོད་ལ་ཚང་མ་ར་རྒྱའི་ཕྱག་ལེན་ལྟར་ཡིན། དགོན་པར་བདག་དབང་ཡོད་པ་ས་ཞིང་མུའུ་བཅོ་ལྔ་ཙམ་དང་། ནགས་ཚལ་མུའུ་ཆིག་སྟོང་ལྷག་ཡོད། ང་བརྒྱད་དང་རིག་གསར་སྐབས་སུ་མིང་ཙམ་ཡང་མ་ལུས། དེ་ནས་རབ་རྒྱལ་ཤིང་བྱི་ལོར་ཚོགས་ཁང་ཆུང་བ་རྟེན་བརྟེན་པ་བསྐྱར་བཞེངས་བྱས། རབ་རྒྱན་ས་འབྲུག་ལོར་གོང་ནས་ཆོག་མཆན་ཐོབ་སྟེ་ཆོས་སྒོ་ཕྱེས། ད་ལྟ་གྲྭ་པ་ཆེ་ཆུང་བཅུ་ལྷག་གིས་སྔར་སྲོལ་རྣམས་རྒྱུན་འཛིན་བྱེད་བཞིན་པའི་སྐབས་ལགས་སོ། །

  གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།