འགག་བཟའི་གྲྭ་ཚང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-22 12:50:42     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། ཤར་ལུང་ཡུལ་ཚོར་ཡོད་ལ་མཆོད་གཞིས་འགག་བཟའ་གྲོང་ཚོ་ཡིན་པས་ཡོངས་གྲགས་ལ་འགག་བཟའི་གྲྭ་ཚང་ཟེར། གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་དང་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན། དགོན་པ་འདི་ཐོག་མར་འདེབས་པ་པོ་གཙང་བ་བློ་བཟང་རྒྱ་མཚོ་ཞུ་བ་དེ་ཡིན་ལ། ཁོང་ནི་རབ་གཟལ་ལྕགས་ལུག་ཕྱི་ལོ་༡༣༩༡ལོར་འགག་བཟའ་ཚོ་དྲུག་ནང་ཚན་གཙང་བར་ཡབ་འབུམ་རྒྱལ་ཚེ་རིང་དང་ཡུམ་སྒྲོལ་མ་ཚེ་རིང་གཉིས་ཀྱི་སྲས་སུ་འཁྲུངས། དབུས་སུ་ཕེབས་ནས་བཀའ་བཅུ་པའི་མཚན་བཏགས་བཞེས། སླར་མདོ་སྨད་རང་ཡུལ་དུ་ཕེབས་ནས་རབ་གཟའ་ཤིང་སྟག་ཕྱི་ལོ་༡༤༣༤ལོ་ཙམ་ལ་དགོན་པའི་གཞི་བཏིངས། ཁོང་དགུང་ལོ་མཐོན་པོར་བཞུགས་པས་དཀའ་རྒན་ཚང་ཟེར་ལ་དགོན་པར་དཀའ་རྒན་དགོན་ཞེས་ཟེར་རོ། རྗེ་འདི་ཉིད་སྲིབ་རྒན་ཆེ་བར་སྐུ་མཚམས་མཛད་དུས་ལུང་བ་དེར་ཆུ་མིག་རྡོལ་བ་སོགས་བཀྲ་ཤིས་པའི་ལྟས་བྱུང་ནས་མི་ཕྱུགས་ཀུན་བཏུང་ཆུའི་དཀའ་ངལ་ལས་གྲོལ། འདི་བར་གསུང་རྩོམ་པོད་ཁ་ཤས་ཡོད་ཀྱང་དཔར་མ་ནུས་པས་རིག་གསར་སྐབས་སུ་ཆུད་ཟོས་སུ་སོང་། དེ་ནས་རབ་ཡིད་ས་རྟ་ཕྱི་ལོ་༡༨༥༨ལོར་གཙང་བ་ངག་དབང་བརྩོན་འགྲུས་ཀྱིས་དགོན་རྙིང་ད་ལྟའི་གནས་འདིར་སྤོས་ཏེ། འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་ནང་དུ་སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་མཛད། དགོན་པའི་འགྲིག་ལམ་སོགས་ལ་ཞུ་དག་མཛད་དེ་བརྩེ་བས་བསྐྱངས། འདི་བ་རབ་འདོད་ཤིང་བྱི་ལོར་མདའ་བཞིའི་སྨྲ་ཁམས་ཚོ་བར་ཡབ་བསྟན་རྒྱས་དང་ཡུམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ང་ལྔའི་སྟེང་དགོན་གནས་སྤོས། སྐུ་ཚེའི་སྨད་ལ་ལ་མོ་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་སྐུ་འདའ་ཁར་ཁོང་གི་ཐམ་ག་སོགས་འདི་བར་སྤྲད་ནས་ལོ་བཅོ་ལྔ་ཡས་མས་སུ་ཆོས་སྲིད་གཉིས་ཀ་བསྐྱངས། དགུང་ལོ་བརྒྱད་ཅུའི་སྟེང་མདའ་བཞིའི་དགོན་གསར་རྣམ་རྒྱལ་གླིང་དུ་ཞི་བར་གཤེགས། སྐུ་གདུང་ཆོས་སྡེ་འདིར་བཞུགས། འདི་བའི་སྐུ་སྔ་མ་དག་གི་ལོ་རྒྱུས་མ་ངེས་པས་མ་བཀོད་ལ་ཕྱི་མ་གཙང་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། རབ་ཚེས་ཤིང་སྤྲེལ་ཕྱི་ལོ་༡༨༨༤ལོར་མདའ་བཞིའི་ཀྱེ་སེང་མཁའ་འགྲོའི་ཁྱིམ་དུ་འཁྲུངས། དགུང་ལོ་ལྔའི་སྟེང་ཁྲིར་བཀོད། དགུང་ལོ་བཅོ་བརྒྱད་སྟེང་སྙུན་གཞི་ཞིག་གིས་སྐུའི་མེ་ཏོག་ཡལ། དེའི་སྤྲུལ་སྐུ་བློ་བཟང་བཙུན་པ་རྒྱ་མཚོ་ནི། རབ་ཚེས་ཆུ་བྱི་ཕྱི་ལོ་༡༩༡༢ལོར་མདའ་བཞིའི་སྟོང་དཔོན་ཡབ་ཐུབ་མཆོག་དང་ཡུམ་གསེར་འོད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔའི་སྟེང་རང་དགོན་དུ་ཁྲིར་བཀོད། ཕྱིས་ལ་མོ་བདེ་ཆེན་གྱི་དཔོན་སློབ་ལ་བཞུགས། རབ་རྒྱལ་ས་ཁྱི་སྟེ་ང་བརྒྱད་ལོར་དགུང་གྲངས་ཞེ་བདུན་སྟེང་ཞི་བར་གཤེགས། གཙང་བ་སྐུ་ཕྲེང་རིམ་བྱོན་རྣམས་བྱ་ཁྱུང་དང་ལ་མོ་བདེ་ཆེན་མདའ་བཞིའི་དགོན་གསར་རྣམས་ཀྱི་བླ་གྲལ་ཡིན་ལ་དེ་དག་ཏུ་སྒར་ཁའང་ཡོད་ཟེར། ལ་མོ་ཞབས་དྲུང་སྐུ་ཕྲེང་བདུན་པས་ཕྱག་འདེབས་གནང་བའི་བྱ་མདོའི་ཚ་རྔ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཡང་གཙང་བ་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བཞིན་ཡོད་དོ། །
        དགོན་པ་འདིའི་ཆོས་ཐོག་གི་སྐོར་ལ། རྒྱ་ལོའི་སྨོན་ལམ་ཉིན་བདུན། ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བརྒྱད། ཟླ་དགུ་བར་ལྷ་མོའི་གཏོར་སྒྲུབ་ཉིན་བདུན། ཟླ་བཅུ་བར་ལྔ་མཆོད་ཆེན་མོ་ཉིན་ལྔ། བཅུ་གཅིག་པར་སེང་གདོང་ཉིན་ལྔ། བཅུ་གཉིས་པར་མགོན་པོའི་གཏོར་སྒྲུབ་ཉིན་ལྔ་བཅས་སྔོན་གྱི་ཕྱག་ལེན་མ་ནོར་བར་ཡོད། སྡེ་འདིའི་རྟེན་སྣའི་དཀར་ཆག་སྔོན་ཆད་དང་ད་ལྟ་གཉིས་ཀ་ལོ་རྒྱུས་ས་བོན་དུ་མ་བྱུང་བས་འབྲི་རྒྱུ་མ་རྙེད་ལ། སྔོན་གྱི་འདུ་ཁང་བརྒྱད་རིག་གསར་སྐབས་སུའང་མ་འཇིག་པར་ཡོད། ད་ལྟ་གྲྭ་པ་བཅུ་ཕྲག་གཅིག་ལྷག་གིས་སྔར་སྲོལ་རྣམས་རྒྱུན་འཛིན་བྱེད་བཞིན་པའི་སྐབས་ལགས་སོ། །
