དགོན་གསར་རིན་ཆེན་དགེ་འཕེལ་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-22 12:57:09     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

                    ༄༅། ། ད་ལྟའི་ཆགས་ཡུལ་ནི་ཤར་ལུང་ཡུལ་ཚོའི་མངའ་ཁོངས་དམེ་ཀྱ་གྲོང་ཚོའི་ཁོངས་སུ་གཏོགས་ཤིང་། འཕྲང་དམར་འགག་སྟོན་སར་ཁུགས་ཞེས་པར་ཡོད། གྲུབ་མཐའ་ནི་རི་བོ་དགེ་ལུགས་པ། ལ་མོ་བདེ་ཆེན་དུ་ཚོགས་བཞུགས་དང་དེ་ཉིད་དུ་དཔོན་སློབ་ཀྱི་ཁྲིར་བཞུགས་དགོས། སྒྲུབ་སྡེ་འདི་ཉིད་སྔར་རབ་བྱུང་བཅུ་གསུམ་པའི་མགོ་ཙམ། ཕྱི་ལོའི་དུས་རབས་བཅུ་དགུ་པའི་མགོ་ཙམ་ལ་དགོན་པ་གཞི་ཆགས་པ་ནས། ད་ལྟའི་རབ་རྒྱན་མེ་ཡོས་ཕྱི་ལོ་༡༩༨༧ལོའི་བར་ལོ་ཆིག་བརྒྱ་བདུན་ཅུའི་ལོ་རྒྱུས་ཡོད་པ་དང་། སྔ་ཕྱིར་དགོན་གནས་གསུམ་ཙམ་སྤོས་ཤིང་། ཨ་ཡག་དགོན་གསར་བླ་མ་སྐུ་ཕྲེང་ལྔའི་རིང་བསྐྱངས་པར་གྲགས། ། 
        དགོན་པ་བཏབ་པའི་རྒྱུད་རིམ་དང་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས། ཨ་ཡག་དགོན་གསར་སྐུ་ཐོག་དང་པོ་ནི་ཧོར་མོའི་སྒོམ་རྒན་ཟེར་བ་དེ་ཡིན། འདི་བ་དམེ་ཀྱའི་ཨ་ཚག་ཚོ་བར་འཁྲུངས། ཁོང་གིས་དགོན་ལུང་ཕུག་ཟེར་བའི་སར་མཚམས་ཁང་བརྩིགས་ཏེ་ཚེ་དང་སྒྲུབ་པ་སྙོམས། དེར་བརྟེན་ཁོང་གི་མཚན་ལ་ཧོར་མོའི་སྒོམ་རྒན་དུ་གྲགས། རབ་འདོད་ས་ཕག་ཕྱི་ལོ་༡༧༧༩ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཁོང་ཉིད་མཉྫུའི་གོང་མ་ཆན་ལུང་གིས་གདན་དྲངས་པ་ལྟར་རྒྱ་ནག་ཏུ་ཕེབས་སྐབས། ཕྱོགས་འདིའི་སེར་སྐྱ་ཐུན་མོང་གིས་པཎ་ཆེན་རིན་པོ་ཆེ་ལ་ཉིད་ཀྱི་སྐུ་ཚབ་བླ་མ་ཞིག་དགོས་ཞུས་པར། ཁྱེད་ཚོའི་ཡུལ་ན་ཧོར་མོའི་སྒོམ་རྒན་ཟེར་བ་ཞིག་ཡོད་དམ་གསུངས། ཡོད་ཞུས་པས་ན། དེ་ལས་ལྷག་པའི་བླ་མ་ཞིག་མི་དགོས་གསུངས་པར་བརྟེན་ཀུན་གྱིས་གཙུག་ཏུ་བཀུར་ཞེས་མདོ་སྨད་ཆོས་འབྱུང་དུ་གསལ། ། 
        སྐུ་ཕྲེང་གཉིས་པ་སྒྲུབ་སྡེ་འདེབས་པ་པོ་ཨ་ཡག་སྦྱིན་པ་རྒྱ་མཚོ་ནི། དམེ་ཀྱའི་ཨ་ཡག་ཚོ་བར་འཁྲུངས། དེར་བརྟེན་ཚོ་མིང་བླ་མར་ཐོགས་ཏེ་ཨ་ཡག་ཚང་ཞེས་མཚན་དེ་ལྟར་འབྱོར་བ་ཡིན། ཁོང་དབུས་སུ་ཕེབས་ནས་སློབ་གཉེར་གནང་སྟེ་ཡོན་ཏན་འགྲན་ཟླ་མེད་པ་ཞིག་བྱུང་། དགའ་ལྡན་ཁྲིར་ཉེ་བ་ན་རང་ཡུལ་དུ་ཕྱིར་ཕེབས་ཏེ་དམེ་ཀྱ་དང་ཆོས་ཚའི་གྲྭ་པ་བསྡུས། ད་ལྟའི་གཤོང་མོ་ཆེའི་གནས་འདིར་དགོན་པའི་གཞི་བཟུང་། དེར་འདུ་ཁང་དང་གཟིམས་ཁང་། གྲྭ་ཤག་བཅས་གསར་བཞེངས་མཛད་དེ་དགོན་པ་བཏབ་པའི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་དུ་གསལ། ། 
        སྐུ་ཕྲེང་གསུམ་པ་ཨ་ཡག་བློ་བཟང་ཤེས་རབ་ནི་མགར་རྩེ་གོང་མར་འཁྲུངས། ལ་མོ་བདེ་ཆེན་དུ་སློབ་གཉེར་གནང་། རིག་གནས་སྤྱི་དང་ཁྱད་པར་སྙན་ངག་ལ་མཁས། ལ་མོ་བདེ་ཆེན་དང་ལྔ་མགུར་སོགས་ཕྱོགས་འདིའི་དགོན་པ་ཕལ་ཆེ་བར་སྐྱོང་ཁུར་གནང་། འདི་བའི་སྐུ་རིང་ལ་ཁོང་གི་གཟིམ་ཁང་རང་སར་བཞག གཞན་འདུ་ཁང་དང་གྲྭ་ཤག་བཅས་ཨོ་འཇུང་ཟེར་བའི་སར་སྤོས་ཏེ་དགོན་པའི་མཚན་ལ་དགོན་གསར་བཀྲ་ཤིས་རབ་བརྟན་གླིང་ཞེས་གསོལ། ། 
སྐུ་ཕྲེང་བཞི་པ་ཨ་ཡག་བློ་བཟང་བསྟན་དར་འཇིགས་མེད་ནི་མགར་རྩེ་སྟག་རིང་དུ་འཁྲུངས། ལ་མོ་བདེ་ཆེན་དུ་ཐུགས་གཉེར་གནང་། འདི་བས་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་བཀའ་བཞིན་དགོན་པ་གཤོང་མོ་ཆེ་དང་ཉེ་བའི་ད་ལྟའི་གནས་འདིར་སྤོས་ཏེ་རྗེ་ཤར་ཤུལ་རིན་པོ་ཆེ་ལ་ཕུལ་བར། ཁོང་གིས་སྔར་གྱི་དགོན་མིང་བསྒྱུར་ཏེ་རིན་ཆེན་དགེ་འཕེལ་གླིང་ཞེས་པའི་མཚན་བསྩལ། དེ་ནི་ད་ལྟའི་དགོན་གསང་སྒྲུབ་སྡེ་འདི་ཉིད་དོ། ། 
        སྐུ་ཕྲེང་ལྔ་པ་ཨ་ཡག་བློ་བཟང་བསྟན་པ་རྒྱ་མཚོ་ནི་མགར་རྩེ་ཞོལ་མར་འཁྲུངས། ཀོའུ་བ་དགེ་འདུན་བསྟན་པ་དར་རྒྱས་དང་འཁྲུངས་ཡུལ་གཅིག་ཡིན། རང་ལོ་ཉེར་ལྔའི་སྟེང་སྐུ་ཞི་བར་གཤེགས། ། 
        སྐུ་ཕྲེང་དྲུག་པ་དགེ་འདུན་བསྟན་པ་རབ་རྒྱས་ནི་ཆོས་ཚའི་ཆོས་དགེ་ཚོ་བར་རབ་ཚེས་ལྕགས་སྤྲེལ་ལོར་འཁྲུངས། དགུང་ལོ་བཅུ་གསུམ་ནས་ལ་མོ་བདེ་ཆེན་དུ་སློབ་གཉེར་གནང་། བདེ་ཆེན་དཔོན་སློབ་ཀྱི་ཁྲི་ལོ་གཉིས་རིང་བསྐྱངས། ཁོང་གིས་རང་སྒར་དུ་མཆོད་ཁང་གྱན་ལྔ་དང་མགོན་ཁང་གསར་བཞེངས་མཛད། མཆོད་ཁང་ནང་རྟེན་དུ་འོད་དཔག་མེད་དང་སྒྲོལ་མའི་སྟོང་སྐུ། མགོན་ཁང་ནང་དུ་དམ་ཅན་འཕྲིན་ལས་རྒྱལ་པོ། པུ་ཏྲ་སོགས་དང་། གཞན་ཡང་རྒྱ་བོད་ཀྱི་གཞུང་པོད་སུམ་བརྒྱ་ལྷག་གསར་དུ་སྒྲིག་པ་སོགས་མཛད་རྗེས་ངེས་པར་ཆེ། ཕྱི་ལོ་༡༩༥༨ལོར་ཁྲིམས་ཆད་ཕོག་སྟེ། དགུང་ལོ་སོ་དགུ་པ་ཕྱི་ལོ་༡༩༥༩ལོར་ངལ་རྩོལ་སྒྱུར་བཅོས་ཁང་ནས་སྐུ་གཤེགས། ། དགོན་པའི་འཛུགས་སྐྲུན་རྟེན་དང་བརྟེན་པའི་སྐོར། འདུ་ཁང་གི་ཕྱིའི་བཟོ་བཀོད་དང་ནང་རྟེན་ཕུན་སུམ་ཚོགས་ཤིང་། རྟེན་གཙོ་ཐུབ་པ་གསུང་འབྱོན་མ་དང་། རྗེ་མཆོད་འཛིན་མ། རྭ་ལོའི་ཕྱག་ཚ་འཇིགས་བྱེད། རྗེ་གསེར་ཁང་བ་དང་། ཨ་རིག་མནོ་ཤུལ་བློ་བཟང་རྒྱ་མཚོའི་འདྲ་སྐུ། སྲོང་བཙན་སྒམ་པོའི་ཕྱག་ཚ་སྤྱན་རས་གཟིགས། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་འབྲལ་སྤོང་ཐུབ་པ་གསུང་འབྱོན་མ། ཇོ་སྐུའི་ཐུགས་ཀར་དུང་གཡས་འཁྱིལ་གྱིས་བརྒྱན་པ་གཅིག སྒྲོལ་མ་དཀར་ལྗང་གཉིས། བྱམས་སྐུ་གཅིག བདེ་བཤེགས་མཆོད་རྟེན་བརྒྱད། བཀའ་བསྟན་གཉིས། རྗེ་གསུང་འབུམ་སོགས་བཞུགས། སྐུ་ཕྲེང་གོང་མ་གཉིས་ཀྱི་སྐུ་གདུང་མཆོད་རྟེན་དང་སྐུ་ཕྲེང་བཞི་པའི་སྐུ་གདུང་མཆོད་རྟེན་དངུལ་ཤན་མ་གཅིག དངུལ་གྱི་མཆོད་ཆའི་སྐོར། དངུལ་སྲང་བརྒྱ་དང་བཅོ་བརྒྱད་ཀྱིས་བརྡུང་བའི་ཚེ་འབར་གཅིག གཞན་དངུལ་རྐོང་གཉིས། དངུལ་གྱི་སྤོས་ཕོར་དང་རྒྱ་གླིང་ཆ་རེ། དངུལ་གྱི་མཎྜལ་དང་ཚོགས་དུང་དངུལ་ཤན་མ་ཆ་གཅིག སྟོན་པའི་སྐུ་དངུལ་ཁྲི་ཅན་གཉིས་བཅས་དང་། རྔ་ཨུ་འདེབས་རང་གྲགས་ངོ་མཚར་ཅན། སིལ་ལི་མཇོལ་མོ་དགུ་སིལ་ཟེར་བ་གཅིག མཁར་རྔ་དུང་ཆེན་རྔ་སྦུབས་སོགས་མཆོད་ཆ་དང་། འཕན་གདུགས་རྒྱལ་མཚན་སོགས་མཆོད་རྫས་ཀྱི་རིགས་མང་དུ་ཡོད། ། 
        ཆོས་ཐོག་སྐོར། རྒྱ་ལོའི་སྨོན་ལམ་ཉིན་བརྒྱད། ཚོགས་འདོན་སྨན་བླ། བདེ་གསང་གཉིས། ཀུན་རིག མགོན་ཆོས་དང་དྲུག་ཅུ་བ། བཅོ་ལྔའི་ཉིན་བྱམས་པ་གླིང་སྐོར་དང་བརྒྱ་མཆོད་བཅས་ཡོད། ཟླ་གཉིས་པར་བདེ་མཆོག་སྒྲུབ་མཆོད་ཉིན་བརྒྱད། ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བརྒྱད། ཟླ་བཞི་བར་དམིགས་རྩེ་མའི་ལས་ཚོགས་དང་ལྷ་མོའི་བསྐང་བ་ཁྲི། སྨྱུང་གནས་བཅས་ཉིན་བཅོ་ལྔ། ཟླ་ལྔ་བར་རྒྱུན་གྱི་དུས་བཟང་། ཚེས་བརྒྱད། བཅུ། ཉེར་ལྔ། ཉེར་དགུ་རྣམས་ལ་རིམ་བཞིན་སྨན་བླ། གསང་འདུས། ཟླ་བརྒྱད་པར་མགོན་དཀར་གཏེར་སྒྲུབ་སྦྱིན་བསྲེག་དང་བཅས། ཟླ་བཅུ་བར་ལྔ་མཆོད། ཟླ་བཅུ་གཅིག་པར་རྒྱུན་གྱི་དུས་བཟང་། ཟླ་བཅུ་གཉིས་པར་རྒྱུན་གྱི་དུས་བཟང་དང་། གྲྭ་པ་རྣམས་མཚམས་ལ་བཞུགས་དགོས། ། 
