གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 20:25:16     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། ཆོས་སྡེ་འདིའི་ཕྱོགས་དང་ཕྱོགས་མཚམས་སུ་ཁྲི་ཀའི་ས་ཆའི་འཇིགས་པ་སྲུང་བའི་རྟེན་བཞི་ཡོད་པ་ནི། ལྷོ་ནུབ་མཚམས་སུ་ཐུགས་རྗེ་ཆེན་པོ་རང་བྱོན་དུ་གྲགས་པའི་གདོང་སྣའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་བཞུགས། ནུབ་ཕྱོགས་སུ་དཔལ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་བོད་རྒྱལ་མངའ་བདག་ཁྲི་རལ་བ་ཅན་གྱི་དབུ་སྐྲ་ནང་རྟེན་དུ་བཞུགས་པའི་མི་ཉག་མཐོང་གྲོལ་མཆོད་རྟེན་བཞུགས། ནུབ་བྱང་མཚམས་སུ་འཇམ་མགོན་ས་པཎ་གྱི་ཐུགས་སྲས་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོ་རྒྱ་ནག་ཏུ་བསྐྱོད་སྐབས་མཚོ་སྔོན་དུ་ཕེབས་ནས་མི་ཉག་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས་དུས། ཧོར་གྱི་རྒྱལ་པོས་དད་གུས་ཀྱིས་མུ་ཏིག་དྲེལ་ཁལ་གཅིག་བསྐུར་བ་འབྱོར་བས་དེ་མ་གཞི་བྱས་ནས་ཇོ་ཁང་དང་། དུས་གསུམ་སངས་རྒྱས་དང་ཉེ་བའི་སྲས་བརྒྱད་ལེགས་པར་བཞེངས། དེ་ལ་ས་སྐྱ་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་རབ་གནས་མཛད་པའི་ཚེ་སངས་རྒྱས་སོ་ལྔ་སོགས་རྟེན་ལ་ཐིམ་པའི་གཟིགས་སྣང་བྱུང་། ཕྱིས་སུ་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མ་གཙོས་ཤཱཀྱ་ཐུབ་པ་ལ་གསེར་གྱི་དབུ་རྒྱན་ཕུལ་ཏེ་ལོངས་སྐུར་བསྒྱུར་བའི་ཁྲི་ཀའི་ཇོ་བོ་(ཇོ་ཇོ་ལྷ་ཁང)དེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གཉིས་པར་གྲགས་པ་བཞུགས། བྱང་ཤར་གྱི་མཚམས་སུ་རྨ་ཆུའི་གཡས་འགྲམ་གྱི་རྡོ་དཀར་པོ་ཆེན་པོ་ཞིག་ལ་སྐུ་གསུངས་ཐུགས་གསུམ་གྱི་ས་བོན་ཨོཾ་ཨཱ་ཧཱུཾ་གསུམ་རང་བྱོན། མཚན་མོར་འོད་ཟེར་འཕྲོ་བ་ཞིག་ཡོད་པ་དེ་ནང་རྟེན་དུ་བྱས་ནས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་ཆེན་པོ་ཞིག་ཡོད་པ་ད་ལྟ་ལྷ་དཀར་པོ་ཞེས་ཡོངས་སུ་གྲགས་པ་དེ་བཞུགས་ལ། འདིའི་ལོ་རྒྱུས་འགའ་ཞིག་ཏུ་བྱམས་སྐུ་རང་བྱོན་དུ་ཡོད་པར་གསུངས་པ་དང་། ཡང་ཞིག་གསོ་བྱེད་པའི་ཚེ་ཡིག་འབྲུ་གསུམ་ལས་གཉིས་གསལ་ལ་མི་གསལ་བ་འདུག་ཅེས་ཡུལ་མི་རྣམས་ཀྱིས་གླེང་། ཇོ་ཇོ་ལྷ་ཁང་དང་ལྷ་དཀར་པོ་གཉིས་ལ་ཆོས་སྡེ་འདིས་འཛིན་བདག་མཛད་པ་ཡིན་ནོ། ། 
        འདེབས་པ་པོའི་རྣམ་ཐར་ཅུང་ཙམ་བརྗོད་པ་ལ། ཆོས་འབྱུང་དུ། ཇོ་ཇོའི་ལྷ་ཁང་གི་ཉེ་སར་ཡོད་པའི་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་ནི་གོང་དགེ་བཀའ་བཅུ་བས་བཏབ་ཅེས་གསུངས་པ་ལྟར། གོང་དགེ་བཀའ་བཅུ་པ་ནི་ཁྲི་ཀ་གོང་བ་ནས་འཁྲུངས་ཤིང་ཆེར་སྐྱེས་ནས་དབུས་སུ་ཕེབས་ཏེ་སློབ་གཉེར་ལ་སྦྱངས་བརྩོན་དཔྱིས་ཕྱིན་པ་མཛད་ནས་བཀའ་པོད་ལྔའི་མཚོན་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོགས་པ་མེད་པའི་དགེ་བའི་བཤེས་གཉེན་གྱི་ཐོབ་ཐང་བྱུང་། སྐལ་ལྡན་ཆོས་འབྱུང་ལས། གོང་དགེ་དཀར་པོ་ལ་ཞབས་ཏོག་མཛད་གསུངས་པ་དང་། སྡེ་བ་ཆོས་རྗེ་རྣམ་ཐར་དུའང་། ཁྲི་ཀ་ནས་གོང་བ་རབ་འབྱམས་པ་བསོད་ནམས་ལྷུན་གྲུབ་དཔོན་གཡོག ཨ་མཚོ་རབ་འབྱམས་པ་དཔོན་གཡོག དབུས་གཙང་ནས་བྱོན་པའི་མཁས་པ་ཆེན་པོ་དོན་གྲུབ་རྒྱ་མཚོ་སོགས་ཀྱིས་བཀའ་ཆོས་ཞུས་གསུངས་པ་དང་། བྲག་དཀར་སྔགས་རམས་པའི་རྣམ་ཐར་ནང་དུའང་། གོང་བའི་སྐུ་སྐྱེ་ཧུ་ཐོག་ཐུ་བ་ཐུར་ཐེའི་ཇི་སོགས་ཀྱིས་བླ་མར་བཀུར་ཚུལ་སྣང་ཞེས་གསུངས་པ་ལ་དཔགས་ན་སྐབས་དེར་མཚན་སྙན་རྒྱས་ཤིང་འཕྲིན་ལས་དར་བ་ཞིག་ཡིན་སྙམ། ཁོང་བསྟན་འགྲོའི་དོན་དུ་དབུས་ནས་ཕྱིར་ཕེབས་ཏེ་ཆོས་བཀའ་རྒྱ་ཆེན་གནང་ཞིང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དེའི་སྐབས་ཁྲི་ཀ་འདིར་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་སྐྱོང་བའི་དགོན་སྡེ་ཅུང་ཙམ་ལས་མེད་པས། ས་འདིར་འཁོད་པའི་གོང་བའི་ནང་སོ་གཙོས་མཆོག་དམན་དད་ལྡན་དུ་མས་མགྲིན་གཅིག་གིས་འདས་གསོན་ཀུན་གྱི་སྐྱབས་གནས་ཆོས་ཀྱི་སྡེ་ཞིག་མྱུར་དུ་འདེབས་དགོས་ཚུལ་དང་མཐུན་རྐྱེན་མཐའ་དག་ཁོ་ཚོས་སྒྲུབ་ཅེས་ཡང་ཡང་གསོལ་བ་བཞིན། འགྲོ་བའི་ནད་བརྒྱ་སེལ་བའི་སྨན་གཅིག་པུ་རྒྱལ་བསྟན་རིན་པོ་ཆེ་འཛིན་པར་བྱེད་པའི་དགེ་འདུན་གྱི་སྡེ་འདི་ཉིད་ཕྱག་འདེབས་གནང་སྟེ་མཚན་ལ་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་ཞེས་གསོལ་ཞིང་། དགོན་སྡེ་འདི་རབ་གཟའི་སྨད་ཙམ་ལ་བཏབ་པ་ནས་ད་བར་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་པས་གྲགས་པ་ཧ་ཅང་ཆེ། ཐོག་མར་དགེ་འདུན་འདུ་ཁང་གཅིག་དང་གྲྭ་ཤག་ཁ་ཤས་བཞེངས་པ་དང་། སྨད་པ་དང་གཤོང་སྤ་སྡེ་བ་གཉིས་ནས་གྲྭ་པ་ཞེ་བདུན་འདུས། སྐབས་དེར་གྲྭ་པ་མང་ཤས་གྲོང་བའི་ནང་དུ་བསྡད་ཡོད་ལ་དགོན་པར་ཆོས་ཐོག་ཡོད་དུས་དགོན་པའི་ཆོས་ཐོག་ཏུ་ཞུགས་པ་དང་། ཆོས་ཐོག་མེད་དུས་ཕྱིར་གྲོང་སར་སོང་ནས་སོ་ནམ་གྱི་ལས་གང་ལྕོགས་བྱེད། སྲོལ་འདི་ཧ་ལམ་ལོ་ཉིས་བརྒྱ་ལྷག་ལ་རྒྱུན་བསྲིངས་ཞེས་གྲགས། གོང་བའི་སྐུ་ཕྲེང་ཞིག་གིས་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་བྲག་དཀར་སྔགས་རམས་པ་རྗེ་བསྟན་པ་རབ་རྒྱས་མཆོག་གོང་བ་གྲྭ་ཚང་ལ་གདན་དྲངས་ནས། རྒྱ་གར་ནས་སྤྱན་དྲངས་པའི་ལི་སྐུ་མང་པོར་གཟུངས་གཞུག་འབུལ་བ་དང་མཇུག་ཏུ་རབ་གནས་ཀྱི་ཆོ་གས་བྱིན་ཕབས། སྐབས་འདིར་གོང་བའི་མཆོག་སྤྲུལ་རིན་པོ་ཆེ་གཙོ་བྱས་དད་ལྡན་སེར་སྐྱ་མཆོག་དམན་དུ་མས་རྗེ་ཉིད་ཟབ་རྒྱས་དབང་ལུང་མན་ངག་གི་གྲུ་ཆར་ཟད་མེད་དུ་འཇོ་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་བས་ཆོས་སྡེ་འདིར་གཏན་བཞུགས་གནང་དགོས་པར་ཞུས་ཀྱང་ཞལ་བཞེས་མ་གནང་བས། གོང་བའི་མཆོག་སྤྲུལ་ཚང་གཙོ་བྱས་ས་འདིའི་དད་ལྡན་རྣམས་ཀྱིས་བདག་གཉེར་བྱས་ཏེ་དམ་པ་གང་གི་ཐུགས་དགོངས་བཞིན་སྲིན་པོ་རྫ་སྐེད་དུ་མེ་ལོང་རི་ཁྲོད་བཏབ་ཏེ་འདོད་ཆུང་ཆོག་ཤེས་ལ་གནས་ནས་ཚེ་དང་སྒྲུབ་པ་སྙོམ་བཞིན་བཀའ་གདམས་གོང་མའི་རྣམ་ཐར་ལྷུར་བཞེས་མཛད་དེ། གནས་དེར་བཞུགས་པ་སོགས་ཁོང་གི་གསུང་འབུམ་ལས་གསལ། ཆོས་འབྱུང་ལས་མཁས་ཤིང་གྲུབ་པ་བརྙེས་པའི་གོང་དགེ་བཀའ་བཅུ་པ་མཆོག་སྐུ་ཕྲེང་གསུམ་བྱོན་ནས་གདུལ་བྱའི་མཇུག་རྫོགས་ཏེ་ཞིང་ཁམས་སུ་གཤེགས་གསུངས་པ་ལྟར། བར་སྐབས་ཤིག་ལ་ཆོས་སྡེ་འདིར་མགོན་སྐྱབས་བྱེད་མཁན་སུ་ཡང་མེད་པར་གྱུར་པའི་སྣང་ཚུལ་བྱུང་བའི་རྒྱུ་མཚན་འོག་ཏུ་འགོད་པར་བྱའོ། ། སྡེ་འདིར་བདག་འཛིན་མཛད་མཁན་མཚན་སྒྲོགས་མཁན་ཆེན་བཞིའི་རྣམ་ཐར་མདོར་བསྡུས་ཏེ་འགོད་པ། དེ་ཡང་ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུ་འཇམ་མགོན་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་བོ་རྗེ་མཚན་སྒྲོགས་དགེ་འདུན་དོན་གྲུབ་ནི། རབ་དྲག་ས་སྦྲེལ་ཕྱི་ལོ་༡༦༦༨ལོར་ཁྲི་ཀ་གོང་བར་འཁྲུངས། གཞོན་དུས་ནས་སྔོན་གོམས་དགེ་བའི་བག་ཆགས་སད་དེ་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཆིབས་ཁ་བསྒྱུར་ཏེ་འབྲས་སྤུངས་སྒོ་མངས་གྲྭ་ཚང་དུ་སློབ་གཉེར་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པ། སྒོ་མངས་བྱ་བྲལ་བློ་བཟང་རིན་ཆེན། བྲག་དཀར་སྔགས་རམས་པ་སོགས་མཁས་པའི་དབང་བོ་དུ་མ་བླ་མར་བརྟེན། ཀུན་མཁྱེན་བླ་མའི་ཡིག་ཆ་གཞིར་བཞག་གི་སྟེང་ནས། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་གཞུང་གི་དཀའ་གནད་ལ་ལུང་རིགས་དྲི་མ་མེད་པས་ཞིབ་དཔྱད་དང་གོ་དོན་འཚོལ་བ་གཙོ་བོར་བྱས་ནས་དཀའ་སྤྱད་སྡུག་རུས་ཀྱིས་གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ཏེ་རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་མཁས་པའི་རྩེ་མོར་སོན་དེ་དགུང་ལོ་ཉེར་བདུན་སྟེང་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དེ་ནས་ཕོ་བྲང་ཆེན་མོ་པོ་ཏ་ལའི་མགྲོན་གཉེར་ལོ་ཙཱ་བ་དང་དགུང་ལོ་ཉེར་བརྒྱད་པར་འདུལ་བའི་བླ་མར་བསྐོས། རྒྱ་ནག་ལ་ལན་གཉིས་ཕེབས། མཚན་སྒྲོགས་མཁན་པོའི་འགན་བཞེས། ཁོང་དབུས་ནས་ཕྱིར་རང་ཡུལ་དུ་ཕེབས་ཁར། རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་ལ་སྐུ་འབུམ་ཆོས་གྲྭའི་འཆད་ཉན་འཕེལ་བའི་ཆེད་དུ་ཐུགས་བརྟག་ཞུ་དོན་བཞིན་སྐུ་འབུམ་དུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གཞི་ནས་གསར་དུ་བཞེངས། འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་སྙན་ཁྱད་འཕགས་ཅན་ལྟ་བས་ཆོག་མི་ཤེས་པ་ཞིག་བཞེངས་ནས་ཁོང་རིན་པོ་ཆེ་གཙོས་དགེ་འདུན་དུ་མས་རབ་གནས་རྒྱས་པའི་བྱིན་རླབས་ཕབ་པ་དེང་སང་འཇམ་དབྱངས་ཀུན་གཟིགས་སུ་གྲགས་པ་ཡིན། དགུང་ལོ་རེ་བདུན་བཞེས་པ་རབ་ཉི་ཤིང་སྟག་ཕྱི་ལོ་༡༧༢༧ལོར་སྐུ་འབུམ་གྱི་ཁྲི་ཆེན་ཉེར་བཞི་བར་བཞུགས། ཕོ་ལྷ་བསོད་ནམས་སྟོབས་རྒྱས་དང་ཕན་ཚུན་ཐུགས་འདྲིས་ཆེ་སྟབས། དད་ལྡན་ཨེར་ཁེ་ཇུང་ཝང་ལྷ་ལྡན་དུ་མངགས་ཏེ་སྙན་སྒྲོག་ཞུས་པ་བཞིན། བསོད་ནམས་སྟོབས་རྒྱས་ཀྱིས་གུས་འདུད་ལྷུར་ལེན་གྱིས་དངུལ་སྲང་ཉིས་ཁྲི་བདུན་སྟོང་བརྒལ་བའི་སྦྱིན་བདག་མཛད་དེ་ལྷ་ལུང་བཙེ་བ་སོགས་ཀྱིས་གསེར་ཟངས་བཟོས། དྲུག་པའི་ཚེས་ལ་དོ་དམ་གྱི་ཁུར་ལེན་གཙོ་བོ་བོད་པ་མཁར་ཚོ་བ་དང་། བཟོ་མགར་རབ་བརྟན་དང་ཤར་བ་རྟ་མགྲིན་ཚེ་དབང་སོགས་ལམ་དུ་ཆས་ཏེ་ཟླ་དགུ་པའི་ཚེས་ལ་ཉེ་ཞོ་མེད་པར་འདིར་འབྱོར་འཕྲལ་བཟོ་གྲྭ་ཙུགས་ནས། གསེར་སྡོང་ཆེན་མོའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས། གན་ཇི་རའི་ཏོག་གི་ནང་དུ་ཤཱཀྱའི་རྒྱལ་བའི་འཕེལ་གདུང་སོགས་བྱིན་རྟེན། ནོར་བུ་འབར་བ་ཆ་གཅིག་གི་ནང་དུ་རྒྱ་བོད་ཀྱི་གཏེར་རྫས་སྣ་ཚོགས་ཀྱིས་དཀྲིག