དགའ་ལྡན་དར་རྒྱས་གླིང་།

    སྤེལ་དུས།  2016-03-21 20:20:16     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

                   ༄༅། །གླིང་འདི་ནི་ཧོ་ཏུན་ཡུལ་ཚོའི་སྐེ་བ་ཚོ་དྲུག་གི་ཁོངས་སུ་ཡོད། དགེ་ལྡན་དྲི་མེད་རང་སྲོལ་འཛིན་པའི་ཆོས་སྡེ་འདི་ཉིད་ཐོག་མར་ཕྱག་འདེབས་མཛད་པ་པོ་ནི་ལུང་རྟོགས་ཡོན་ཏན་གྱི་མངའ་བདག་སྐུ་འབུམ་ཁྲི་ཆེན་ཉེར་བདུན་པ་མི་ཉག་བློ་གྲོས་དར་རྒྱས་ཡིན། ཐོག་མའི་དགོན་གནས་དངོས་ནི་ཨོཾ་སེར་པོ་ཟེར་བའི་སར་ཆགས་ཡོད་ལ། རྗེ་འདིས་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་གནས་མི་ཉག་རྫོང་ཐོག་ཏུ་གྲགས་པར་གསང་སྔགས་བདེ་ཆེན་གླིང་དང་། དགའ་ལྡན་དར་རྒྱས་གླིང་འདི་ཉིད་བཅས་སྔ་ཕྱིར་སྒྲུབ་སྡེ་བཞི་བཏབ་པར་བརྗོད་ལ། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན་མི་ཉག་བློ་གྲོས་དར་རྒྱས་ཀྱིས་ཁྲི་ཀའི་ལྗོངས་འདིར་ཡུལ་དབུས་དང་འདྲ་བར་སེ་རའི་དོད་དུ་མི་ཉག་གྲྭ་ཚང་དང་། འབྲས་སྤུངས་ཀྱི་དོད་དུ་ཧོར་གྱི་གྲྭ་ཚང་དང་། ད་དུང་སྒྲུབ་སྡེ་འདི་ཉིད་དགའ་ལྡན་གྱི་ཚབ་ཏུ་བཏབ་པར་བརྟེན་མིང་ཡང་དགའ་ལྡན་ཞེས་པ་ཐོགས་ཅེས་གྲགས། དགོན་པ་ཐོག་མར་བཏབ་པའི་ལོ་ཚིགས་དངོས་མི་གསལ་ཡང་། རབ་ཉིའི་བགྲང་བྱ་བཞི་བཅུ་ཡས་མས་དང་། ཕྱི་ལོ་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་སྒྲུབ་སྡེ་འདི་ཉིད་ཕྱག་འདེབས་གནང་། དགོན་པའི་མཚན་ལ་དགའ་ལྡན་དར་རྒྱས་གླིང་ཞེས་གསོལ། ཕྱིས་མི་ཉག་བློ་གྲོས་དར་རྒྱས་ཀྱིས་སྒྲུབ་སྡེ་འདི་ཨ་རིན་ཡེ་ཤེས་སྐལ་བཟང་ཚང་ལ་གཏད་དེ་ཁོང་གིས་སྐུ་འབུམ་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་འདོན་རྟ་ཕྱག་ལེན་གང་ཡོད་དེ་དང་མཚུངས་པ་ཞིག་བཙུགས་ནས་སྐུ་ཕྲེང་རིམ་བྱོན་གྱིས་ལེགས་པར་བསྐྱངས། སྐབས་དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཏུ་གཏོགས། ཐོག་མའི་དགོན་གནས་དེ་ལས་ཕལ་ཆེར་ལོ་ངོ་བརྒྱ་དང་བརྒྱད་ཅུ་ཡས་མས་ཙམ་ནས་ད་ལྟའི་གནས་འདིར་སྤོས་ལ། དུས་དེར་དགོན་གནས་སྤོ་དགོས་པའི་རྒྱུ་རྐྱེན་ནི། ཨོཾ་སེར་པོ་ཞེས་པའི་དགོན་གནས་དེའི་གཡས་ངོས་སུ་ཀླུ་ཕུག་པདྨ་འོད་ཅེས་པའི་ཆུ་མིག་ཆེ་ཆུང་ཁ་ཤས་ཞིག་ཡོད་ལ་དེར་ཀླུ་ནག་ཕྱོགས་པ་ཞིག་གནས་ཞེས་དམངས་ཁྲོད་ཀྱི་ངག་རྒྱུན་དུ་དེ་ལྟར་བཤད་སྲོལ་འདུག གཡོན་ངོས་སུ་ཀེ་ཞུང་ཞེས་པའི་ཆུ་མིག་ཅིག་ཡོད་པ་དེར་ཀླུ་དཀར་ཕྱོགས་པ་ཞིག་གནས་ཡོད་པར་ནག་ཕྱོགས་མཐུ་ཆེ་བའི་རྐྱེན་གྱིས་བླ་གྲྭ་རྣམས་ལ་ཀླུ་ནད་ཀྱི་གནོད་པ་ཅུང་ཟད་རེ་བྱུང་བས་དགོན་པའི་རྒན་གྲས་ཐུན་མོང་ནས་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོར་ཞུས་ཏེ་དགོན་གནས་སྤོར་དགོས་པའི་ལུང་བསྟན་གནང་བ་ལྟར། རབ་བྱུང་བཅོ་ལྔའི་བགྲང་བྱ་བཞི་བཅུ་ཡས་མས་དང་ཕྱི་ལོའི་དུས་རབས་ཉི་ཤུའི་དུས་མགོ་ཙམ་ལ་དགོན་པའི་ལྷ་རྟེན་ཡོངས་རྫོགས་ད་ལྟའི་གནས་ལོའུ་ཏུང་ཟེར་བར་སྤོས། ཐོག་མར་༧གོང་ས་རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་ཅོད་པན་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོར་དགོངས་བསྟུན་ཞུས་ཏེ་ཞལ་བཀོད་གང་རྒྱས་དང་། རྗེ་ཉིད་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