        དགོན་པར་ཉམས་ཉེས་ཐེབས་པའི་སྐོར། རབ་རྒྱལ་ས་སྦྲུལ་ཕྱི་ལོ་༡༩༢༩ལོའི་ལུགས་རྙིང་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ནང་། མཱ་ཀྲུན་ཡུན་ནམ་ཉ་ཟི་ལིན་ཇག་དམག་གིས་མི་བཅུ་ལྷག་དམར་གསོད་བྱས། དམེ་ཀྱ་དང་རྒྱོམ་སོགས་དགོན་གྲོང་ཀུན་བསྡོམས་པའི་མི་བརྒྱ་ཅུ་ལྷག་བརླགས་པར་མ་ཟད། འཕྲོག་བཅོམ་དང་ལྷ་རྟེན་ཁང་བ་སོགས་མེར་བསྲེགས་ཏེ་ཆག་འཇིག་ཚབས་ཆེན་ཐེབས། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་དམངས་གཙོའི་སྒྱུར་བཀོད་དང་རིག་གནས་གསར་བརྗེའི་སྐབས་སུ་ཆག་འཇིག་དང་ཉམས་ཉེས་རིམ་གྱིས་ཐེབས་ཏེ་བླ་མ་གཙོ་བྱས་ཏེ་གྲྭ་པ་ལའང་ཉེ་ཆད་ཡོང་བ་དང་། ལ་ལ་རང་ཁྱིམ་དུ་ཕྱིར་ལོག་སྟེ་ལོ་ངོ་ཉི་ཤུའི་རིང་དགོན་གནས་སྟོངས། གྲྭ་ཚང་འདིར་བཞུགས་པའི་བླ་མ་གཞན་ནི་སྐུ་ཞབས་ཐར་ཤུལ་ཚང་ཡིན་ལ། ཁོང་གི་གཟིམ་ཁང་གྱན་དགུ་ཙམ་དང་། ཨ་རིག་ཚང་གི་གཟིམ་ཁང་གྱན་ཉེར་དགུ། ཨ་ལགས་འཕེལ་ཐ་ཚང་གི་གཟིམ་ཁང་གྱན་བརྒྱད་དང་གྲྭ་ཤག་བཅས་བསྡོམས་པའི་གྱན་སོ་གཅིག་ཙམ་ཡོད། ། 
        ས་ཞིང་དང་སྡོང་བོའི་སྐོར། དགོན་གཞུང་དང་བླ་བྲང་ལ་བསྡོམས་པས་ཞིང་ས་མུའུ་བརྒྱ་དང་དྲུག་བཅུ་རེ་གཅིག་དང་སྡོང་ར་གཉིས་ཡོད། ད་ལྟ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས། རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་རང་སའི་ཆོས་དད་མང་ཚོགས་རྣམས་ཀྱིས་མ་སྐུལ་དྭང་བླང་གིས་སྔར་གྱི་དགོན་ཤུལ་དུ་ཚོགས་ཁང་ཆུང་ངུ་ཞིག་གསར་དུ་བཞེངས། ནང་རྟེན་གཙོ་བོར་བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བཞུགས། རབ་རྒྱན་ས་འབྲུག་ལོར་གོང་ནས་ཆོག་མཆན་ཐོབ་སྟེ་ཆོས་སྒོ་ཕྱེ། ད་ལྟ་གྲྭ་པ་ཉི་ཤུ་ལྷག་གིས་སྔར་སྲོལ་རྣམས་ཉམས་གསོ་བྱེད་བཞིན་པའི་སྐབས་ལགས་སོ། །

  གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།          དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།