གྲུ་ཟུར་གྱི་མགོ་རྒྱན་དང་བཅས་པ་བློ་ངན་ལྕགས་བྱི་ལོའི་ཟླ་དང་པོའི་ཚེས་ལ་ལེགས་པར་གྲུབ། ཁྱབ་བདག་འཁོར་ལོའི་མགོན་པོ་གང་གིས་དབུ་མཛད། རྒྱུད་པ་མཁན་པོ། དཀར་པོ་ཆོས་རྗེ་སོགས་དགེ་འདུན་ལྔ་བཅུས་ཟླ་དེའི་ཚེས་བཅུ་བདུན་ནས་རབ་གནས་ཀྱི་ཆོ་ག་རྒྱས་པས་དགའ་སྟོན་གྱི་ཡོ་ལང་བསམ་གྱིས་མི་ཁྱབ་པ་བྱས་པར་གྲགས། གསུང་ཆོས་ཕྱོགས་ནས་སྔ་ཕྱིར་རྡོ་རྗེ་ཕྲེང་བ་ཚར་གསུམ། མི་ཊཱ་ཚར་གཉིས། དུས་འཁོར་དབང་ཆེན། རྗེ་གསུང་འབུམ་གྱི་ལུང་སོགས་བཀའ་ཆོས་ཚད་མེད་གནང་། སྐུ་ཚེ་གང་བོར་ཐོས་བསམ་སྒོམ་པ་དང་བྱ་བ་ལས་ཀྱི་འཁོར་ལོ་སོགས་ཆོས་སྲིད་གང་ཐད་ནས་བསྟན་པ་ལ་མཛད་རྗེས་ཆེ་ཞིང་ལྷག་པར་གོང་བ་གྲྭ་ཚང་གི་བསྟན་པའི་བདག་པོར་གྱུར་པའི་སྡེ་འདིའི་འདུལ་ཁྲིམས་ལ་དག་ཐེར་གནང་ནས་འདུལ་ཁྲིམས་ཇེ་དམ་དང་དགོན་པ་ཁྲིམས་གཙང་དུ་བསྒྱུར་ནས་འདུ་ཁང་གསར་བཞེངས་དང་རྟེན་དང་བརྟེན་པ་མང་པོ་བཞེངས་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ། ། 
        མཚན་སྒྲོགས་སྐུ་ཕྲེང་གཉིས་པ་བློ་བཟང་བཀྲ་ཤིས་ཉི་མ་ནི། རབ་འདོད་ལྕགས་ཕག་ཕྱི་ལོ་༡༧༩༡ལོ་རོང་ཕྱོགས་རྒན་ཇ་ནས་ངང་རོང་བླ་མའི་ཚ་བོར་འཁྲུངས། ངང་རོང་ཚང་ནས་དགེ་བསྙེན་དང་བར་མ་རབ་བྱུང་ཕུལ། ཕྱིས་སུ་གསེར་ཁང་རྡོ་རྗེ་འཆང་གི་དྲུང་དུ་དགེ་ཚུལ་དང་ཡོངས་རྫོགས་སྡོམ་པ་བཞེས། ཡབ་རྗེ་གསེར་ཁང་བ་ཐམས་ཅད་མཁྱེན་པ། མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ། གསེར་ཏོག་མཁན་ཆེན་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་པད་སྤྱི་བོར་བསྟེན་ནས་མདོ་སྔགས་ཀྱི་བཀའ་དགོངས་འབྲེལ་དང་བཅས་པའི་ཁྲིད་བཤད་ལུང་དང་བཀླག་ལུང་སོགས་ཀྱི་དབང་གི་ཆོས་རྒྱུན་མཐའ་ཡས་པ་གསན་ཏེ་ཡོན་ཏན་རྒྱ་མཚོའི་གཏེར་དུ་གྱུར་ཏེ་སྐུ་འབུམ་རྒྱུད་པའི་ཁྲི་བ་དང། སྒོ་མེ་མཆོད་རྟེན་སྐེའི་ཁྲི་བར་བཞུགས། དགུང་ལོ་ཞེ་གསུམ་བཞེས་པའི་ཚེ་སྐུ་འབུམ་བྱམས་པ་གླིང་གི་མཁན་རབས་ཁྲི་ཆེན་ང་གཉིས་པར་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་ལ་ཆོས་སྲིད་གཉིས་མིག་འབྲས་བཞིན་དུ་བསྐྱངས། རང་དགོན་གོང་བ་གྲྭ་ཚང་ཡང་རྒྱུན་དུ་འགྲིག་ལམ་ལ་དག་ཐེར་གནང་ནས་ཐུགས་ཀྱིས་བསྐྱངས། རབ་ཡིད་ཤིང་སྦྲུལ་ལོར་ཀུན་གྱི་གནོད་པ་བསྲུང་ཕྱིར་དགོན་པའི་མཐའ་སྐོར་དུ་ལྕགས་རི་གསར་བསྐྲུན་དང་དགོན་པ་ཞིག་གསོ་མཛད། རྟེན་དང་བརྟེན་པ་མང་པོ་བཞེངས། ཕྱོགས་འདིའི་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩི་ཆད་མེད་དུ་ཕབ་ནས། དད་ལྡན་སེར་སྐྱ་མཆོག་དམན་གྱི་རེ་བ་ཡིད་བཞིན་དུ་བསྐངས་པས། སྨད་པ་དང་གཤོང་སྤ་གཙོས་ས་འདིའི་སྐྱེ་འགྲོ་ཡོངས་ཀྱི་འདི་ཕྱིའི་རེ་ལྟོས་འཆའ་བའི་གཙུག་གི་ནོར་བུ་ཁོ་ནར་གྱུར། དགུང་ལོ་ང་ལྔ་བཞེས་པའི་ཤིང་སྤྲུལ་ལོར་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། ། 
        མཚན་སྒྲོགས་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མ་ནི། རབ་ཡིད་མེ་ལུག་ཕྱི་ལོ་༡༨༤༧ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་ཁྲི་ཀར། ཡབ་བློ་བཟང་དང་ཡུམ་དཔལ་མོ་རྒྱལ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དང་བཅས་སྐུ་བལྟམས། སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གི་བཀའ་ལུང་ལས་ངོས་འཛིན་གནང་སྟེ། རང་དགོན་གོང་བ་གྲྭ་ཚང་དུ་གསོལ་སྟོན་རྒྱ་ཆེར་བཤམས་ནས་གདན་སར་བཀོད། དགུང་ལོ་བདུན་བཞེས་སྐབས་སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་། ཕྱིས་སུ་ཡོངས་རྫོགས་དགེ་སློང་གི་སྡོམ་པ་བཞེས་ཏེ་དགག་སྒྲུབ་གནང་བ་བཅས་མཚམས་ཕྲ་རགས་མཐའ་དག་གཅེས་སུ་བསྲུངས། དགུང་ལོ་བཅུ་གཅིག་བཞེས་པའི་མེ་སྦྲུལ་ལོའི་ཧོར་ཟླ་བཅུ་གཅིག་པའི་དགུན་ཆོས་ཆེན་མོའི་སྐབས་སྐུ་འབུམ་མཚན་ཉིད་གྲྭ་ཚང་དུ་ཞུགས་ཏེ། ཡོངས་འཛིན་དུ་ཆུ་དཀར་ཐང་སྨོན་ལམ་རབ་འབྱམས་པ་བློ་བཟང་རིན་ཆེན་བརྟེན་ནས་འདོན་ཆོས་སྤྱོད་དང་། བཀའ་པོད་ལྔའི་རྩ་བ། གཞུང་ཐལ་འཕྲེང་ཟུར་བཀོད་རྣམས་བློ་འཛིན་དང་སྐྱོར་སྦྱངས། དཔེ་ཁྲིད་བགྲོ་གླེང་སོགས་དཔྱིས་ཕྱིན་པར་བྱས་ནས་དཀའ་བའི་གནས་ལ་སྒྲོ་འདོགས་བཅད་དེ་ཐོས་བསམ་རྒྱ་མཚོའི་ཕ་རོལ་ཏུ་སོན། ཁྱད་པར་དུ་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་། གྲུབ་དབང་རྡོ་རྗེ་འཆང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་། ཡབ་རྗེ་ཞྭ་དམར་རྡོ་རྗེ་འཆང་། རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་རྣམས་ལས་དབང་རྗེས་གནང་གི་མན་ངག་ཟབ་གསལ་གསང་བའི་གདམས་པ། མ་ཅིག་མཁའ་འགྲོའི་སྙིང་བཅུད་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་རྒྱུད་དོན་གསང་བའི་དེ་ཉིད་རྟོགས་པའི་མཁས་ཤིང་གྲུབ་པའི་རྣམ་འབྱོར་བ་ཆེན་པོར་གྱུར། དེ་ལྟར་ཡོན་ཏན་རྒྱ་མཚོའི་གཏེར་དུ་གྱུར་ཏེ་དགུང་ལོ་སོ་བཞི་ལྕགས་འབྲུག་ལོར་སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲིར་བཞུགས་ནས་ཆོས་སྲིད་ཀྱི་ཕྱག་ལེན་གང་ཡོད་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་ཚད་མེད་པས་བསྐྱངས། ལྷག་པར་དམ་པ་འདི་ཉིད་ཀྱིས་འདུ་ཁང་དང་སྐུ་གསུང་ཐུགས་རྟེན། ལྡེབས་བྲིས། གྱན་ཐང་སོགས་གསར་དུ་བཞེངས་ནས་ཡོངས་རྫོགས་གྲུབ་པར་བགྱིས་ཏེ་མགོན་པོ་གང་གཙོས་དགེ་འདུན་དུ་མས་རབ་གནས་རྒྱས་པས་བྱིན་རླབས་ཕབ། ཉིད་ཀྱིས་གདན་ས་གོང་བ་གྲྭ་ཚང་ཡང་ཆོས་སྲིད་གཉིས་ཀའི་ཕྱོགས་གཡེལ་བ་མེད་པར་བསྐྱངས་པའི་བཀའ་དྲིན་མཛད། དགུང་ལོ་སོ་བདུན་བཞེས་པ་ཆུ་ལུག་ལོར་སྒོ་མེའི་མཆོད་རྟེན་སྐེའི་ཁྲིར་བཞུགས་ཏེ་འཆད་ཉན་ཡར་རྒྱས་དང་འབྱོར་བ་གོང་འཕེལ་དུ་བཏང་། དགུང་ལོ་བཞི་བཅུ་པ་མེ་ཁྱི་ལོར་སྐུ་འབུམ་གྱི་ཁྲི་ཆེན་བདུན་ཅུ་བར་བཞུགས། སྐབས་དེར་ཚོགས་ཆེན་ལ་བསྙེན་བཀུར་གཟབ་རྒྱས་དང་། བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར་ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ་སྒོ་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། མཐར་ཀུན་ཀྱང་བསྟན་པ་རྒྱས་པའི་རྒྱུ་ཁོ་ནར་བསྔོ་བའི་འཇམ་མགོན་ཆོས་ཀྱི་རྒྱལ་བོའི་རྣམ་ཐར་ཇི་ལྟ་བུ་བཞིན་དུ་གྱུར་པ་ལ། འཇམ་དབྱངས་བསྟན་པའི་སྒྲོན་མེས། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། ། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། ། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། ། བློ་བཟང་རྒྱལ་བའི་བསྟན་པ་རྒྱས་ཞེས་གསུངས་པ་ལྟར་ཡིན། མེ་སྦྲུལ་ཕྱི་ལོ་༡༨༡༧ལོའི་ཟླ་གསུམ་པའི་ཚེས་ཉི་ཤུའི་སྔ་དྲོ་ལ་སྐུ་འབུམ་ནས་ཁོང་ཞལ་ཁྲི་ཀའི་ཕྱོགས་སུ་འཁོར་ནས་བཞུགས་ཏེ་ངོ་མཚར་བའི་ལྟས་དང་བཅས་གཤེགས། ། 
        མཚན་སྒྲོགས་སྐུ་ཕྲེང་བཞི་པ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་ནི། སྐུ་གོང་མའི་འཁྲུངས་ཡུལ་ཁྲི་ཀ་གསེར་མོ་ལྗོངས་ཀྱི་སའི་ཆ། རྨ་ཀླུང་དལ་གྱིས་འབབས་པའི་གཡས་འགྲམ་གཤོང་སྤ་སྡེ་བ་ནས་ཡབ་དགེ་བོ་དང་ཡུམ་ཚེ་མ་སྐྱིད་གཉིས་ཀྱིས་སྲས་སུ་རབ་ཚེས་ས་རྟ་ལོར་སྐུ་འཁྲུངས། སྐབས་དེར་རིགས་བརྒྱའི་ཁྱབ་བདག་ཤིང་བཟའ་པཎྜི་ཏ། བློ་བཟང་ཚུལ་ཁྲིམས་བསྟན་པའི་དབང་ཕྱུག ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོ་མཆོག་ལ། གོང་བ་གྲྭ་ཚང་གི་གྲྭ་རྒན་ལས་སྣེ་རྣམས་ཀྱིས་བདག་ཅག་ཡོངས་ལ་མགོན་བྲལ་སྡུག་བསྔལ་གྱི་མུན་པ་སེལ་ཕྱིར་སྐུ་མཆོག་རྟ་བདུན་དབང་བོར་མྱུར་དུ་མཇལ་བའི་ཕུར་ཚུགས་གསོལ་འདེབས་ཡང་ཡང་བྱས་པ་ལ་བསྟེན་ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་། དགུང་ལོ་བདུན་བཞེས་པ་ན། གོང་བ་གྲྭ་ཚང་དུ་གསོལ་སྟོན་རྒྱ་ཆེར་བཤམས་ནས་གདན་སར་བཀོད། ཐར་ཤུལ་རྡོ་རྗེ་འཆང་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། བཤེས་གཉེན་ཆེན་པོ་འཕྲིན་ལས་ལས་ཀློག་བསླབས། དགུང་ལོ་བཅུ་གསུམ་སྟེང་སྐུ་འབུམ་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ཤིང་། འཇམ་དབྱངས་མི་ཡི་རྣམ་རོལ་དན་ཏིག་ལྷ་རམས་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་ཀུན་ལ་སྦྱང་བརྩོན་རྒྱ་ཆེར་མཛད། མགོན་པོ་གང་གི་གདུལ་བྱར་གཏོགས་པའི་སྐྱེ་འགྲོ་མཆོག་དམན་དུ་མར་གསུང་གི་བདུད་རྩིའི་ཟེགས་མ་འབུམ་དུ་སྤྲོས་ཏེ་སྐལ་བཟང་ར་ཡིག་གཉིས་པའི་གསོས་སྨན་དམ་པར་གྱུར། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༤༦ལོའི་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལ་བཞུགས། ལོ་གཉིས་ཀྱི་རིང་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྐྱངས་པ་ནི་སྐུ་གོང་མ་གསུམ་གྱི་རྣམ་ཐར་དང་མཚུངས། སྐབས་འདིར་གངས་ལྗོངས་འགྲོ་བའི་སྐྱབས་གཅིག་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་སྐུ་ཕྲེང་བཅུ་པ་ཆེན་པོ་རིགས་ཀྱི་ཅོད་པཎ། རྗེ་བླ་བྲང་ཨ་ལགས་རྡོ་རྗེ་འཆང་ནས། ༧གོང་ས་༧སྐྱབས་མགོན་མཆོག་གཙོས་འདུས་སྡེ་ཡོངས་ལ་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྩལ་སྐབས། བཀའ་དྲིན་གཏང་རག་གི་ཡོན་དུ་མཁན་པོ་ལས་ཐོག་པ་མཚན་སྒྲོགས་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་ནས་དོན་ཟབ་ལ་ཚིག་སྦྱོར་ལེགས་པའི་མན་བཤད་ཕུལ། དགུང་ལོ་སོ་གཅིག་སྟེང་ཕྱིར་རང་དགོན་དུ་ཕེབས་ནས་སྐུ་གོང་མ་རྣམས་ཀྱིས་བདག་གིར་བཞེས་པ་བཞིན་གྲྭ་ཚང་འདི་ཉིད་ཆོས་སྲིད་ཀྱི་སྒོ་ནས་ཡུན་རིང་བསྐྱངས། དགོན་པའི་ལྕགས་རི་རྙིང་བ་ཞིག་རལ་དུ་གྱུར་པ་རྒྱ་བསྐྱེད་ཞིག་གསོ་གནང་བ་སོགས་ཆོས་སྲིད་ཀྱི་འཕྲིན་ལས་ཡར་ངོའི་ཟླ་བ་ལྟར་འཕེལ། ཆུ་སྦྲུལ་ཕྱི་ལོ་༡༩༥༣ལོ་དགུང་ལོ་སོ་ལྔའི་སྟེང་བྱ་བར་ཞུགས་ནས་ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ་དང་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་དབུ་བཞུགས་གཞོན་པ། ཞིང་ཆེན་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས། ། 
        ཆོས་སྡེ་འདིའི་དར་རྒུད་བྱུང་ཚུལ་དང་། སྐུ་གསུང་ཐུགས་རྟེན་བཞེངས་ཚུལ། ཆོས་སྤྱོད་ཉམས་བཞེས་ཀྱི་རིམ་པ་གོང་དུ་བརྗོད་པ་ལྟར་བར་སྐབས་ཤིག་ལ་ཆོས་སྡེ་འདིར་མགོན་སྐྱབས་བྱེད་མཁན་སུ་ཡང་མེད་པའི་གནས་སུ་གྱུར་པའི་སྐབས་དེར། མཚན་སྒྲོགས་དགེ་འདུན་མཆོག་དབུས་གཙང་ཆོས་ཀྱི་ཞིང་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱང་བརྩོན་རྒྱ་ཆེར་མཛད་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བས་མཁས་ཤིང་གྲུབ་པའི་ཕ་རོལ་ཏུ་སོན་ཏེ་སྙན་པའི་གྲགས་པ་རྒྱས། རང་ཡུལ་དུ་ཕེབས་ཏེ་ཆོས་འཁོར་རྒྱ་ཆེན་བསྐོར་ནས་གདུལ་བྱ་མང་པོར་ཐར་བའི་ས་བོན་བསྐྲུན་པར་བྱས་པས་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པ་བྱུང་། དུས་དེར་ཁོང་ཉིད་ཀྱི་བསྟན་པའི་སྦྱིན་བདག་དད་ལྡན་སེར་སྐྱ་མཆོག་དམན་དུ་མས་མགྲིན་གཅིག་གིས་རང་ས་ནས་འདི་ཕྱིའི་སྐྱབས་གནས་རྒྱལ་བསྟན་གསལ་བའི་སྒྲོན་མེ་གཅིག་པུ་འདི་འདྲ་ཞིག་བྱུང་བ་ནི་བདག་ཅག་སྐལ་བ་བཟང་ཞིང་བསོད་ནམས་ལྡན་པས་ན། དེང་ནས་ཐུགས་བརྩེ་བ་ཆེན་པོས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འདི་ཡང་ཉིད་ཀྱི་བདག་སྐྱོང་མཛད་དུ་གསོལ་ཞེས་གསོལ་བ་ཡང་ཡང་བཏབ་པ་ལ་བརྟེན་ནས་ཞལ་བཞེས་གསེར་གྱི་བཀའ་ལུང་གནང་ཞིང་བདག་འཛིན་མཛད། 
        དེ་ནས་དད་ལྡན་སྦྱིན་བདག་ཡོངས་ཀྱིས་དགོན་པའི་ཉེ་འདབས་ཀྱི་ཞིང་ས་ཕུལ་བ་དང་། སྦྱིན་བདག་དང་མཆོད་གཞིས་སོགས་ལ་བརྟེན་ནས་དགོན་པའི་འདུ་ཁང་སོགས་རྟེན་པ་གསར་དུ་བཞེངས་ཏེ་སྒྲུབ་པ་ཉམས་ལེན་སོགས་ཀྱི་སྲོལ་ལེགས་པར་བཙུགས་ཤིང་འདུལ་ཁྲིམས་ལྟར་སྒྲིག་ལམ་གསར་དུ་བཅོས་ནས་གཙང་དགོན་དུ་བསྒྱུར་ཅིང་བསྟན་པ་རྨང་ནས་གསོས་ཏེ་འཛིན་སྐྱོང་སྤེལ་གསུམ་སྒོས་བདག་དམ་མཛད། མཚན་སྒྲོགས་དགེ་འདུན་དོན་གྲུབ་གཙོས་སྐུ་ཕྲེང་བཞིའི་ཆོས་སྲིད་གཉིས་ཀྱི་ཕྱོགས་བསྐྱངས་པ་གོང་དུ་བརྗོད་ཟིན་པ་ལྟར་རོ། གཞན་ཡང་རྗེ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་དང་། ཤིང་བཟའ་པཎྜི་ཏ། ཨ་ལགས་ཕུན་ཚོགས་རིན་པོ་ཆེ་སོགས་སྔ་གཞུག་བྱས་ནས་གོང་བ་གྲྭ་ཚང་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་དང་དབང་ལུང་ཁྲིད་གསུམ་གནང་བ་སོགས་བཀའ་དྲིན་བརྗོད་ལས་འདས་པས་བསྐྱངས། ད་དུང་དགོན་པར་རྟེན་བཞེངས་དང་འཇོག་པ་མང་པོ་གནང་ཞིང་། དགེ་འདུན་པར་གདུགས་ཚོད་སོགས་མཐུན་རྐྱེན་སྒྲུབ་པ་སྣ་ཚོགས་ཁུར་དུ་བསྣམས་པ་སོགས་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ། མཚོ་སྔོན་སོག་པོའི་ཝང་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་༡༧༢༣ལོའི་དགུན། མཉྫིའི་གོང་མ་བདེ་སྐྱིད་མྱ་ངན་ལས་འདས་པ་དང་། ཟི་ལིང་གི་བློན་ཆེན་ཡུང་ཐེས་པེ་ཅིང་དུ་མྱ་ངན་ཞུ་བར་སོང་བའི་སྐབས་དང་བསྟུན་ནས། མཉྫིའི་གོང་མ་ལ་ངོ་ལོག་གི་ཟིང་འཁྲུག་བསླངས་པ་ཞི་འཇགས་བྱེད་ཕྱིར་མངགས་པའི་དཔོན་དམག་རྣམས་ཀྱིས་ལས་འགན་ཡོངས་སུ་གྲུབ་པའི་རྗེས་སུ། དམག་དཔོན་ཉན་ཀོང་ཡེས་སོགས་ནས་ཕུལ་བའི་སྙན་ཞུར་བརྟེན་ནས། ཡུན་ཀྲིག་ཁྲི་ལོ་ལྔ་པ་ནས་བཟུང་སྲིད་གཞུང་གིས་མཚོ་སྔོན་ཕྱོགས་ཀྱི་བླ་གྲྭ་རྣམས་ལ་ཕྱེ་རྩམ་རྒྱ་མ་ཞེ་གསུམ་ཡས་མས་དང་བླ་མ་རེ་ལ་དངུལ་སྲང་གང་བཅས་ཕྱི་ལོ་༡༩༢༧ལོའི་བར་དུ་བྱིན། འདིའི་རྗེས་ནས་མཉྫིའི་ཀུན་སྐྱོང་ཁྲིར་བཞུགས་སྐབས། ཀན་སུའུ་དང་མཚོ་སྔོན་ཕྱོགས་སུ་གོང་མའི་གཉའ་གནོན་ལ་ངོ་རྒོལ། ནང་གི་གྲུབ་མཐའི་རྩོད་གླེང་གི་འཁྲུག་རྐྱེན་བྱུང་བ་དང་མཉམ་དུ་ཁྲི་ཀ་དང་ཁང་ཡང་ཕྱོགས་ཀྱི་འཁྲུག་ཟིང་ལ་མགོ་ཁྲིད་བྱེད་མཁན་ཧྥ་ཀྲིན་ཆུན། མ་ཧྲོང་གི པང་ཁ་ཤེས་རྣམས་ནས་ཀྱང་རབ་ཚེས་མེ་ཡོས་ཕྱི་ལོ་༡༨༦༧ལོ། ཟི་ལིང་གི་ཆོས་པའི་མགོ་བ་མ་ཡུན་ཡེས་དང་། མཉམ་འབྲེལ་སྒོས་འཁྲུག་ཟིང་རྒྱ་བསྐྱེད་བཏང་བར་བརྟེན་གོང་བ་གྲྭ་ཚང་སོགས་ཀྱི་འདུ་ཁང་རྣམས་མེར་བསྲེགས། འདིའི་དུས་སུ་སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་ནས་ཉིད་ཀྱི་ཕྱག་རྫས་གང་ཡོད་བཏང་སྟེ། གོང་བ་གྲྭ་ཚང་གཙོས། འཇམ་མོ། ཅོག་རོང་། ཧོར་རྒྱ། མི་ཉག