་གནས་སྤོ་བའི་སྦྱོར་བ་བརྩམས། དེ་ནས་ཐོག་མར་གྲྭ་བའི་སྒོམ་ཁང་དང་རིམ་པས་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་གཞི་ནས་གསར་དུ་བཞེངས་ཏེ་སྔར་བཞིན་སོར་ཆུད་པ་བྱུང་། གནས་འདིར་སྤོས་ནས་རབ་རྒྱན་ཆུ་སྤྲེལ་ཕྱི་ལོ་༡༩༩༢ལོའི་བར་ལོ་བརྒྱད་ཅུ་ལྷག་ཕྱིན་ལ་དགོན་གནས་སྔ་ཕྱི་གཉིས་ལ་བསྡོམས་པས་ལོ་ཉིས་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཡོད། ། 
        བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་གིས་བསྟན་པའི་བྱ་བ་མཛད་ཚུལ། སྒྲུབ་སྡེ་འདི་འདེབས་མི་ཉག་བློ་གྲོས་དར་རྒྱས་ནི་རབ་དྲག་ཤིང་ཡོས་ལ་བུམ་པར་རྟེའུ་ཆུང་དུ་འཁྲུངས། སྐུ་འབུམ་རྒྱུད་པའི་ཁྲི་རབས་དགུ་པ་སྐེ་ཀྱཱ་དགེ་ལེགས་དཔལ་ལྡན་ལས་རབ་ཏུ་བྱུང་། དབུས་སུ་ཐུགས་གཉེར་གནང་སྟེ་གསང་ཕུར་དཀའ་བཅུ་མཛད། གྲུབ་པའི་དབང་ཕྱུག་ཆེན་པོ་བྲག་དཀར་སྔགས་རམས་པ་སོགས་དམ་པ་དུ་མ་ལས་ཆོས་རྒྱུན་མང་དུ་གནང་བཞེས་མཛད། སླར་མདོ་སྨད་དུ་ཕེབས་ནས་རབ་ཉིའི་ཤིང་སྦྲུལ་ཕྱི་ལོ་༡༧༢༥ལོར་སྐུ་འབུམ་རྒྱུད་ཁྲིར་བཞུགས། སྔ་ཕྱིར་བདེ་གསང་འཇིགས་གསུམ། སྣར་ཐང་བརྒྱ་རྩ་སོགས་དབང་དང་རྗེས་གནང་། ལམ་སྔགས་སོགས་ཀྱི་ལྗགས་ལུང་དང་ཆོས་རྒྱུན་མང་དུ་གནང་། སྐྱེས་རབས་སོ་བཞི་པའི་སྟོད་ཆར་འགྲེལ་བ་མཛད། དེའི་རྗེས་སྒྲུབ་སྡེ་འདི་ཉིད་གཙོས་སྔ་ཕྱིར་དགོན་སྡེ་བཞི་ཕྱག་འདེབས་གནང་བའི་ཚུལ་གོང་གསལ་ལྟར་དང་། རབ་འདོད་ས་སྦྲུལ་ཕྱི་ལོ་༡༧༤༩ལོར་སྐུ་འབུམ་ཁྲི་ཆེན་ལ་བཞུགས་ཏེ་སྐྱོང་བཀུར་གང་ལེགས་དང་འཆད་ཉན་ཡར་ལྡན་དུ་བསྐྱངས། རབ་འདོད་ཆུ་བྱ་ཕྱི་ལོ་༡༧༥༣ལོར་གཟུགས་སྐུ་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། །
དེའི་སྤྲུལ་སྐུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་སྒྲུབ་སྡེ་འདིའི་ཁྲིར་བཞུགས་ནས་དགོན་པར་སྐྱོང་བཀུར་གང་ལེགས་མཛད། དེའི་རྗེས་བདག་སྐྱོང་བྱེད་པོ་ནི་ཨ་རིན་ཡེ་ཤེས་སྐལ་བཟང་ཡིན་ལ་ཁོང་ཁྲི་ཀའི་ལན་གྲོའི་ཨ་རིན་སྡེ་ཁྲོད་དུ་འཁྲུངས། དེར་བརྟེན་ཚོ་བའི་མིང་བླ་མར་ཐོགས་ཏེ་སྐུ་ཕྲེང་ཕྱི་མ་རིམ་བྱོན་ལའང་ཨ་རིན་ཚང་ཞེས་ཞུ། ཁོང་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ནས་དགའ་ལྡན་དུ་ཚོགས་ཆོས་འགྲིམ། 
        བཀའ་པོད་ལྔའི་གཞུང་ལ་གསན་སྦྱོང་མཛད་དེ་མཁས་པའི་གྲགས་སྙན་ཕྱོགས་སུ་ཁྱབ་པས་དགའ་ལྡན་ཚང་ཞེས་ཀུན་གྱིས་བཀུར་གཟོ་བླ་ན་མེད་པ་བྱས། སླར་མདོ་སྨད་དུ་ཕེབས་ནས་སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་དང་མཁན་པོའི་ཁྲིར་བཞུགས། མི་ཉག་གོང་མ་བློ་གྲོས་དར་རྒྱས་ཀྱིས་སྒྲུབ་སྡེ་འདི་ཉིད་དགའ་ལྡན་ཚང་འདི་བར་ཕུལ། དེར་བརྟེན་རྗེ་འདིས་ཁྲི་ཀའི་ཕྱོགས་ཀྱི་དབེན་གནས་དུ་མ་དང་སྒོས་སྒྲུབ་སྡེ་འདིར་སྒྲུབ་པ་སྙིང་བོར་མཛད་དེ་ཁྲིར་བཞུགས་པ་སོགས་སྔ་ཕྱིར་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་བཀུར་གང་ལེགས་མཛད་དེ། འདུ་ཁང་སྟེང་དུ་གསེར་ཏོག་ཆེ་ལེགས་ཤིག་ཕུལ། སྐུ་འབུམ་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་འདོན་རྟ་ཕྱག་ལེན་དང་འགྲིག་ཀུན་སྤྱོད་སོགས་སྔར་མེད་ཕྱག་སྲོལ་དང་བཅའ་ཁྲིམས་སོགས་གསར་བཟོ་མཛད། དེ་ལྟར་ལོ་དུ་མར་བསྟན་འགྲོ་ཡོངས་ལ་སྨན་པའི་བྱ་བ་རྒྱ་ཆེར་མཛད་པ་སོགས་སྡེ་འདི་ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྐྱངས་མཐར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། །