ཡོངས་གྲགས་སུ་ཆོས་སྡེ་འདི་གཅན་ཚ་སྡེ་དྲུག་གི་དགོན་ཡིན་པར་གྲགས། ལ་མོ་བདེ་ཆེན་གྱི་ཁོངས་སུ་གཏོགས་པར་བརྗོད། དགོན་སྡེ་འདིར་སྔ་ཕྱིར་རིག་པའི་གནས་ལ་གཞན་དྲིང་འཇོག་མི་དགོས་པ་བླ་རབས་བཅུ་བཞི་བྱོན་མྱོང་ལ། བགྲང་བྱ་ལྔ་བརྒྱ་ཡན་གྱི་ལོ་རྒྱུས་ལྡན་པས་འདིར་ཅུང་གླེང་བར་བྱ་སྟེ། དེ་ཡང་ཆོས་སྡེ་འདི་ཐོག་མར་ཕྱག་འདེབས་མཛད་མཁན་གཙང་བ་བཀའ་བཅུ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་རབ་གཟའ་ལྕགས་ལུག་ཕྱི་ལོ་༡༣༩༡ལོར་འགག་བཟའ་ཚོ་དྲུག་གི་ནང་གསེས་གཙང་བ་ཚང་གི་ཡབ་འབུམ་རྒྱལ་ཚེ་རིང་དང་ཡུམ་སྒྲོལ་མ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ངག་རྒྱུན་དུ་ཚོ་ཁག་འདི་ཚང་གཙང་ནས་མཆེད་པ་ཡིན་སྐད། ཁོང་དགུང་ལོ་བརྒྱད་པར་རབ་ཏུ་བྱུང་ཞིང་རབ་གཟའ་ཆུ་འབྲུག་ཕྱི་ལོ་༡༤༡༤ལོ་དགུང་ལོ་༢༡པར་དབུས་གཙང་དུ་ཕེབས་ནས་སློབ་གཉེར་དང་གསན་བསམ་རྒྱ་ཆེན་གནང་སྟེ་གསུང་པོ་ཏི་བཅུ་ལྷག་ལ་བསླབས་པ་མཐར་ཕྱིན་མཛད་པས་གཙང་བ་བཀའ་བཅུ་པའི་མཚན་གསོལ། དེ་ནས་བཟུང་ཡང་སྤྲུལ་རིམ་བྱོན་གྱི་མཚན་ལ་གཙང་བ་སྦྱོར་སྲོལ་བརྙེས། རབ་གཟའ་ལྕགས་ཕག་ཕྱི་ལོ་༡༤༣༡ལོར་གྲོང་སྡེའི་དཔོན་པོ་བློ་བོས་སྡེ་འབངས་ཀུན་སྡུག་བསྔལ་སེལ་ནས་མ་འོངས་བདེ་སྐྱིད་དང་འཚོ་སྡོད་དགོས་ན་བསྟན་ཆོས་ཤིག་དར་དགོས་པའི་བློ་འཆར་སྐྱེས་ཏེ་སེར་སྐྱ་འབངས་མི་འབོར་ཆེན་ཞིག་དང་ནོར་མང་པོ་ཁྲིད་ནས་དབུས་གཙང་དུ་གཙང་བ་བཀའ་བཅུ་པ་གདན་ཞུར་ཕེབས། དབུས་གཙང་དུ་བྱོན་དུས་གཙང་བ་རྗེ་དགེ་འདུན་གྲུབ་ཀྱི་མངའ་ཁོངས་སུ་བཞུགས་འདུག དེ་ནས་རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ལགས་ཀྱིས་གཙང་བ་བཀའ་བཅུ་པར་ཕྱིར་རང་ཡུལ་དུ་བཞུད་དེ་དགོན་བཏབ་ནས་བསྟན་པ་སྐྱོང་དགོས་ཚུལ་དང་དཔོན་པོ་བློ་བོར་རྟེན་གནང་ནས་སྒྲོལ་སྐུ་ཆེན་པོ་ཞིག་དང་གྲོང་སྡེ་དགོན་གྱི་གོང་དུ་དཔའ་མཁར་བརྩིགས་བཞེངས་བྱེད་དགོས་པ་མ་ཟད་སྡེ་མི་སེར་སྐྱ་ཡོངས་ཀྱིས་བསྐལ་བ་ཇི་སྲིད་བར་དུ་སྒྲོལ་མ་འདོན་དགོས་པའི་ལུང་བསྟན། རབ་གཟའ་ཆུ་བྱི་ཕྱི་ལོ་༡༤༣༢ལོར་གཙང་བ་བཀའ་བཅུ་པ་དང་དཔོན་པོ་བློ་བོ་སོགས་ཕྱིར་རང་ཡུལ་དུ་ཆིབས་ཞལ་བསྒྱུར། རབ་གཟའ་ཤིང་སྟག་ཕྱི་ལོ་༡༤༣༤ལོར་འབྲོ་འགག་ལྷ་སྡེ་གཉིས་ཀྱི་བར་དུ་འོམ་རྟིང་སྒང་ཞེས་ཡོད་པ་དེར་ཁོང་ཚང་གིས་དགོན་པ་ཕྱག་འདེབས་གནང་། དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ། གནས་འདི་སྔ་མོ་ནས་གནས་གལ་ཆེན་ཞིག་ཡིན་པར་གྲགས་ལ་སྐབས་དེའི་དགོན་ཤུལ་དེང་སྐབས་སུ་མཐོང་སྣེ་རུ་འདུག