ཁྲེ་རྩེ། བདེ་སྐྱིད། སེར་རྒྱ་སོགས་ཀྱི་འདུ་ཁང་ལ་མེ་སྐྱོན་ཤོར་བ་རྣམས་སྔ་ཕྱིར་གསར་དུ་བཞེངས། ལྷག་པར་དུ་གོང་བ་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་བཀྲ་ཤིས་རྣམ་གཉིས་ཀྱིས་ཕྱག་རྫས་མང་པོ་དང་ཞལ་བཀོད་གང་རྒྱས་གནང་སྟེ་འདུ་ཁང་བཞེངས་པ་དང་། བཀའ་འགྱུར་གྱི་འཇོག་པ་གནང་བ། ཆེ་ཤོས་ལྷ་བཟོའི་སློབ་མ་བཟོ་བོ་མཁས་པ་ཞིག་གིས་བཞེངས་པར་གྲགས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་ལ་ཞིག་གསོ་དང་། གཡས་གཡོན་དུ་སྤྱན་རས་གཟིགས་དང་། གསང་བདག་གི་སྐུ་བརྙན་བཅས་འབག་བཟོ་མཁས་པ་སེང་གེ་གཤོང་མ་ཎི་སྐྱབས་ཟེར་བ་ལ་བཞེངས་སུ་བཅུག ཀ་འཕན་དང་བླ་གྲེ། ཡོལ་བ། གྲལ་གདན་སོགས་ཀྱི་འཇོག་པ་མང་པོ་གནང་ངོ་། ། རྒྱལ་དམངས་ཚོགས་པའི་དབང་བསྒྱུར་དུས་སྐབས་སུ་དགོན་པའི་གྲྭ་པ་རྣམས་ལ་དམག་ཁྲལ་མེད་ཀྱང་མཱ་པི་ཧྥང་གིས་སེར་སྐྱ་ཀུན་གྱི་མགོ་ཐོག་ནས་མར་མནན་པ་དང་། ཁྲི་ཀའི་ཡུལ་གྱི་གཤེད་མ་ངན་པ་མཱ་ཡང་ཧེས་ཡུལ་དེའི་སེར་སྐྱ་རྣམས་ལ་བསྙད་འདོགས་སོགས་ཡ་ང་བ་ཞིག་བྱས་པས། གྲྭ་ཚང་གི་འཚོ་བ་གོས་ཧྲུལ་ལྟོ་སྐྱར་གྱུར་ནས་ཉིན་རེར་བཞིན་ཉམ་ཐག་ཏུ་གྱུར་སྟབས་དགོན་པ་དར་རྒྱས་སུ་འགྲོ་མ་ཐུབ་ལ། གྲྭ་པ་ཡང་བརྒྱ་ལྷག་ཏུ་བྲི། ལོ་རྒྱུས་ཐོག་གྲྭ་ཚང་འདི་དར་རྒྱས་སྐབས་གྲྭ་པ་སུམ་བརྒྱ་དང་བཞི་བརྒྱ་ལ་འཕེལ་མྱོང་། ། 
        ཆོས་སྡེ་འདིའི་སྐུ་གསུང་ཐུགས་རྟེན་ནི། ཚོགས་ཆེན་འདུ་ཁང་ཆོས་སྡེ་འདིའི་བཟོ་བསྐྲུན་ནང་གི་གཙོ་བོ་ཡིན་ཞིང་། སྟེང་ན་གསེར་ཟངས་ལས་གྲུབ་པའི་གསེར་ཏོག ཆོས་འཁོར། རྒྱལ་མཚན། རི་དྭགས་ཕོ་མོ། སྤེན་རྒྱན་སོགས་ཡོད་ལ། འདུ་ཁང་ལ་གྱན་བདུན་དང་དེའི་ནང་དུ་གྲྭ་
༥༠༠ལྷག་ཚོགས་ཆོག་པ། སྟེང་ཁང་དུ་མགོན་ཁང་དང་གཙུག་ལག་ཁང་སོགས་ཡོད། གྱོ་བཟོ་དང་ལྷ་བཟོ། ཤིང་བཟོ་སོགས་ཀྱིས་བཟོས་པ་ཞིབ་ཆ་ཆེ་ཞིང་བརྐོས་རིས་དང་ཚོན་རིས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པ་བཞིན་ཤིན་ཏུ་མཛེས་ཤིང་། ནང་ཐམས་ཅད་ཀུན་དགའ་ར་བ་དང་གྱན་ཐང་གིས་བཀང་བ། གདོང་གྲལ་གྱི་དབུས་ཕུགས་སུ་བླ་མ་དགེ་འདུན་དང་བཅས་པའི་ཐུགས་དམ་གྱི་རྟེན་ནམ་གསོ་སྦྱོང་གི་རྟེན་ལ་ཐུབ་པའི་དབང་བོའི་གསེར་སྐུ་ཁྱད་འཕགས་ཅན་ཁྲུ་གང་མ་དང་གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད། དུས་གསུམ་སངས་རྒྱས། གཙུག་ཏོར་རྣམ་རྒྱལ་མ། སྨན་ལྷ་བདེ་གཤེགས་བརྒྱད། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་བཅས་ལི་མའི་སྐུ་མང་པོས་ཀུན་དགའ་ར་བ་གང་བར་བཞུགས། དེའི་གཡས་གཡོན་དུའང་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་དང་། རྗེ་རིན་པོ་ཆེའི་ཐུགས་དམ་ལྷ་ལྔའི་སྐུ་བྱིན་ཅན། བཀའ་གདམས་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། ཇོ་བོ་ལོ་ཀེ་ཤཱ་རའི་སྐུ་བྱིན་ཅན་མང་པོ་དང་། སྨན་འདམ་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་མང་པོ་བཞུགས། ད་དུང་བཀའ་བསྟན་ཚར་རེ་བཞུགས། ཀུན་དགའ་ར་བའི་གོང་དུ་གྱན་ཐང་གིས་གང་སྟེ་ཐོག་འོག་གཉིས་བསྡོམས་པས་གྱན་ཐང་ང་བདུན་དང་ཐང་ཀ་ཆེ་ཆུང་༢༠༠ ཙམ་བཞུགས། གཞན་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཐུགས་དམ་གྱི་རྟེན་ལྷ་མོ་དམག་ཟོར་རྒྱལ་མོའི་རྟེན་བརྟེན་པའི་བྲིས་ཐང་བཀོད་པ་ཕུན་སུམ་ཚོགས་པ་ཆིང་ཝང་བསོད་ནམ་རྡོ་རྗེ་ལ་གནང་བ་ཤིན་ཏུ་ངོ་མཚར་བའི་ལོ་རྒྱུས་ཅན་དེ་ཡང་འདིར་བཞུགས། རྒྱ་མཐོང་ནང་དུ་གསུང་རབ་ཀྱི་པོ་ཏི་བརྒྱ་ཕྲག་མང་པོ་བཞུགས་ཤིང་དེ་དག་གི་མང་ཤོས་ནི་དགེ་འདུན་རྡོ་རམས་པ་ཁྲི་ཀ་སྨད་པ་མོ་ཡག་ཏུ་འཁྲུངས་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཀའ་པོད་ལྔས་མཚོན་པའི་གཞུང་ལུགས་ཀུན་ལ་སྦྱངས་ནས་རྡོ་རམས་པའི་དམ་བཅའ་བཞག་སྟེ་དགེ་བཤེས་བླངས་ནས་ཕྱིར་གོང་བ་གྲྭ་ཚང་དུ་ཕེབས་ནས། མཚན་སྒྲོགས་མཁན་སྤྲུལ་ཀྱི་ཐུགས་འདུན་ལྟར། གྲྭ་ཚང་འདི་ནས་བཀའ་པོད་ལྔའི་འཆད་ཉན་འཛུགས་རྒྱུའི་ལྟ་གོན་བྱས་ཏེ་བླ་བྲང་ཕྱོགས་སུ་དཔར་ཡོད་པའི་སྡེ་སྣོད་ཀྱི་པོ་ཏི་དང་། མཁས་ཆེན་དུ་མའི་གསུང་འབུམ་པོ་ཏི་སོགས་བརྒྱ་ཕྲག་ལྔ་ལྷག་གཞུང་ལ་ཕུལ་བ་དང་། གཞན་ཡང་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་མར་མེ་མཛད་ཀྱི་སྐུ་འདྲ་ཞིག་ལ་རྒྱུན་ཏུ་དྲི་བཟང་ཁྱབ་པའི་རྟེན་བྱིན་ཅན་དང་། དངུལ་གྱི་མཆོད་རྟེན་ཁྲུ་གང་མ། ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་། སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་། མཚན་སྒྲོགས་རིན་པོ་ཆེ། ཤིང་བཟའ་རིན་པོ་ཆེ། སྒོ་མངས་རིན་པོ་ཆེ་སོགས་བླ་མའི་སྐུ་གདུང་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་དབྱིབས་ལྟ་བས་ཆོག་མི་ཤེས་པ་བདུན་འདིར་བཞུགས། མདུན་གྱི་ཐོག་ཁང་དུའང་སྨན་འདམ་ཀྱིས་བཞེངས་པའི་རྗེ་ཚོང་དཔོན་དགེ་ལེགས་མ་གཙོས་རྗེ་སྟོང་སྐུ་དང་། བདེ་གསང་འཇིགས་གསུམ། ཐུགས་རྗེ་ཆེན་པོ་སོགས་མང་པོ་བཞུགས། མཆོད་རྫས་དང་མཆོད་ཆའི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་འདིར་མ་བྲིས། ཡར་ཟུར་དང་མར་ཟུར་གྱི་འདུ་ཁང་གཉིས་ཚོགས་ཆེན་འདུ་ཁང་ལས་ཅུང་ཆུང་བ་མ་གཏོགས། བཞེངས་ཚུལ་དང་ནང་རྟེན་རྣམས་ལ་ཁྱད་པར་ཆེན་པོ་མེད་པས་ཞིབ་ཏུ་མ་བྲིས། འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ། དེའི་དབུ་རྒྱན་གྱི་ཐོག་ཏུ་རིན་པོ་ཆེ་པདྨ་རཱ་ག་དང་། གཡུ་དྲུག་དཀར། བྱི་རུའི་སྡོང་བོ་ལ་སོགས་པའི་ཕྲ་ཚོམ་བཀོད་ཡོད། གཡས་སུ་སྟོན་པའི་སྐུ་དང། གཡོན་དུ་རྗེ་སྐུ་བཅས་བཞུགས་པ་ལ། འདི་གསུམ་གྱི་གཟུངས་གཞུག་གི་ནང་དུ། སྒྲ་བསྒྱུར་མར་བའི་སྒོམ་ཐག་དང་། རྗེ་བཙུན་མི་ལ་རས་པའི་སྒོམ་ཐག རྭ་ལོ་ཙཱ་བའི་ཕྱག་ཕྲེང་། སངས་རྒྱས་འོད་སྲུང་དང་སངས་རྒྱས་བཅོམ་ལྡན་འདས་གཉིས་ཀྱི་རིང་བསྲེལ། རྗེ་ཙོང་ཁ་པ་ཆེན་པའི་དབུ་ཞྭ་དང་ཆོས་གོས། དུར་ཁྲོད་བསིལ་བ་ཚལ་གྱི་ཤིང་ཙནྡན་རྐང་གཅིག བྲམ་ཟེ་སྐྱེ་བ་བདུན་གྱི་ཤ། འཇམ་དབྱངས་ས་པན་གྱི་ཁྲུས་རིལ་སོགས་རྟེན་ཧ་ཅང་འགངས་ཆེན་མང་པོ་བཞུགས། དེ་དག་གི་བར་མཚམས་སུ་གྲྭ་ཤག་བརྒྱ་ལྷག་ཡོད་པའི་ནང་དུའང་རྟེན་གང་མང་བཞུགས། ཚོགས་ཆེན་ཇ་ཁང་དུའང་མཁར་ཟངས་ཆེ་བ་གཅིག་དང་ཁྲོ་ཟངས་ཆེ་བ་དྲུག་བཅས་ཡོད་། ཁྲོ་ཟངས་དྲུག་པོ་ས་འདི་ནས་བླུགས་པ་ཡིན་ཞིང་སྟེང་དུ་མཚན་སྒྲོགས་མཁན་པོའི་མཚན་སོགས་བོད་ཡིག་མང་པོ་འབུར་དུ་ཐོན་ཡོད་པ་གསལ་བར་མཐོང་ཐུབ། དགོན་པ་རང་གི་གྲྭ་བས་བརྐོས་པའི་རྗེ་ཐར་ཤུལ་ཚང་གི་གསུང་འབུམ་སོགས་དཔེ་ཆ་མང་པོའི་དཔར་ཤིང་བཞུགས། ། 
        ཆོས་སྤྱོད་ཉམས་བཞེས་གྱི་རིམ་པ་ལ། རྒྱུན་དུ་དུས་བཟང་སྨོན་ལམ་དང་། དུས་འབྲེལ་གསོ་སྦྱོང་ཆག་མེད་དང་། ཧོར་ཟླ་དང་པོ་ལ་ཆོ་འཕྲུལ་སྨོན་ལམ་ཉིན་བཅུ། དེར་སེ་རྒྱ་དགོན་པ་དང་མེ་ལོང་དགོན་པའི་གྲྭ་པ་རྣམས་ཕེབས་ནས་མཉམ་དུ་འཚོགས་ཏེ་འཇིགས་བྱེད་དང་། བླ་མཆོད། སྨོན་ལམ་ཆོས་སྤྱོད། སྒྲོལ་མ་དཀར་ལྗང་། གདུགས་ཤེར་སེང་གསུམ་དང་སྨོན་ལམ་ཡར་ཚོགས་ལ་སྤྱན་འདྲེན་ཁྲུས་གསོལ་སོགས་འདོན། ཚེས་བཅོ་
ལྔའི་ཉིན་གོས་སྐུ་བཤམས་པ་དང་བྱམས་པ་གླིང་སྐོར་བྱེད། དགོང་མོ་ཤོག་ཁ་བཞི་བོས་མེ་ཏོག་མཆོད་མཇལ་གང་ཡག་འགྲན་པ་དང་། ཚེས་བཅུ་དྲུག་ལ་མགོན་པོ་དང་ཆོས་རྒྱལ་གཙོས་འབག་འཆམ་དང་སྔགས་འཆམ། ཞྭ་གན་འཆམ་བཅས་བསྟན། འདིའི་འཆམ་རྒྱུན་ནི་དགོན་ལུང་གི་འཆམ་རྒྱུན་ཡིན་ཟེར། དེ་ལ་འཆམ་པ་སོ་བརྒྱད་དང་རོལ་མོ་འབུད་བརྡུང་བ་ཉི་ཤུ་ལྷག་ཡོད། ཉིན་དེ་གཉིས་ལ་ལྟད་མོ་ལྟ་མཁན་མང་བས་འདུ་འཛི་ཆེ། ཟླ་གཉིས་པར། གཉིས་པའི་སྐུ་རིམ་ལ་སྐོར་གསུམ་ནས་འཇིགས་བྱེད་དང་ཡ་མ་རྭ་ཛ་དང་སེང་གདོང་གཙོ་འཁོར་གསུམ། ཁྲོ་བཅུ་པའི་གཏོར་བཟློག་སྦྱིན་བསྲེག་སོགས་འདོན། ཟླ་གསུམ་པའི་སྒྲུབ་མཆོད་ལ་ཀུན་རིག་གི་ཆོ་ག་ཕྱག་རྒྱ་བདག་འཇུག ཁ་སྐོང་སྦྱིན་བསྲེག་དང་བཅས་གསུངས་པ་དང་། ཟླ་བཞི་བར་རྡུལ་ཚོན་ལ་བརྟེན་ནས་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་གསང་འདུས་སྒྲུབ་མཆོད། མཇུག་ཏུ་ཁ་སྐོང་སྦྱིན་བསྲེག་བཅས་ཡོད། ལྔ་པའི་མཆོད་པ་ལ་རྗེ་གསེར་ཁང་བའི་ཕྱག་ལེན་ལྟར་སྨན་བླ་ཕྱག་མཆོད་དང་བཅས་གསུངས་ནས་མཆོད་པ་འབུལ། དབྱར་གནས་མ་གྲོལ་བར་དུ་ཉིན་རེའི་ཚོགས་འདོན་གཙོ་བོ་འཇིགས་བྱེད་བླ་མཆོད་ཡིན། གྲོལ་བའི་ཉིན་དགག་དབྱེ་ཚར་རྗེས་གྲྭ་པ་རྣམས་ཇོ་ཇོ་ལྷ་ཁང་དུ་ཕེབས་ནས་འཁྲུས་གསོལ་དང་སྨོན་ལམ་བཅས་གསུངས་ནས་གྲོལ། དེའི་འགྲིག་ལམ་ནི་དུས་རྒྱུན་ལས་ཞིབ། བརྒྱད་པའི་སྐུ་རིམ་ནི་ཡར་ཟུར་མར་ཟུར་གྱི་འདུ་ཁང་སོ་སོར་ཚོགས་ནས་འཇིགས་བྱེད་དང་མགོན་ཆོས་བསྐང་བ་སོགས་བཏོན་ནས་དྲུག་བཅུ་པའི་གཏོར་རྒྱག་བྱེད། ཟླ་དགུ་པའི་ཚེས་ཉེར་གཅིག་དང་ཉེར་གཉིས་ལ་སྨྱུང་གནས། ཟླ་མཇུག་ལ་འཇིགས་བྱེད་དང་མགོན་ཆོས་བསྐང་གསོལ་བཏོན་ནས་གཏོར་རྒྱག་ཡོད། བཅུ་བའི་ལྔ་མཆོད་ལ། རས་བྲིས་ལ་བརྟེན་ནས་གསང་འདུས་བདག་འཇུག་དང་། མཇུག་གི་ཉིན་འབག་འཆམ་གཏོར་རྒྱག་ཡོད། ཟླ་བཅུ་གཉིས་པའི་ཚེས་བརྒྱད་བར་དུ་དགེ་སློང་རྣམས་འཇིགས་བྱེད་དང་སེང་གདོང་ཁྲོ་བཅུ་སོགས་ཀྱི་བསྙེན་པར་འདུག ཚེས་བརྒྱད་ཉིན་སྦྱིན་བསྲེག་བྱས་ནས་གྲོལ། བོད་ལོ་སྐུ་རིམ་ལ་སེང་གདོང་འདོན། དེར་གྲྭ་པ་ཉི་ཤུ་ལྷག་ལས་མི་དགོས། ཚེས་ཉེར་དགུའི་ཉིན་གཏོར་རྒྱག