        དེའི་སྐུ་ཕྲེང་རྗེས་མ་རྣམས་ཀྱི་མཚན་དང་མཛད་རྗེས་སོགས་གསལ་བོར་མ་མཐོང་མོད། སྐུ་ཕྲེང་རེ་རེའི་འཁྲུངས་ཡུལ་ནི་ད་ལྟའི་ནགས་ཤུལ་ཚོ་བའི་དབང་ལོ་ཚང་དང་། དཔལ་འབུམ་རྒྱལ་ཚང་། འཕགས་པ་ནོར་བུ་ཚང་། ཚེ་གོ་ཚང་། གཅོད་པ་ཐར་ཚང་བཅས་ཡིན། སྐུ་གདུང་མཆོད་རྟེན་རབ་རྒྱལ་ས་ཕོ་ཁྱི་ཕྱི་ལོ་༡༩༥༨ལོའི་ཡར་སྔོན་རང་རང་གི་འཁྲུངས་ཡུལ་དུ་ཡོད་སྐད། དེའི་རྗེས་ཀྱི་སྐུ་ཕྲེང་བཞི་རེ་རེ་བཞིན་ཀྲ་ཙི་རོ་ལྷུན་གྲུབ་སྐྱིད་ཚང་། མོ་ཡག་ཚ་ཏ་ཚང་། ཀ་ཞར་དཔོན་ཚང་། ཚེ་འགུའི་རྩ་རིང་མོ་ཚང་བཅས་སུ་འཁྲུངས་ཟེར་བའི་ངག་རྒྱུན་ཙམ་ལས་སྐུ་ཚེ་རིང་ཐུང་དང་མཚན་ཟུར་ཙམ་ཡང་མི་གསལ། ཚོད་དཔག་ལྟར་ན་སྐུ་ཕྲེང་འགའ་རེ་ན་ཚོད་ཕྲ་མོའི་དུས་ནས་སྐུ་གཤེགས་པ་འདྲ། དེ་ལྟར་ན་ད་ལྟ་བཞུགས་པའི་ཨ་རིན་ལེགས་བཤད་རྒྱ་མཚོ་ནི་སྐུ་ཕྲེང་བཅུ་གཅིག་པར་བགྲང་དགོས་ལ། དམ་པ་འདིའི་འཁྲུངས་ཡུལ་ནི་སྐེ་བ་ཚོ་དྲུག་གི་ནང་ཚན་བ་བཙོང་ཀ་ཀྲ་ཚང་ནས་རབ་རྒྱལ་ཆུ་སྤྲེལ་ཕྱི་ལོ་༡༩༣༢ལོར་འཁྲུངས། དགུང་ལོ་གསུམ་གྱི་སྟེང་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་སྤྲུལ་སྐུར་ངོས་འཛིན་གནང་བ་དང་རྗེ་དེ་ཉིད་ལས་རབ་ཏུ་བྱུང་། དགུང་ལོ་ལྔའི་སྟེང་རང་དགོན་མཆོད་རྟེན་སྐེའི་གདན་སར་བཀོད་དེ་ཡི་གེ་ཀློག་སྦྱོར་དང་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་རིམ་པས་བསླབས། རབ་རྒྱལ་ཆུ་རྟ་ཕྱི་ལོ་༡༩༤༢ལོར་རོང་གཞིས་དགོན་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་མདུན་ནས་རྡོ་རྗེ་ཕྲེང་བའི་དབང་དང་ལུང་དུ་མ་བཅས་ཀྱི་ལུང་རྫོགས་པར་མནོས། རབ་རྒྱལ་མེ་ཁྱི་ཕྱི་ལོ་༡༩༤༦ལོར་སྐུ་འབུམ་དུ་བླ་མ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་མདུན་ནས་དུས་འཁོར་དབང་ཆེན་དང་རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མདུན་དུ་ཐུགས་རྗེ་ཆེན་པོའི་དབང་སྟ་གོན་དང་བཅས་སྔ་ཕྱིར་རྫོགས་པར་མནོས། བོད་ཇོ་གོང་བ་གྲྭ་ཚང་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་མདུན་ནས་རྗེ་གསུང་འབུམ་གྱི་ལུང་གསན། བིས་ཀྱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ལས་བསྙེན་པར་རྫོགས། ཆུ་བཟང་རིན་པོ་ཆེའི་ཐུགས་བཀོད་བཞིན་མཆོད་རྟེན་སྐེའི་ཁྲིར་ལོ་གསུམ་རིང་ཞུགས་ཏེ་འཆད་ཉན་ཡར་ལྡན་དུ་བསྐྱངས། ཉེར་བདུན་སྟེང་སྒྱུར་བཅོས་ཁྲོད་རྐྱེན་དབང་གིས་རང་ཡུལ་དུ་བཞུགས། རབ་རྒྱལ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོར་མཆོད་རྟེན་སྐེ་དགོན་པའི་ཆོས་སྒོ་འབྱེད་སྐབས་དེ་གར་ཕེབས་ནས་ཐུགས་ཁུར་ཆེར་བཞེས་དང་སྔ་ཕྱིར་རྟེན་བཞེངས་ཕྱོགས་སུ་སྒོར་ཉིས་སྟོང་ཙམ་གྱིས་ཞབས་འདེགས་ཞུས། མི་ཉག་གྲྭ་ཚང་གི་ཆོས་སྒོ་འབྱེད་སྐབས་ཚོགས་མགོར་ཕེབས་ནས་ཆོས་སྒོ་འབྱེད་པའི་མཛད་སྒོར་ཞུགས་ཤིང་སྒོར་ཆིག་སྟོང་ཙམ་གྱི་གནང་སྦྱིན་བསྩལ། དེ་མཚུངས་སུ་གླང་ཚའི་གྲྭ་ཚང་གི་ཆོས་སྒོ་འབྱེད་སྐབས་ཀྱང་དེ་ཀའི་ཚོགས་འགོར་ཕེབས་ནས་གང་མཚམས་ཀྱིས་གནང་སྦྱིན་བསྩལ། རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་ཐར་ཤུལ་དགོན་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་བློ་བཟང་མཁས་གྲུབ་ཚང་གི་མདུན་ནས་དུས་འཁོར་དབང་མོ་ཆེ་དང་། བདེ་གསང་འཇིགས་གསུམ། མགོན་ཆོས་སོགས་ཀྱི་དབང་དང་རྗེས་གནང་ལུང་སོགས་ཟབ་ཆོས་མང་དུ་གསན། ད་ལྟ་དགུང་གྲངས་དྲུག་ཅུ་ལྷག་ལ་ཕེབས་ཤིང་སྒོ་མེ་མཆོད་རྟེན་སྐེ་དང་རང་དགོན་དགའ་ལྡན་གཉིས་སུ་རེས་མོས་ཀྱིས་བཞུགས་བཞིན་ལེགས་མཛད་གོང་དུ་འཕེལ་བཞིན་པའི་སྐབས་སོ། ། 
        འདི་གའི་སྔགས་རམས་པ་ཚང་གི་སྐུ་ཐོག་དང་པོ་ནི་སྐེ་བའི་རྒན་ཕྲུག་ཚང་ནས་འཁྲུངས་པ་མཚན་ལ་ཆོས་རྗེ་ཚང་ཞུ། དགུང་ལོ་ཉི་ཤུའི་བར་འཁྲུངས་གཞིས་སུ་བཞུགས་ཤིང་འཚོ་ཆས་ན་བཟའ་སོགས་ཧ་ཅང་བཀྲེན་པས་དཀའ་བ་ཆེན་པོ་བསྐྱེད། འཁོར་བའི་བྱ་བ་ལ་ངེས་ཤེས་ཆེན་པོ་སྐྱེས་ཏེ་དབུས་སུ་ཕེབས། སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་ཐམས་ཅད་མཁྱེན་པ་ལས་རབ་ཏུ་བྱུང་། བཀྲ་ཤིས་ལྷུན་པོར་ཚོགས་ཆོས་འགྲིམས།
        བཀའ་པོད་ཀྱི་གཞུང་ལ་མཐར་ཕྱིན་སྦྱངས་ཏེ་སྔགས་རམས་པའི་མཚན་རྟགས་བླངས། ཕྱིས་པཎ་ཆེན་མཆོག་གི་བཀའ་ལུང་ལྟར་སླར་མདོ་སྨད་དུ་ཕེབས་ནས་དགའ་ལྡན་དགོན་པར་བདག་སྐྱོང་མཛད། དགོན་སྙིང་གི་སྐབས་ཆོས་རྗེ་སྒར་ཁའང་ཡོད་སྐད། དེའི་སྤྲུལ་སྐུ་བ་ལི་དབུས་པ་ཚང་ནས་འཁྲུངས། དབུས་སུ་ཕེབས་ཤིང་གཙང་བཀྲ་ཤིས་ལྷུན་པོར་ཚོགས་ཆོས་འགྲིམས། བཀའ་པོད་ཀྱི་གཞུང་ལ་སྦྱང་བ་མཐར་ཕྱིན་མཛད། ཀུན་གཟིགས་པཎ་ཆེན་མཆོག་ཐུགས་མཉེས་ནས་འདི་བར་གཟེངས་བསྟོད་དང་བཀའ་ཤོག་སོགས་གནང་ནས་གཟིགས་པ་རྒྱ་ཆེ། སླར་རང་ཡུལ་དུ་ཕེབས་ནས་དགོན་པར་ལུགས་ཀྱིས་སྐྱོང་བཀུར་གང་ལེགས་མཛད། སྐབས་ཤིག་ཁོང་དང་དགོན་པའི་རྒན་གྲས་དབང་འཛིན་པ་ཁ་ཤས་ཕན་ཚུན་མ་མཐུན་པར་དོ་ཀྱ་དཔོན་པོས་གཟུ་བཤད་ནས་དགོན་པས་ཁོང་ལ་གྲྭ་པ་བཅོ་ལྔ་ཕུལ། བ་བཙོང་སྒང་ནས་སྒར་གཞི་བཏབ་ནས་དེར་བཞུགས། 
        ཕྱིས་རྐྱེན་དུ་མས་གནས་དེར་བཞུགས་མ་བདེ་བར་སླར་དགའ་ལྡན་དུ་ཕེབས་ནས་གཏན་བཞུགས་མཛད། བ་བཙོང་སྒང་ནས་གཞི་རྫོགས་སྐབས་དེ་གའི་དད་ལྡན་མང་པོས་གསོལ་བ་བཏབ་པ་ལྟར་རྟེན་སྐལ་དུ་མ་ཎི་དུང་འཁོར་ཞིག་གནང་། དེའི་ནང་རྟེན་དུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་དང་པཎ་ཆེན་རིན་པོ་ཆེའི་དབུ་སྐྲ་བཅས་བཞུགས་པ་ད་ལྟ་ཡང་འགྲོ་བའི་བསོད་ནམས་བླ་ན་མེད་པར་གྱུར། རབ་བྱུང་བཅོ་ལྔའི་སྟོད་ཙམ་ལ་ཞི་བར་གཤེགས། དེའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སྟེ་སྐེ་བ་ཚོ་དྲུག་གི་ནང་ཚན་བ་ལི་སྡེ་ཁྲོད་དུ་འཁྲུངས། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ངོས་འཛིན་གནང་། རང་དགོན་དུ་ཁྲི་སར་བཀོད་དེ་ཡི་གེ་ཀློག་སྦྱོར་དང་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་རིམ་པས་བསླབས། ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས་ལས་རབ་ཏུ་བྱུང་བ་དང་ཕྱིས་རྗེ་དེ་ཉིད་ལས་བསྙེན་པར་རྫོགས། ལྡི་ཚར་ཕེབས་ནས་གཞུང་ལ་གསན་སྦྱོང་མཛད། དེ་ནས་དབུས་སུ་ཕེབས་ཤིང་གཙང་བཀྲ་ཤིས་ལྷུན་པོར་ཚོགས་ཆོས་འགྲིམ་ནས་གཏོང་སྒོ་གང་ལེགས་མཛད། སླར་རང་ཡུལ་དུ་ཕེབས་སྐབས་གཙང་ནས་གདན་དྲངས་པའི་ཕྲུག་ནག་གི་གྲྭ་ཟླམ་འགངས་ཆེ་བ་ཞིག་ཡོད། ཧོར་གྱི་གྲྭ་ཚང་བསམ་གཏན་གླིང་གི་ཁྲིར་ལོ་གསུམ་བཞུགས་ཏེ་རྟེན་བཞེངས་དང་མཆོད་རྫས་སོགས་ཀྱི་བཞག་པ་མཛད། འགག་བཟའི་གྲྭ་ཚང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་ཁྲིར་ལོ་གསུམ་བཞུགས་ཤིང་འདུ་ཁང་སླར་གསོ་བྱས། དགོན་རོང་དགོན་པར་གྲྭ་སྲི་ཞིག་ལངས་པ་འདི་ནས་རྟ་མགྲིན་ཡང་གསང་དང་ཁྲོ་མོ་ནག་མོའི་སྒོ་ནས་སྲི་བཟློག་མཛད་དེ་ཕན་ནུས་ཆེ་བ་བྱུང་། ས་དེ་ཀའི་མཛོ་མོའི་རྟོལ་ཕྲུག་ལེན་པའི་སྲོལ་ངན་བསྒྱུར་ཏེ་སྡིག་རྒྱུན་བཅད། སྐེ་བའི་སྔགས་ཁང་དུ་བཀའ་འགྱུར་གྱི་མ་ཎི་འཁོར་ཆེན་ཞིག་དང་རྟ་མགྲིན་ཡང་གསང་གི་ཆོས་ཐོག་གསར་དུ་བཙུགས། དགོན་པར་བཀའ་འགྱུར་དང་གོས་སྐུ་ཆེན་མོ་བཞག་པ་སོགས་དགོན་གྲོང་གཉིས་ཀར་གཟིགས་སྐྱོང་ཚད་མེད་གནང་། མཐར་དགུང་ལོ་དོན་གཅིག་པ་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་རྐྱེན་དབང་གིས་ཁྲི་མོན་དུ་སྐུ་གཤེགས། འདི་གའི་ཨ་ལགས་བཟང་ཀྱཱ་ཚང་སྐུ་རབས་བདུན་པ་ཡིན་ལ་སྐུ་ཐོག་དང་པོ་སྐེ་བའི་དཔོན་ཚང་ནས་སྐུ་འཁྲུངས་པ་ཕྱིར་རྭ་རྒྱར་ཕེབས་ནས་དེ་གར་ཚོགས་ཆོས་འགྲིམ། བཀའ་པོད་ཀྱི་གཞུང་ལ་སློབ་གཉེར་མཐར་ཕྱིན་གནང་། དེར་སྒར་ཁ་ཞིག་ཀྱང་ཡོད་སྐད། ཕྱིར་རང་དགོན་དུ་ཕེབས་ནས་རྭ་རྒྱའི་ཕྱག་ལེན་ལྟར་ཀུན་རིག་གི་སྒྲུབ་མཆོད་ངོས་གཙང་བཙུགས་པ་ད་ལྟའི་བར་མ་ཉམས་པར་གནས། དེའི་སྤྲུལ་སྐུ་སྐེ་བའི་སྤེན་ཐོག་ཏུ་འཁྲུངས། དེའི་རྗེས་སྨད་པའི་དཔོན་ཚང་ནས་སྤྲུལ་སྐུ་གཉིས་དང་། སྨད་པའི་ཅང་ཀྱཱ་མ་ནས་སྤྲུལ་སྐུ་གཉིས་འཁྲུངས་ཟེར་བ་ཙམ་ལས་སྐུ་རབས་སོ་སོའི་མཚན་ཟུར་ཙམ་ཡང་ཤེས་དཀའ། དེའི་རྗེས་སྐུ་ཕྲེང་བདུན་པ་དགེ་འདུན་ཐུབ་བསྟན་དབང་ཕྱུག་ནི་སྐེ་བ་ཚོ་དྲུག་གི་ནང་ཚན་བ་ལི་ཟེར་བའི་སྡེ་ཁྲོད་དུ་འཁྲུངས། གདན་སར་བཀོད་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་རིམ་པས་བསླབས། ཕྱིས་ལྡི་ཚ་བཀྲ་ཤིས་ཆོས་ལྡིངས་ཀྱི་ཆོས་སྒོར་ཞུགས་ཏེ་གཞུང་ལ་གསན་སྦྱོང་མཐར་ཕྱིན་མཛད། སླར་རང་དགོན་དུ་ཕེབས་ནས་གཙོ་བོར་ཚོགས་བསགས་སྒྲིབ་སྦྱོང་ཐུགས་དམ་ཉམས་ལེན་ལ་བརྩོན་པ་ཤ་སྟག་གནང་ངོ་། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་རྐྱེན་དབང་གིས་ཁྲི་མོན་དུ་ཕེབས། ཕྱི་ལོ་༡༩༦༧ལོར་སླར་རང་ཡུལ་དུ་འབྱོར་ནས་ལོ་ཤས་བཞུགས་མཐར་སྐུ་ཞི་བར་གཤེགས་སོ། ། 
        གཞན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་སྡེ་འདིའི་ཁྲིར་ཕེབས་པ་ནི་འཇམ་མགོན་བསྟན་པའི་སྣང་བྱེད་ཆེན་མོ་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མ་དང་མགོན་རྒྱ་ཚང་སྐུ་སྔ་ཕྱི་ཐིས་པ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་གསལ་བྱེད་ཚང་སྡེ་འདིའི་ཁྲིར་བཞུགས་སྐབས། ཁོང་གིས་མཐུན་རྐྱེན་གང་ལེགས་མཛད་དེ་རྣམ་འདྲེན་ལྔ་པ་མི་ཕམ་མགོན་པོའི་སྐུ་བརྙན་ཉིས་ཐོག་ལས་བརྒལ་བ་ལེགས་པར་བཞེངས་པས་སྐྱེ་རྒུའི་ཞིང་མཆོག་བླ་ན་མེད་པར་གྱུར། དེ་ནི་དགའ་ལྡན་རྙིང་བའི་སྐབས་སོ། གཞན་ཡང་སློབ་དཔོན་འཇམ་མོ་ཚང་དང་རོང་གཞིས་མཆོག་སྤྲུལ་རྒྱབ་ཚ་སྤྲུལ་བའི་སྐུ་རྡོ་རེས་ཚང་སོགས་རིམ་པར་ཁྲིར་ཕེབས་ནས་ཕྱག་རྗེས་ཆེ་ཆུང་ཅི་རིགས་པས་སྡེ་འདི་ལེགས་པར་བསྐྱངས། གཞན་ཡང་སྙིགས་དུས་འགྲོ་བའི་མགོན་པོ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ཨ་ལགས་ཕུན་ཚོགས་རིན་པོ་ཆེའི་སྐུ་སྔ་ཕྱི་ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས་དང་། བཤེས་གཉེན་ཆེན་པོ་ཐར་ཤུལ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་གང་མཚམས་ཀྱིས་ཟབ་རྒྱས་མན་ངག་དག་གི་སྒོ་འཕར་ཡངས་པོར་ཕྱེས་ནས་བཀའ་ཆོས་བླ་ལྷག་ཏུ་བསྩལ། རབ་རྒྱལ་ཆུ་བྱ་ཕྱི་ལོ་༡༩༣༣ལོར་འགྲོ་མགོན་ཐར་ཤུལ་རིན་པོ་ཆེ་གཙོས་བླ་སྤྲུལ་བཅུ་ཕྲག་ཡས་མས་དང་ཀུན་སྤངས་རི་ཁྲོད་འཛིན་པའི་ཚོགས་བརྒྱ་ཕྲག་ལྷག་གདན་དྲངས་ཏེ་མཆོད་མེ་ཟླ་གཅིག་རིང་བཟུང་ནས་རྟེན་གསུམ་སྤྱན་སྔར་མཆོད་འབུལ་དང་སྲི་ཞུ་གང་ལེགས་ཞུས། རབ་རྒྱལ་ལྕགས་སྟག་ཕྱི་ལོ་༡༩༥༠ལོར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གོང་བ་གྲྭ་ཚང་ནས་གྲུབ་འཕྲལ་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྡེ་འདིར་གདན་དྲངས་ཏེ། ཀུན་སྤངས་བྱ་བཏང་བའི་ཚོགས་དང་ཕྱོགས་ཀྱི་བླ་སྤྲུལ་དག་ཕེབས་ནས་རབ་གནས་དང་མཆོད་འབུལ་གང་ལེགས་བགྱིས་ཏེ་གདན་ས་ཆེན་པོ་ལ་མོ་བདེ་ཆེན་དུ་འདི་གའི་གྲྭ་པ་རྣམས་ཀྱིས་ཕེབས་སྐྱེལ་ཞུས་ཏེ་གདན་དྲངས། ། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ནི། འདུ་ཁང་ཀ་རིང་བཞིས་བཏེགས་པའི་གྱན་ལྔ་ཡིན་ལ་སྟེང་དུ་གསེར་ཟངས་ལས་གྲུབ་པའི་གན་ཇི་ར་དང་ཆོས་འཁོར་སོགས་ཀྱིས་བརྒྱན། ནང་གི་གདོང་གྲལ་གྱི་དབུས་སུ་བླ་མ་མཁན་ཁྲི་རིམ་བྱོན་གྱི་བཞུགས་ཁྲི་གདོང་ལྔས་བཏེགས་པའི་ཁྲི་ཆེན་དང་འཇམ་དབྱངས་སྟོང་སྐུའི་གྱན་ཐང་གསུམ། ཁྲིའི་གཡས་སུ་ཞྭ་དམར་པཎྜི་ཏའི་འདྲ་སྐུ་ཆེ་ལེགས་བྱིན་ཅན། གཡོན་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེས་གནང་བའི་བྱང་ཆུབ་མཆོད་རྟེན་ཆེ་ལེགས་གཅིག གཡས་གཡོན་དུ་རྒྱན་དྲུག་མཆོག་གཉིས། གཡས་ཀྱི་ཕྱི་གྲལ་དུ་གནས་བརྟན་བཅུ་དྲུག་དང་། ལོགས་གཡས་སུ་བདེ་གསང་འཇིགས་གསུམ་དང་དུས་འཁོར། ལོགས་གཡོན་དུ་སྨན་བླ། གདུགས་དཀར། སྒྲོལ་མ། སྤྱན་རས་གཟིགས། ཡར་འཁོར་གཡས་གཡོན་གཉིས་སུ་རྟ་མགྲིན། མགོན་པོ་ཕྱག་དྲུག་པ། སྟེང་གི་རྒྱ་མཐོངས་དབུས་སུ་རྗེ་ཡབ་སྲས་གསུམ། གཡས་སུ་འོད་དཔག་མེད། གཡོན་དུ་སྨན་བླ་མཛད་བཅུ་གཙོ་བོའི་ཐང་ཆུང་ལྔ་བཅུ་ཙམ། ཚེ་ལྷ་རྣམ་གསུམ་གཙོས་ལི་སྐུ་སྣ་ཚོགས་ཉེར་ལྔ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། ཐང་སྟོང་རྒྱལ་བོ་སོགས་བཞུགས། གོས་སྐུ་ཆེ་ལེགས་གཉིས། བཀའ་བསྟན་གཉིས། ཉི་ཁྲི་དུམ་པ་བཞི་དང་གཟུངས་གཞུག་གི་པར་ཤིང་སོགས་བཞུགས། ཕྱི་ཁྱམས་སུ་རྒྱལ་ཆེན་སྡེ་བཞི། གཡས་སུ་སྲིད་པའི་འཁོར་ལོ། གཡོན་དུ་རྨ་རྒྱལ་གཙོས་གཞི་བདག་སྐོར་གྱི་གྱན་ཐང་ཚར་དུ་དངར་བ་དུ་མ་དང་། གཡས་གཡོན་དུ་བཀའ་འགྱུར་སེང་གེ་སྒྲ་དམིགས་རྩེ་མ་མ་ཎི་བཅས་ཀྱི་འཁོར་ཆེན་བཞི་བཞུགས། རྣམ་པར་རྒྱལ་བའི་ཁང་བཟང་བྱམས་ཁང་ཆེན་མོ་གྱན་ཉེར་ལྔ་ཡིན་ལ་སྟེང་དུ་གྱོ་མོའི་རྒྱ་ཕིབས་དང་གསེར་ཟངས་ཀྱི་གན་ཇི་ར་བཅས་ཀྱིས་བརྒྱན་པ། ཕྱི་ནང་ཀུན་གྱི་