དཔོན་པོ་བློ་བོས་ཀྱང་ལུང་བསྟན་ལྟར་ཆོས་སྡེ་རུ་སྒྲོལ་སྐུ་དང་གྲོང་དགོན་གྱི་གོང་རོལ་ཏུ་དར་སྣེ་དཔའ་མཁར་དང་རྫོང་སྣེ་དཔའ་མཁར་གཉིས་བརྩིགས་བཞེངས་བྱས་པ་མ་ཟད་སྡེ་མི་ཀུན་གྱིས་སྒྲོལ་མ་འདོན་དགོས་པའི་བཀའ་བསྩལ་བས་དེང་གི་དུས་འདིར་ཡང་སྲོལ་འདི་རྒྱུན་ཆགས་སུ་གདའ། ཕྱིས་ཁོང་ཚང་གདན་སར་ཡུན་རིང་བཞུགས་ཐོག་འཆད་ཉན་རྒྱ་ཆེར་སྤེལ་བ་མ་ཟད། ཆོས་ཀྱི་ཆོ་ག་ཀུན་རིག་སྒྲུབ་མཆོད་དང་མི་འཁྲུགས་པའི་སྒྲུབ་མཆོད། བཅུ་པའི་ལྔ་མཆོད་སོགས་གཟབ་རྒྱས་སྤེལ། ཁོང་ཚང་སྐུ་སྔ་ཕྱིར་གཡུ་ཚ་ཐོག་ཐུའི་མཆོད་གནས་དམ་པ་རྗེ་བླ་མའི་སྐུ་ཚབ་དང་ལ་མོ་བདེ་ཆེན་གྱི་སྐུ་ཚབ་དུའང་བཞུགས་མྱོང་བའི་ངག་རྒྱུན་སྣང་། ཕྱི་ལོ་༡༤༦༤ལོར་དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་ཐིམ། །
        གཙང་བ་སྐུ་ཕྲེང་གཉིས་པ་གཙང་བ་རི་ཕུག་པ་བློ་བཟང་གྲགས་པ་རྒྱལ་མཚན་ཡིན་ལ། ཁོང་ནི་ཕྱི་ལོ་༡༤༦༦ལོར་ཡབ་མ་སྐྱ་སྡང་དང་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་འདི་ཚང་གཙང་བའི་ཡང་སྤྲུལ་ལ་ངོས་འཛིན་བྱས་ཐོག་དཔོན་པོ་བློ་བོ་སོགས་ཀྱིས་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གདན་སར་སྤྱན་དྲངས་མོད། ཁོང་ཚང་སྐུ་ཚེ་ཧྲིལ་བོར་སྒྲུབ་པ་ཉམས་ལེན་ཁོ་ནར་གཞོལ་བའི་རྣམ་འབྱོར་གྱི་བརྟུལ་ཞུགས་ལ་གནས་པ་ཞིག་ཡིན་ཞིང་། ཁོང་གིས་སྡེ་ལུང་འདིར་ཆུ་མེད་པར་གཟིགས་ནས་ཤར་ཕྱོགས་ཀྱི་སྲིབ་རྒན་རི་སྐེད་ནས་ཆུ་བོ་བཏོན་པ་མ་ཟད། ཆུ་བོ་བཞུར་རྒྱུན་མི་ཆད་པའི་སླད་ཆུ་མགོའི་ནང་ཀླུ་དབང་རྒྱལ་པོའི་བུམ་སྒྲུབ་དང་མཆོད་པ་འབུམ་ཐེར་གྱི་གདུལ་བྱ་ཟབ་མོ་བཙུགས་པས་དེང་སྐབས་སུའང་རྒྱུན་མི་ཆད་པར་བཞུར་རྒྱུན་ཡོད་ལ་ཆོ་གའང་སྒྲུབ་བཞིན་ལགས། དེའི་སྐབས་ནས་བཟུང་འབྲོ་འགག་ལྷ་སྡེ་གཉིས་སྡེ་གཅིག་ཏུ་བསྲེས་ནས་ཆུ་འགྲམ་དུ་ཕབ། རྗེ་འདི་ཚང་གིས་སྐུ་གོང་མ་གཤེགས་པའི་མྱ་ངན་གྱི་ཚུལ་དུ་རྒྱ་ལོ་སྨོན་ལམ་གྱི་ཆོ་ག་མང་པོ་གཏན་ཕབ་བྱས་པས་སྲོལ་འདི་དེང་དུའང་རྒྱུན་ཆགས་སུ་མཆིས། རབ་བུག་ཆུ་རྟ་ཕྱི་ལོ་༡༥༢༢དགུང་ལོ་ང་དྲུག་པར་གཤེགས། །
        བླ་ཕྲེང་གསུམ་པ་འབྲོ་ཨ་ལགས་ཚང་ནི་རབ་བུག་ཤིང་བྱ་ཕྱི་ལོ་༡༥༢༥ལོར་ཡབ་འབྲོ་སྐལ་བཟང་དང་ཡུམ་ཁྲོ་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་འདི་ཚང་ཀློང་རྡོལ་བླ་མའི་དངོས་སློབ་དང་ཧྲཱིཿཤྚི་དུང་ཕྱུར་གཅིག་དང་འབུམ་ཐེར་བཅོ་བརྒྱད་སོང་བའི་ནུས་ལྡན་ཞིག་ཡིན་ཞེས་མདོ་སྨད་ཆོས་འབྱུང་དུ་གསལ། ཕྱིས་སྡེ་དཔོན་བླ་མ་ཞེས་པ་དང་ཁོང་གཉིས་ཀྱི་ཐུགས་གྲོས་ལྟར་སྔོན་གྱི་དགོན་ནག་ནས་ཁྲུས་གཞོང་སྐེ་རུ་གནས་སྤོས་ཏེ་ངོས་གཙང་བཏབ། རབ་སོར་ས་གླང་ཕྱི་ལོ་༡༥༨༩ལོར་སྐུ་མྱ་ངན་ལས་འདས། །
        གཙང་བའི་བླ་རིམ་བཞི་པ་དཀོན་མཆོག་འཇིགས་བྱེད་རྒྱ་མཚོ་ཡིན་ལ། ཁོང་རབ་སོར་ཆུ་འབྲུག་ཕྱི་ལོ་༡༥༩༢ལོར་ཡབ་ཀུན་ཐུབ་འཇམ་དབྱངས་དང་ཡུམ་གཡུ་སྒྲོན་མཚོར་འཁྲུངས། ཀུན་ཐུབ་གནས་སྤོར་བྱས་ཏེ་དེང་སྐབས་སུ་མཚོ་ལྷོ་སྤྲེལ་རྫོང་ཁོག་ཏུ་འདུག སྐུ་འདི་ཚང་དགུང་ལོ་བཅུ་ལས་མ་བཞུགས་པར་རབ་སོར་ཆུ་སྟག་ལོར་མྱ་ངན་ལས་འདས། །
        སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པ་རབ་རྒྱས་ནི་རབ་སོར་ཤིང་སྦྲུལ་ཕྱི་ལོ་༡༦༠༥ལོར་ཡབ་མཛོ་ལུང་ཧ་ལོ་དང་ཡུམ་ཆོས་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་ཉིད་ཡང་སྤྲུལ་ལ་ངོས་འཛིན་གནང་ནས་དཔོན་པོ་པདྨ་དང་དགོན་པའི་འཐུས་གཙོ་སོགས་ཀྱིས་གདན་སར་སྤྱན་དྲངས་མོད་ཁོང་དགུང་ལོ་བཅུ་དགུའི་སྟེང་རབ་སོར་ཤིང་སྟག་ཕྱི་ལོ་༡༦༤༦ལོར་སྐུའི་བཀོད་པ་བསྡུས། ། 
        གཙང་བའི་བླ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་ཉི་མ་ཡིན་ལ། ཁོང་གཙང་བ་སྐུ་ཕྲེང་དང་པོའི་ཁྱིམ་རྒྱུད་ཀྱི་ཡབ་འབུམ་རྒྱལ་དགེ་བོ་དང་ཡུམ་དབང་མོ་འཚོ་གཉིས་ཀྱི་སྲས་སུ་རབ་སོར་མེ་སྦྲུལ་ཕྱི་ལོ་༡༦༡༧ལོར་འཁྲུངས། ཁོང་ཚང་ཡང་སྤྲུལ་ལ་ངོས་འཛིན་དང་ཁྲིར་མངའ་གསོལ་བྱས་ནས་གདན་སར་བཞུགས་ཐོག གདུལ་བྱ་མང་པོ་སྤེལ་ཆེད་དཔོན་པོ་པདྨ་དང་ཐུགས་གྲོས་སྟེང་སྐྱ་ཤུལ་ས་གནས་སུ་ཞིང་སྒར་བཏབ་པས་ཕྱིས་ཆོས་སྡེ་ནང་མགོན་པོ་གཏོར་སྒྲུབ་སོགས་ཀྱི་ཆོ་ག་རྒྱ་ཆེར་འཕེལ། སྐུ་འདི་ཚང་ཁྱད་འཕགས་ངོ་མཚར་ཅན་ཞིག་ཡིན་པའི་ངག་རྒྱུན་སྣང་། རབ་དྲག་མེ་འབྲུག་ཕྱི་ལོ་༡༦༧༦ལོར་སྐུ་གཤེགས། །