ཚེས་གཅིག་གི་ནངས་མོར་ལྷ་མོའི་ཚེ་གཏོར་འབུལ་བ་སོགས་ཡོད། ལོ་རེ་བཞིན་འཇིགས་བྱེད་དང་སེང་གདོང་གཉིས་ཀྱི་ལས་རུང་བ་ཚགས་འཛུགས་རྒྱུའི་སྲོལ་ཀྱང་ཕྱེ་ཡོད། གྲྭ་འདིའི་འདོན་ཆོས་ཀྱི་ཕྱག་ལེན་གཙོ་བོ་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཕྱག་ལེན་ཡིན། རྟ་དབྱངས་དང་ཕྱག་རྒྱ། རོལ་མོ་བ་རྣམས་ལ་དུང་ཆེན་དང་རྒྱ་གླིང་འབུད་ཚུལ། རྔ་སྦུབས་རྡུང་ལུགས། འཆམ་དང་མཆོད་གཡོག་པ་རྣམས་ཀྱིས་མཆོད་གཏོར་བཤམས་ལུགས་བསླབས་པ་སོགས་ཀྱི་ཕྱག་ལེན་དངོས་གཙང་བཅས་ཡོད། དེའི་རྗེས་སུ་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་འདུས་བྱས་མི་རྟག་པའི་རང་བཞིན་མངོན་དུ་གྱུར་ནའང་། སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན། མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དོན་ཐོག་ཕབ་ནས་ལྕགས་བྱ་ཕྱི་ལོ་༡༩༨༡ལོའི་ཟླ་༩བའི་ཚེས་༣༡སྟོན་ཁར་མཚོ་ལྷོ་ཁུལ་ལྷན་ཚོགས་ཀྱིས་ཐོག་མར་གྲྭ་ཚང་འདིའི་ཆོས་སྒོ་འབྱེད་རྒྱུའི་ཆོག་མཆན་བཀོད། ད་ལྟ་སྒོ་ཕྱེས་ནས་རབ་རྒྱན་ལྕགས་རྟ་ལོ་སྟེ་ཕྱི་ལོ་༡༩༩༠ ལོར་ཡང་དག་པའི་སྲིད་ཇུས་ཀྱི་འོག དགོན་སྡེ་གཞན་དང་འདྲ་བར་བསྐྱར་བཞེངས་བྱེད་རྒྱུའི་གོ་སྐབས་བྱུང་བ་ལྟར། འདུ་ཁང་གྱན་ལྔ་ཅན་ཀ་རིང་བཞིས་བཏེགས་པ། ཕྱི་ནང་ཐོག་རྩེག་དང་བཅས་ལེགས་པར་བཞེངས། གདོང་གྲལ་དཀྱིལ་མའི་དབུས་སུ་སེང་གེས་བཏེགས་པའི་ཁྲི་ཆེན་དེའི་གཡས་གཡོན་དུ་ཀུན་དགའ་ར་བའི་ནང་དུ་འོད་དཔག་མེད། མི་འཁྲུགས་པ། སྨན་བླ་བདེ་གཤེགས་བརྒྱད་དང་བཅས་པ་ཤིང་བརྐོས་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་ལག་རྩལ་ཁྱད་འཕགས་ཀྱི་རང་བཞིན་མངོན་པར་གསལ་བ་དག་དད་ལྡན་ཀུན་གྱི་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་བསྐྲུན་པའི་བསྐྱར་བཟོའི་བྱ་བ་ཀུན་ཡོངས་སུ་གྲུབ། ཁྲི་ཆེན་གྱི་རྒྱབ་དང་གཡས་གཡོན་གྱན་ལྔའི་ཤར་དང་ནུབ་ཀྱི་ངོས་གཉིས་སུ་ཆོས་ཁང་རིམ་བཞིན་བསྒྲིགས་པའི་ནང་རྒྱལ་བའི་བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ། སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་རྣམས་ཀྱི་གསུང་འབུམ་སོགས་གསུང་རྟེན་དུ་མ་བཞུགས། ཀུན་གཟིགས་ལྷ་ཁང་དང་བཅས་གསར་དུ་བསྐྲུན། ། 
        སྒྲིག་ཁྲིམས་ཕྱོགས་ནས་གྲྭ་པ་བགྲེས་གཞོན་གང་ཡིན་ནའང་རྒྱུད་སྡེ་དང་རིག་གནས་ཕྱོགས་ལ་བློ་དང་འཚམ་པར་བསྙེན་སྒྲུབ་སྦྱང་བརྩོན་རྣམ་དག་བྱེད་པ་ལས། ཆོས་སྲིད་གང་ལའང་མི་མཐུན་པའི་བྱ་ངན་རིགས་གཏན་ནས་མི་ཆོག གྲྭ་ཤག གཞུང་ཁང་། རུང་ཁང་སོགས་ཅུང་སྟབས་བདེ་རེ་ཡོད། རང་ཁ་རང་གསོའི་ཕྱོགས་དགོན་པར་སྔོན་ཆད་ནས་བཟུང་ལོ་རེར་སྡོང་བོ་འཛུགས་པའི་སྲོལ་ཆགས་པས། ང་བརྒྱད་ཡར་སྔོན་ལའང་གྲྭ་ཚང་སྤྱི་སྒེར་གཉིས་ལ་ཞིང་མུའུ་༢༤༢དང་། ཕྱི་ལོ་༡༩༨༧—༡༩༩༡ལོའི་བར་སྡོང་རའི་ཡོང་སྒོ་ལོ་རེར་ཤོག་སྒོར་ལྔ་སྟོང་རེ་ཡོད། ཕྱི་ལོ་༡༩༩༢ལོ་ནས་ལོ་ལྔ་ལ་གཞན་པས་འགན་གཙང་ལེན་བྱས་པར་ལོ་རེར་ཡོང་སྒོར་༡༨༠༠རེ་དགོན་པར་སྤྲོད་དགོས། གཞན་ཡང་དེ་དང་མཉམ་དུ་ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་པར་གྲགས་པའི་ཁྲི་ཀའི་ཇོ་བོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རབ་རྒྱས་ལྕགས་རྟ་ལོའི་ཐར་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་ཤཱཀྱའི་རྒྱལ་བོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན། ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་ལྟ་བས་ཆོག་མི་ཤེས་པའི་གཙུག་ལག་ཁང་དང་བཅས་པ་ལེགས་པར་གྲུབ་སྟེ། རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་དབུར་བཞུགས་པའི་དགེ་འདུན་བཅུ་ཕྲག་ཟུང་གིས་དཔལ་རྡོ་རྗེའི་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞི་རྒྱས་སྦྱིན་བསྲེག་དང་བཅས་སྦྱོར་དངོས་འཇུག་གསུམ་ཐམས་ཅད་དམ་པ་གོང་མའི་ཕྱག་བཞེས་བཞིན་མཛད་དེ། དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་པ་སོགས་ལྷ་ཁང་འདི་ཉིད་རྟེན་བརྟེན་པ་དང་བཅས་བསྐྱར་དུ་བཞེངས་པའི་བྱ་བ་ཐམས་ཅད་ཡོངས་སུ་གྲུབ་ཚུལ་གྱི་རིམ་པ་རྣམས་བཤད་ཟིན། དེར་མཚུངས་ལྷ་དཀར་པོ་ཞེས་པའི་ལྷ་ཁང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་ཚུལ་ནི། ལྷ་ཁང་ཉིས་ཐོག རྒྱ་ཁྱོན་གྱན་གསུམ། དཀྱིལ་གྱན་ནང་སྨན་འདམ་ལས་གྲུབ་པའི་བྱམས་པའི་སྐུ་བརྙན་ཉིས་ཐོག་གི་ ཚད་དང་ལྡན་པ། གཡས་གྱན་ནང་རྗེ་ཙོང་ཁ་པ། གཡོན་གྱན་ནང་དུ་སྐྱབས་རྗེ་གསེར་ཏོག་དང་བཅས་པ་བསྐྲུན། །

 གསལ་འདེབས། 

      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།