སེར་ཀྱཱའི་དགོན་བཀྲ་ཤིས་དགེ་འཕེལ་གླིང་།

    སྤེལ་དུས།  2016-03-22 12:47:20     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        27430954105380497.jpg

          ༄༅། ། ཤར་ལུང་ཡུལ་ཚོའི་མངའ་ཁོངས་ཡིན་ལ་སེར་ཀྱཱའི་གྲོང་ཚོ་དང་ཁད་ཉེ་བས་སེར་ཀྱཱའི་གྲྭ་ཚང་ཞེས་འབོད། གྲུབ་མཐའ་དགེ་ལུགས་པ་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན། དགོན་པ་འདི་ཐོག་མར་ལྷས་རི་ཞེས་བྱ་བའི་རི་ངོས་དེར་བཙུན་པ་འགའ་ཞིག་འདུས་ནས་མཚམས་ཁང་བརྩིགས་ཏེ་ཉམས་ལེན་བྱས་ནས་རིམ་གྱིས་ཆགས་པར་གྲགས། དེ་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ནག་རྒྱལ་པོས་གདན་འདྲེན་སྐབས་ཕེབས་ལམ་ནས་ཞབས་རྡུལ་གྱི་མེ་ཏོག་འཐོར་ཞིང་དགོན་པ་བཏབ་ཅེས་ཟེར། དེས་ན་དུས་ཚིགས་ནི་རབ་འདོད་ས་ཕག་སྟེ། ཕྱི་ལོ་༡༧༧༩ལོའི་ཡས་མས་ཞིག་ཡིན་ཚོད་རེད། སྔོན་ཆད་ཀྱི་གནས་དེར་ཆུ་མིག་གཉན་པོ་ཞིག་ཡོད་པས་གྲྭ་པ་རྣམས་ལ་མི་འདོད་པའི་ཉེར་འཚེ་བྱུང་སྟབས་རི་བོ་དུ་དཀར་ལའི་སྒང་ལ་གནས་སྤོས། གླང་ཚ་གྲྭ་ཚང་དང་མཉམ་འཚོགས་བྱེད་པའི་སྲོལ་ཞིག་ཀྱང་བྱུང་ཟེར། སྔར་གྲྭ་ཚང་འདིར་རྗེ་སྐུ་མི་ཚད་ཙམ་བྱིན་ཅན་ཞིག་ཡོད་པ་དུས་དེར་ཤང་བླ་མས་གནང་བ་ཡིན་ཟེར། དེའི་རྗེས་སུ་དགོན་པ་སེར་ཀྱཱ་གྲོང་ཚོའི་ཉེ་འདབས་སུ་གནས་སྤོས། སྔོན་གྱི་གནས་དེའི་མིང་ལ་རྭ་ཆག་སྒང་ཞེས་མིང་ཆགས། གནས་འདིའི་མིང་ལ་ད་ལྟ་གྲྭ་ཚང་རྙིང་བ་ཟེར། གོང་གི་གནས་སྤར་བའི་དུས་ཚིགས་འདི་དང་པཎ་ཆེན་ཐམས་ཅད་མཁྱེན་པ་ཕེབས་པའི་དུས་རབ་བྱུང་བཅུ་བཞི་པའི་སྟོད་ཙམ་ལ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཐུགས་བཀོད་གནང་སྟེ་རྒོད་ཚང་རི་བོའི་མདུན་ངོས་སུ་སྤོས། གཞི་གསུམ་གྱི་ཉམས་ལེན་དང་ཉིན་བཞིན་མཆོད་པ་སྟོང་རེ་ཆག་མེད། ཀུན་རིག་སྒྲུབ་མཆོད་སོགས་བཙུགས། འདུ་ཁང་ནི་བན་ཤུལ་ཁྱ་དགེ་ཚང་གིས་མཐུན་རྐྱེན་སྦྱར་ནས་བཞེངས་པར་གྲགས། གཞན་བཀའ་འགྱུར་ལྷ་ཁང་དང་དུས་གསུམ་སངས་རྒྱས་ལྷ་ཁང་། ལྷོག་ཀྱའི་མགོན་ཁང་དང་གྲྭ་ཤག་ཉེར་བརྒྱད་གྲྭ་པ་ལྔ་ཅུ་ཙམ་བཞུགས་ཤིང་སྐབས་དེ་ནི་དགོན་པ་ཧ་ཅང་དར་བའི་དུས་ཡིན། ཕྱིས་སུ་སེ་ཀྱ་ལྷ་རམས་པ་སྡེ་འདིར་ཡུན་རིང་བཞུགས་ཤིང་ཆོས་ཀྱི་བདུད་རྩིས་བསྐྱངས་པའི་བཀའ་དྲིན་གཞལ་དུ་མེད། དེའི་རྗེས་ཨ་ལགས་ངག་དབང་ཕུན་ཚོགས་ཚང་གིས་ར་རྒྱ་དགོན་པའི་ཕྱག་ལེན་ལྟར་རྟ་མགྲིན་ཡང་གསང་གི་ཆོ་ག་ཆ་ཚང་བཙུགས་ཤིང་། ལུགས་གཉིས་ཀྱི་ཐུགས་ཁུར་ཟླ་མེད་མཛད། དེ་ལས་གཞན་ཐར་ཤུལ་རིན་པོ་ཆེ་སྐུ་སྔ་ཕྱི། ཤིང་བཟའ་པཎྜི་ཏ་དགེ་ལེགས་དཔལ་བཟང་། ཨ་རིག་མོན་ཤུལ་བློ་བཟང་རྒྱ་མཚོ་སོགས་སྐྱེས་ཆེན་མང་པོ་སྡེ་འདིར་བཞུགས་ཏེ་དབང་ལུང་ཁྲིད་གསུམ་གནང་བ་མ་ཟད་རྟེན་བཞེངས་སོགས་དྲིན་གྱིས་བསྐྱངས། ཕྱིས་སུ་བྲག་ངོས་ནས་རྦབ་འགྲིལ་བས་འདུ་ཁང་སོགས་ལ་གནོད་སྐྱོན་ཐེངས་འགར་ཐེབས་པ་རྐྱེན་བྱས་དགོན་པའི་གྲྭ་རྒན་ཐུན་མོང་ཀྱིས། ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོར་དགོངས་བསྟུན་དང་། ཐར་ཤུལ་སྐུ་ཕྲེང་ལྔ་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་ལུང་བསྟན་པ་བཞིན་ད་ལྟའི་དགོན་གནས་བཀྲ་ཤིས་གཡང་ཆགས་ཟེར་བའི་སར་རབ་རྒྱལ་ཆུ་ལུག་ཕྱི་ལོ་༡༩༤༣ལོར་གནས་སྤོར། སྐབས་དེར་ཐར་ཤུལ་རིན་པོ་ཆེའི་ཐུགས་བཀོད་བཞིན་ཕྱག་མཛོད་བསྟན་འཛིན་རྒྱ་མཚོས་མཐུན་རྐྱེན་དང་བཟོ་བཀོད་ཐད་དུ་ཐུགས་ཁུར་གནང་ནས། གཅན་ཚ་སྣང་རའི་གྲོང་བརྒྱད་ཀྱིས་ཟ་མ་མཛོ་ཁལ་བརྒྱ་དང་ཤིང་ཆའི་མཐུན་རྐྱེན་སྦྱོར་དུ་བཅུག་ནས་རྟེན་དང་བརྟེན་པ་ཡོངས་རྫོགས་ལེགས་གྲུབ་བྱུང་། ཐར་ཤུལ་རིན་པོ་ཆེ་ཡིས་རབ་གནས་ཀྱི་ཆོ་ག་ཡང་རྒྱས་པར་མཛད། འདི་བའི་སྐུ་སྔ་ཕྱི་རྣམས་ཀྱིས་གྲྭ་ཚང་འདིར་ཆོས་དང་ཟང་ཟིང་གི་བདག་རྐྱེན་བསྩལ་བ་བརྗོད་ཀྱིས་མི་ལངས། དུས་དེར་སེར་ཀྱའི་ལྷ་རམས་པ་ལྷུན་གྲུབ་ཕེབས་ནས་དགེ་འདུན་པ་རྣམས་ལ་ལམ་རིམ་དང་རིག་གནས་སོགས་ཀྱི་འཆད་ཉན་བསྐྱངས། འདི་བའི་ཕྱག་ཡུལ་སེར་ཀྱའི་སྒང་ཐ་ཚོ་བ་ཡིན། སྔར་མེ་ལོང་དགོན་པ་དང་། གོང་བ་གྲྭ་ཚང་། སྡེ་འདི་བཅས་གསུམ་རྒྱ་ལོའི་སྨོན་ལམ་སྐབས་གོང་བ་གྲྭ་ཚང་དུ་འཚོག་རྒྱུའི་སྲོལ་ཞིག་ཀྱང་བྱུང་མྱོང་། ཆོས་ཐོག་གི་སྐོར་ལ་རྒྱ་ལོའི་སྨོན་ལམ། གཉིས་པའི་མཆོད་པ། བཞི་པའི་སྒྲུབ་མཆོད། དགུ་པའི་ཡ་མཱ་ར་ཛ་སྦྱིན་བསྲེག་དང་བཅས་པ། བཅུ་བར་མ་ཎི་བུམ་སྒྲུབ་དང་ལྔ་མཆོད། བོད་ལོའི་གཏོར་སྒྲུབ་དང་གཏོར་ཟློག་སྦྱིན་བསྲེག་དང་བཅས་པ། ཟླ་རེར་དུས་འབྲེལ་གསོ་སྦྱོང་བཅས་ཕྱག་ལེན་མ་ཉམས་པ་ཡོད། །
        སྡེ་འདིར་རྟེན་གྱི་གཙོ་བོ་ནི། དུས་གསུམ་སངས་རྒྱས་ཀྱི་ལི་སྐུ་བྱིན་ཅན། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་བྱིན་ཅན། རྒྱུ་ཙནྡན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བྱིན་རླབས་ཅན། ཀིརྟི་བསྟན་པ་རབ་རྒྱས་ཀྱི་ཕྱག་ཕུར། འདི་དག་གཙོས་གྱན་ཐང་སོགས་རྟེན་སྣ་བྱིན་ཅན་མང་པོ་དང་། མཆོད་ཆས་དང་མཆོད་རྫས་ཀྱི་རིགས་རྩ་ཆེན་མང་པོ་ཡོད། གཞན་དུས་གསུམ་སངས་རྒྱས་ལྷ་ཁང་རྟེན་དང་བརྟེན་པ་བཅས། ཐར་ཤུལ་སྒར་བ་དང་། ཨ་རིག་ཚང་གི་སྒར་བ། ཨ་ལགས་ཕུན་ཚོགས་ཚང་གི་སྒར་བ་རྣམས་དང་། བྱམས་ཁང་ཞིག་ཀྱང་ཡོད་ཟེར། གྲྭ་ཤག་སུམ་ཅུ་ལྷག་དང་། དགོན་གཞུང་ལ་ས་ཞིང་མུའུ་སུམ་ཅུ་ཙམ་དང་མ་དངུལ་འབྲུ་རིགས་རྒྱ་མ་ཁྲི་གསུམ་ཡོད་པ་རྣམས་ཆོས་ཐོག་སོ་སོའི་གཏོང་ཐེབས་སུ་བྱས་ནས་ཆོས་ཀྱི་བྱ་བས་དུས་འདའ་བའི་སྐབས་ཤིག་ན། ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཁྲོད་དུ་དགོན་གནས་སྟོང་ནས་བགྲང་བྱ་ཉི་ཤུ་ལྷག་འདས་སོ། ། ད་ལྟའི་གནས་ཚུལ་ནི། རབ་རྒྱལ་ལྕགས་བྱ་ཕྱི་ལོ་༡༩༨༡ལོར་གྲྭ་པ་རེ་གཉིས་ཀྱིས་བདག་གཉེར་གནང་འོག་རིམ་གྱིས་ཚོགས་ཁང་ཞིག་དང་གྲྭ་ཤག་འགའ་རེ་སླར་གསོ་བྱས། རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་གོང་ནས་ཆོས་སྒོ་འབྱེད་རྒྱུར་ཆོག་མཆན་ཡང་ཐོབ། ད་ལྷ་གྲྭ་ཤག་ཉེར་གཅིག་ལྷག་དང་གྲྭ་པ་ཆེ་ཆུང་སུམ་ཅུ་ལྷག་བཞུགས་པ་རྣམས་ཀྱིས་སྔོན་གྱི་ཕྱག་རྗེས་རྣམས་ཉམས་གསོ་བྱེད་མུར་ལགས་སོ། །

  གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།