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་ནང་རྟེན་གྱི་གཙོ་བོ་ཡང་རྒྱུ་སྨན་འདམ་ལས་གྲུབ་པའི་བྱམས་པ་ཆོས་འཁོར་མའི་གཡས་སུ་རྗེ་རིན་པོ་ཆེའི་ཤིང་སྐུ་བྱིན་ཅན། གཡོན་དུ་ལྷ་ས་ནས་གདན་དྲངས་པ་རྒྱུ་སྤོས་འདམ་ལས་གྲུབ་པའི་འབྲོམ་སྟོན་པ་གཙོ་བོ་གསུམ་གྱི་རྒྱབ་ཕྱོགས་སུ་དུས་གསུམ་སངས་རྒྱས་ཀྱི་གྱན་ཐང་གསུམ། གཡས་གཡོན་གཉིས་སུ་གདུགས་དཀར། ཕྱག་སྟོང་སྤྱན་སྟོང་། སྒྲོལ་མའི་ཞིང་བཀོད། རིགས་ལྡན་དྲག་པོའི་འཁོར་ལོ་བཅས་ཀྱི་གསེར་ཐང་ཁྱད་མཚར་ཅན། སྨན་བླ་དང་ལྟུང་བཤགས་གཉིས་ཀྱི་ཚོན་ཐང་། ཚེ་ལྷ་རྣམ་གསུམ་གྱི་ཐང་ཆེན་གཅིག་བཅས་བཞུགས། སྟེང་གི་གཡས་ཕྱོགས་སུ་མགོན་ཁང་ཡོད་ལ་སྲུང་མའི་གཙོ་བོ་ལྷ་མོ་དམག་ཟོར་མ་སྟེ་ཨ་རིན་སྐུ་རིང་བཅུ་གཅིག་གི་རིང་བསྟེན་པའི་ཞལ་ཐང་བཀའ་གཉན་ཅན། གཡོན་དུ་གནས་ཆུང་འཕྲིན་ལས་རྒྱལ་བོའི་ཞལ་ཐང་། རྒྱུ་དངུལ་ལས་གྲུབ་པའི་ཕྱག་ཆ་ཆ་ཚང་དང་ཆོས་སྐྱོང་རྣམས་ཀྱི་ཞལ་འབག་འཆམ་གོས་སྣ་ཚོགས་བཅས་དང་། གཞན་འདུ་ཁང་དང་བྱམས་ཁང་སོ་སོའི་ནང་དུ་མཆོད་པའི་ཡོ་བྱད་ཀྱི་སྐོར་ལ། དུང་ཕོར་ཆེ་ཆུང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག ལི་ཏིང་བདུན་ཚར་ཆེ་བ་གཅིག སྦུབས་ཆ་ཉེར་བཞི། དུང་ཆེན་དང་ལྗགས་གླིང། ཀ་གླིང་བཞི་རེ། དུང་དཀར་ཆེ་ཆུང་ལྔ། གསེར་ཟངས་ཀྱི་སྤྱི་བླུགས། དངུལ་རྐོང་ཆེ་ཆུང་གསུམ། བུམ་པ་ཆེ་ཆུང་དགུ ཀ་འཕན་བརྒྱད། བཞུགས་གདན་རྒྱབ་ཡོལ་ཆ་བཞི། གྲུམ་ཙེ་གྲལ་གདན་བཅུ་གཉིས། ཚོགས་ཟངས་གྱན་གང་བ་གསུམ་བཅས་རགས་བསྡུས་ཙམ་མོ། ། 
        གཞན་ཡང་སྡེ་འདིའི་སྒར་ཁག་སྐོར་ནི་ཨ་རིན་ཚང་གི་སྒར་བ། སྔགས་རམས་པའི་སྒར་བ། བཟང་ཀྱ་སྒར་བ་བཅས་ཀྱི་མཆོད་ཁང་དུ་སྐུ་གསུང་ཐུགས་ཀྱི་རྟེན་མང་ཙམ་བཞུགས་ཤིང་། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་ཡར་སྔོན་གྲྭ་ཤག་ཉེར་དགུ་དང་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་བཞུགས། སྔོན་དགོན་པ་ཧ་ཅང་དར་བའི་དུས་སུ་གྲྭ་པ་བརྒྱད་ཅུ་ཡས་མས་སུ་སླེབས་མྱོང་ལ་དུས་དེར་མཉྫི་རྒྱལ་རབས་ཀྱི་གོང་མ་ཞིག་གི་རིང་ཕུལ་བའི་བཀའ་ཤོག་ནང་འཁོད་པ་ལྟར་ན་སྡེ་འདིར་གོང་ནས་ཕོགས་ཐོབ་གནང་ཡོད་ལ། ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནམ་ཡོང་ལ་ཁྲི་ཀའི་ས་སྒོའི་མདུན་དུ་སྔར་གྱི་བཀའ་ཤོག་དེ་ཁྱེར་བས་གྲྭ་པ་རེ་ལ་དངུལ་སྒོར་རེ་དང་འབྲུ་ཕོགས་ཅུང་རེ་ལེན་རྒྱུ་ཡོད་ལ་དུས་ཕྱིས་སྲོལ་དེ་རིམ་པས་ཉམས་སོ། །
        གཞན་ཡང་གདན་ས་འདིའི་འདོན་རྟ་དབྱངས་གསུམ་དང་ཆོ་ག་ཕྱག་ལེན་རྣམས་སྐུ་འབུམ་རྒྱུད་གྲྭ་ཇི་ལྟ་བ་དང་ཆོས་ཐོག་དང་ཚོགས་འདོན་གྱི་སྐོར་ལ་རྒྱ་ལོའི་སྨོན་ལམ་ཉིན་བདུན། ཚེས་བཅུ་བཞི་ལ་ཆོས་སྐྱོང་རྣམས་ཀྱི་འབག་འཆམ། འཆམ་གྱི་ཕྱག་རྒྱུན་དགོན་ལུང་བྱམས་པ་གླིང་ཡིན། ཚེས་བཅོ་ལྔའི་ཉིན་བྱམས་པ་གླིང་སྐོར་དང་གོས་སྐུ་བཀྲམ། ཟླ་གསུམ་པར་ཀུན་རིག་གི་སྒྲུབ་མཆོད་ཉིན་བཅོ་ལྔ། བཞི་པའི་མཆོད་པ་ཉིན་བདུན། ཚེས་བཅུ་བཞིར་འབག་འཆམ་གོང་དང་མཚུངས། དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས། བཅུ་པའི་ལྔ་མཆོད་ཉིན་བདུན། ཉེར་དགུའི་ཉིན་འབག་འཆམ་གོང་དང་མཚུངས། བཅུ་གཉིས་པའི་ནང་མགོན་ཆོས་ལྔའི་བསྐང་གསོ་ཉིན་ལྔ། གནམ་གང་ལ་ལྷ་མོའི་ཚེས་གཏོར་རྒྱུན་གྱི་དུས་འབྲེལ་གསོ་སྦྱོང་དང་བཅས་ཡིན། མཆོད་སྡེ་ཡང་རོང་བོ། ཨ་སྐོང་། ནགས་ཤུལ། སྤེན་ཐོག ཀླུ་ཕུག བ་ལི། བ་བཙོང་རྣམས་ཡིན་ལ་རྒྱ་ལོའི་སྨོན་ལམ་དང་གསུམ་པའི་སྒྲུབ་མཆོད་གཉིས་ཚོ་བ་བདུན་གྱིས་གཏོང་དགོས། བཞི་པའི་མཆོད་པ་ཚོ་བ་ཡོངས་ཀྱིས་གཏོང་དགོས། ལྔ་མཆོད་གཞུང་གཉེར་དང་དབྱར་གནས་ཁྲི་བས་གཏོང་དགོས་པའི་སྲོལ་རྒྱུན་རབ་རྒྱལ་ས་ཁྱི་ལོའི་བར་གནས། ། 