བླ་ཕྲེང་བདུན་པ་བློ་བཟང་བསྟན་པ་རྒྱ་མཚོ་ནི་རབ་དྲག་ས་ལུག་ཕྱི་ལོ་༡༦༧༩ལོར་ཡབ་ཆུ་ཤུལ་རབ་བསྟན་དང་ཡུམ་ལྷ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་འདི་ཡང་སྲིད་ལ་ངོས་འཛིན་བྱས་མོད། ཁྲིར་མངའ་གསོལ་མ་མཛད་སྔོན་གྲོང་སྡེའི་ནང་འཐབ་རྩོད་ཅུང་བྱུང་ནས་རེ་ཞིག་ལུས་པས་ཁོང་དགུང་ལོ་བཅུ་གསུམ་རབ་ཉི་ཆུ་སྤྲེལ་ཕྱི་ལོ་༡༦༩༢ལོར་འདས། དེ་རྗེས་ཆུ་ཤུལ་ཚོ་ཁག་གནས་སྤོས་ཏེ་ད་ལྟ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཨེར་ཏི་ཡུལ་ཚོའི་མངའ་ཁོངས་སུ་གདའ། །
བླ་ཕྲེང་བརྒྱད་པ་གཙང་བ་དགེ་འདུན་བསྟན་པ་རྒྱ་མཚོ་ཡིན་ལ། ཁོང་རབ་ཉི་ཤིང་ཕག་ཕྱི་ལོ་༡༦༩༥ལོར་ཡབ་འདབ་མ་རིན་ཆེན་བཀྲ་ཤིས་དང་ཡུམ་མཁའ་འགྲོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་ཁྲིར་མངའ་གསོལ་མཛད་ཅིང་གདན་སར་བཞུགས་ཐོག་སྡེ་དཔོན་རྣམ་རྒྱལ་དང་མཉམ་འབྲེལ་སྒོས་དགོན་ས་མཆོད་རྟེན་ཁུགས་ཞེས་པར་སྤོས་ནས་གསར་བཞེངས་ལེགས་བསྐྲུན་མཛད་པ་མ་ཟད་གདུལ་བྱའི་ཆོ་ག་དཔྱིས་ཕྱིན་བསྩལ། དགོན་ཤུལ་དེང་འདིར་ཡང་གནས་ལ། མིང་དུ་སྐྱེས་པའི་ནང་ཞེས་འབོད། རབ་ཉི་ལྕགས་ཁྱི་ཕྱི་ལོ་༡༧༣༠ལོར་སྐུ་འདས། །
        གཙང་བའི་བླ་ཕྲེང་དགུ་པ་ངག་དབང་མཁས་གྲུབ་རྒྱ་མཚོ་ཡིན་ལ། ཡབ་སྟོབས་ལྡན་དབང་ཕྱུག་དང་ཡུམ་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་རབ་ཉི་ཤིང་སྟག་ཕྱི་ལོ་༡༧༣༤ལོར་འཁྲུངས། སྐུ་འདི་ཚང་གིས་བླ་ཕྲེང་སྔོན་མ་དག་གིས་མཛད་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ཐོག དུས་དེར་བླ་ཕྲེང་གཉིས་པ་བློ་བཟང་གྲགས་པ་རྒྱ་མཚོས་བཏོན་པའི་ཆུ་བོ་ཅུང་ཞན་པར་གྱུར་པས་ཁོང་གིས་ཆུ་བོ་འདིའི་བཞུར་རྒྱུན་མི་ཆད་པ་དང་དམངས་ཀྱི་བདེ་སྡུག་ལ་གཟིགས་ནས་དཔོན་པོ་ཝུན་ཁྲང་དང་ཐུགས་གྲོས་སྟེང་ཆུ་མགོའི་ཀླད་ཐང་དུ་ཉིན་མང་པོར་དབྱར་གནས་སུ་བཞུགས་ཏེ་ཐུགས་སྒོམ་ཟབ་མོའི་ངང་སེམས་བསྐྱེད་མཆོད་པ་སོགས་གསུང་ནས་ཆུ་མགོའི་ནང་ཀླུའི་རྒྱལ་པོ་མ་དྲོས་པའི་རྡོ་སྐུ་ཞིག་དང་ཆུ་མགོའི་ཀླད་ཐང་དུ་སྨན་བླའི་རྡོ་སྐུ་ཞིག་བཞེངས་པ་མ་ཟད་ཡུལ་ཁྲུས་གནང་། ཁོང་གི་ཐུགས་སྨོན་ཟབ་མོ་དང་བྱིན་རླབས་འོག་དགོན་སྡེའི་སྐྱེ་འགྲོ་ཀུན་ལ་སྐྱིད་པའི་ཉི་མ་འཆར་བར་གྲགས། རབ་འདོད་མེ་རྟ་ཕྱི་ལོ་༡༧༨༦ལོར་ཁོང་དགུང་ལོ་ང་གཉིས་པར་སྐུ་མྱ་ངན་ལས་འདས། །