       ཉམས་པ་སླར་གསོ་བྱས་པའི་ཚུལ། ཆོས་དད་རང་མོས་ལག་བསྟར་བྱས་པ་ནས་བཟུང་བཀྲ་ཤིས་མཚུངས་མེད་དམ་པ་ཨ་རིན་བློ་བཟང་ལེགས་བཤད་རྒྱ་མཚོ་གཙོས་ཤུལ་དུ་མཆིས་པའི་གྲྭ་པ་རྒན་པ་ཁ་ཤས་ཀྱི་ཐོག རང་སྡེ་སོ་སོའི་དད་ལྡན་མང་ཚོགས་གཙོས་གཞན་དད་གཏོང་ཆེ་བའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་གང་དྲག་སྦྱར་བར་བརྟེན། རབ་རྒྱལ་ཤིང་གླང་ཕྱི་ལོ་༡༩༨༥ ལོར་སླར་གསོ་བྱ་བའི་དབུ་བཙུགས། དམ་པ་ཉིད་ཀྱི་ལྗགས་བཀོད་བཞིན་སྒར་གྲོང་སོ་སོའི་དགེ་ལ་འདུན་པ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་སྔར་གྱི་བྱམས་ཁང་གི་ཤུལ་དུ་ཀ་རིང་གཉིས་ཀྱིས་བཏགས་པའི་ཚོགས་ཁང་ཞིག་གསར་བཞེངས་བྱས། བླ་མ་དམ་པ་འདི་ཉིད་ཀྱིས་ཞལ་བཀོད་གང་རྒྱས་དང་མཐུན་རྐྱེན་གང་ཡོད་སྦྱར་ཏེ་ནང་རྟེན་དུ་སྨན་འདམ་ལས་གྲུབ་པའི་རྒྱན་དྲུག་མཆོག་གཉིས་དང་འཇམ་མགོན་བླ་མ་ཡབ་སྲས་ཀྱི་གསུང་འབུམ་ཆ་ཚང་འཇོག་གནང་མཛད་པ་ནི་རྟེན་གྱི་ཐོག་མ་ཡིན་ལ། གཞན་རང་གྲྭ་སོ་སོས་དུས་གསུམ་སངས་རྒྱས་སོགས་སྐུ་རྟེན་ཁ་ཤས་དང་། མང་བྱ་དང་བོང་སྟག་ཆུ་ལེན་སོགས་ཕྱོགས་སོ་སོའི་ཡོན་བདག་རྣམས་ནས་མཐུན་རྐྱེན་སྦྱར་ཏེ་སྔ་ཕྱིར་བཀའ་འགྱུར་ཚར་གཉིས་དང་བསྟན་འགྱུར་ཚར་གཅིག་བཅས་ལོ་ཤས་ནང་གསུང་རྟེན་མི་ཉུང་བ་ཙམ་འདུས་ཤིང་། གྲྭ་ཚོགས་ཀྱང་ཅུང་རྒྱས་ཏེ་དམ་པ་འདིའི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་དགའ་ལྡན་དར་རྒྱས་གླིང་བདེ་བླག་ཏུ་གྲུབ་པར་མཛད། རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་སྐུ་འབུམ་མཁན་པོ་སྐེ་ཀྱཱ་བློ་བཟང་བསྟན་པའི་སྒྲོན་མེ་སྡེ་འདིར་གདན་དྲངས་ཏེ་ལྷ་ཁང་རྟེན་བརྟེན་པ་བཅས་ལ་རབ་གནས་དང་དད་ལྡན་སེར་སྐྱ་ཡོངས་ལ་དབང་ལུང་སོགས་ཀྱི་བཀའ་དྲིན་བསྩལ། རབ་རྒྱན་ས་འབྲུག་ཕྱི་ལོ་༡༩༨༨ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་སྡེ་འདིའི་ཆོས་སྒོ་ཕྱེ་སྟེ་ཆོས་སྤེལ་ཡུལ་དུ་ཆོག་མཆན་གནང་སྟེ་དོ་དམ་ལྷན་ཚོགས་གསར་དུ་བཙུགས། རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོ་ནས་འདུ་ཁང་གསར་བཞེངས་ཀྱི་མགོ་བཙུགས་ཏེ་༡༩༩༡ལོར་མཇུག་ལེགས་པར་གྲུབ། ཕྱི་ལོ་༡༩༨༥ལོ་ནས་༡༩༩༢ལོའི་བར་ལོ་ངོ་བརྒྱད་རིང་བྱམས་ཁང་དང་འདུ་ཁང་རྟེན་བརྟེན་པ་བཅས་ལེགས་གྲུབ་བྱུང་། ད་ལྟ་གསར་དུ་ལས་པའི་གྲྭ་ཤག་བཅོ་ལྔ་དང་དགེ་འདུན་པ་སུམ་ཅུ་ལྷག་བཞུགས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ངོས་སྔར་གྱི་ཆོས་ཐོག་དང་སྲོལ་རྒྱུན་ཕལ་ཆེར་ཉམས་གསོ་དང་སྒྲིག་ལམ་དང་དོ་དམ་ཡོད་པའི་སྒོ་ནས་རྒྱུན་ལྡན་གྱི་ཆོས་སྒྲུབ་བཞིན་པའི་སྐབས་སོ། །

 གསལ་འདེབས། 
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།