        གཙང་བ་སྐུ་ཕྲེང་བཅུ་པ་མཁའ་སྤྱོད་གྲུབ་པའི་དབང་ཕྱུག་སྦས་པའི་རྣལ་འབྱོར་བ་ཆེན་པོ་རྗེ་ངག་དབང་བློ་བཟང་བརྩོན་འགྲུས་ནི་རབ་འདོད་ལྕགས་ཕག་ཕྱི་ལོ་༡༧༩༡ལོར་མཚོ་སྔོན་པོའི་མདའ་བཞིའི་སྨྲ་སྐམ་ཚོ་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བཞིའི་སྟེང་ཡང་སྤྲུལ་ལ་ངོས་འཛིན་གནང་ཞིང་དགུང་ལོ་བདུན་གྱི་སྟེང་དཔོན་པོ་ཝུན་ཁྲང་དང་ཆོས་སྡེའི་འཐུས་གཙོ་སོགས་ཀྱིས་གདན་སར་སྤྱན་དྲངས་ཏེ་ཁྲི་ཁར་མངའ་གསོལ་མཛད་ཅིང་ཆོ་ག་གཟབ་རྒྱས་སྤེལ། དགུང་ལོ་བརྒྱད་པར་རབ་ཏུ་བྱུང་ཞིང་ཡོངས་འཛིན་དུ་མར་བསྟེན་ནས་དབང་ལུང་མན་ངག་སོགས་དང་མདོ་སྔགས་ཀྱི་ཟབ་ཆོས་མང་པོར་གསན་བསམ་རྒྱ་ཆེན་པོ་གནང་སྟེ་མཁས་པའི་གཙུག་ཏུ་འཕེལ། དགུང་ལོ་ང་ལྔའི་སྟེང་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་དང་ཁོང་གཉིས་ཀྱི་ཐུགས་གྲོས་གནང་བར་བསྟུན་དགོན་པ་དེང་གི་དགོན་གནས་འདིར་འདུ་ཁང་དང་བླ་བྲང། བྱམས་ཁང་བཅས་གསར་བཞེངས་བསམ་གྱིས་མི་ཁྱབ་པ་ཞིག་མཛད། སྐུ་གསུང་ཐུགས་རྟེན་དུའང་རྗེ་ཡབ་སྲས་གསུམ་དང་བླ་རིམ་དང་པོ་ནས་དགུ་པའི་བར་དྲན་རྟེན་དུ་སྐུ་གདུང་རྒྱ་ཆེ་ཞིང་ངོ་མཚར་ལྡན་པ་ཞིག་བཞེངས། ད་དུང་འདུ་ཁྲིམས་མང་པོ་གཏན་འབེབས་བྱས་ཤིང་ལྷ་མོའི་གཏོར་སྒྲུབ་སོགས་ཀྱི་གདུལ་བྱ་དཔྱིས་ཕྱིན་སྤེལ། དུས་དེར་དགོན་པའི་ཆོས་སྐྱོང་གཏན་ཕབ་མཛད་ནས་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་ཤམ་སྟེང་ཁོང་གི་གདོང་ཁྲག་གིས་ལྷ་མོ་ཞལ་ཐང་ཞིག་བཞེངས་པ་དེང་སྐབས་སུའང་མཇལ་རྒྱུ་འདུག ཞལ་ཐང་འདི་རེབ་གོང་དུ་ལྷ་བཟོ་མཁན་པོ་བསྙེན་རྟོགས་བརྩོན་འགྲུས་ཞེས་པ་ཚུལ་ཁྲིམས་དག་པ་ཞིག་གིས་བཞེངས་པར་གྲགས། ཁོང་ཚང་གིས་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་རྗེས་སུ་བཟུང་བའི་གྲུབ་དབང་སྒོ་དམར་བློ་བཟང་རྒྱ་མཚོ་བླ་མར་བསྟེན་པ་དང་། ༧རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོར་འཇིགས་བྱེད་འཕྲུལ་འཁོར་སོགས་མན་ངག་ཟབ་མོའི་སྐོར་མང་པོ་གནང་། བྱ་ཁྱུང་གི་ཁྲིར་ཡང་བཞུགས་མྱོང་བས་མཚན་གཞན་ལ་ཁྱོམ་ཚང་ཞབས་དྲུང་ཞེས་ཀྱང་གྲགས། རབ་ཚེས་ཆུ་སྤྲེལ་ཕྱི་ལོ་༡༨༧༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཁོང་གི་སྐུ་གདུང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་དུ་དེང་སྐབས་སུ་མཇལ་རྒྱུ་འདུག ། 
        གཙང་བའི་བླ་རབས་བཅུ་གཅིག་པ་རབ་ཚེས་ཤིང་ཕག་ཕྱི་ལོ་༡༨༧༥ལོར་འཁྲུངས་ནས་ཡང་སྤྲུལ་ལ་ངོས་འཛིན་བྱས་མོད་དགུང་ལོ་དགུ་ལས་མ་བཞུགས། །
བླ་རབས་བཅུ་གཉིས་པ་གཙང་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་རབ་ཚེས་ས་གླང་ཕྱི་ལོ་༡༨༨༩ལོར་མདའ་བཞིའི་ཀྱེ་སང་མཁའ་འགྲོ་སྐོར་དུ་འཁྲུངས། ཁོང་ཚང་དགུང་ལོ་བཅུ་གཅིག་སྟེང་གདན་སར་སྤྱན་དྲངས་ཏེ་ཁྲི་ཁར་མངའ་གསོལ་རྒྱ་ཆེར་མཛད། རབ་ཚེས་ཆུ་ཡོས་ཕྱི་ལོ་༡༩༠༣ལོར་སྐུའི་བཀོད་པ་བསྡུས། །
གཙང་བའི་བླ་རབས་བཅུ་གསུམ་པ་ངག་དབང་བྱམས་པ་རྒྱ་མཚོ་ནི་མདའ་བཞིའི་ཡབ་སྟོང་དཔོན་ཐུབ་མཆོག་དང་ཡུམ་གསེར་འོད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་ལ་མོ་བདེ་ཆེན་དགོན་གྱི་དཔོན་སློབ་དུ་བཞུགས་མྱོང་བའི་ངག་རྒྱུན་སྣང་ལ། དུས་རྒྱུན་ཚུལ་ཁྲིམས་རྣམ་དག་ལ་གནས་ཏེ་ཕེབས་བཞུད་མི་གནང་བར་རྟག་ཏུ་དགེ་སྦྱོང་མཛད་པ་ཞིག་ཡིན་སྐད། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་མྱ་ངན་ལས་འདས། །
        གཙང་བའི་བླ་རབས་བཅུ་བཞི་པ་ངག་དབང་ལུང་རྟོགས་རྒྱ་མཚོ་ཡིན་ལ། ཁོང་རབ་རྒྱལ་ཤིང་ཡོས་ཕྱི་ལོ་༡༩༧༥ལོར་ཡབ་བྱ་ཁོག་བན་ཏེ་དང་ཡུམ་སྒྲོལ་བྷ་གཉིས་ཀྱི་སྲས་སུ་མདའ་བཞིའི་བྱ་ཁོག་ཏུ་འཁྲུངས། རབ་རྒྱན་ཤིང་ཕོ་ཁྱི་ཕྱི་ལོ་༡༩༩༤ལོར་ལ་མོ་ཡོངས་འཛིན་རིན་པོ་ཆེས་ཡང་སྤྲུལ་དུ་ངོས་འཛིན་བྱས་ཤིང་། རབ་རྒྱན་མེ་བྱི་ཕྱི་ལོ་༡༩༩༦ལོའི་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་གདན་ས་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་ཁྲིར་མངའ་གསོལ་རྒྱ་ཆེར་སྤེལ་རྒྱུའི་སྟ་གོན་གྱི་དུས་སུ་གདའོ། །

  གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།