རྡོར་དགོན་ཐོས་བསམ་འཕེལ་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 20:06:49     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

       ༄༅། ། དེ་ཡང་རྨ་ཆུའི་གཡོན་ཟུར་ན་གནས་པའི་ཡུལ་སྡེ་སྒོ་མོ་རྡོ་རི་སྡེ་བའི་རྒྱབ་རི་སྨུག་པོ་ཨ་མ་ཟོར་དགུ་དང་འབྲེལ་བ། དེའི་མདུན་དུ་བྱང་ཕྱོགས་ནས་རྒྱུད་པའི་ཉིན་ལམ་ཆོད་པའི་རི་རྒྱུད་ཆེན་པོ་ཕོ་རོག་རྫ་དང་། མཚོ་གླིང་མཚོ་བདུན་ནས་རྒྱུད་པའི་ཆུ་ཆེན་བཞུར་བ། ཤར་གྱི་སྟག་སྐྱ་བོ་མཚོན་བྱེད་མདུན་རི་དགུང་དང་མཉམ་པ། སའི་དབྱིབས་ནི་གཡུ་ཡི་གཞོང་བ་ཞིག་དང་མཚུངས་པའི་དབུས་སུ་རྒྱབ་རི་ལ་རྣམ་སྲས་རྟ་བརྒྱད་གནས་པའི་རི་བོ་ཆུང་ཆུང་ཞིག་གི་འདབས་སུ་ཆགས་ཡོད། འདེབས་མཁན་ནི་ཆོས་ཀྱི་སྤྱན་ལྡན་རྗེ་བཙུན་བླ་མ་ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ཡིན། ད་ལྟ་ཚང་མས་རྡོ་རི་དགོན་པར་འབོད། འདེབས་པའི་དུས་ཚོད་ནི་རབ་དྲག་ས་གླང་ལོ་ཡིན་ལ་ལོ་ངོ་སུམ་བརྒྱ་ལྷག་འགོར། གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་ཡིན། དང་ཐོག་དགོན་སྡེ་འདི་སྒོ་མེ་ཞོལ་མ་རྡོ་རི་ཚང་ཟེར་བ་འདིའི་དཔོན་ཁོངས་སྒོ་མེ་དཀར་བརྗིད་སྟོང་དཔོན་ལ་གཏོགས། །
        དགོན་འདི་ལ་བླ་མ་གཉིས་ཡོད་དེ། ཐོག་མ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་བསྡུས་པ་ཙམ་ཞིག་བརྗོད་ན། དགེ་བའི་བཤེས་གཉེན་ཆེན་པོ་ཨ་སྐོང་རབ་འབྱམས་པ་གཤེགས་རྗེས་ཡུལ་མི་སེར་སྐྱ་རྣམས་ཀྱིས་རེ་བ་ལྟར་ཡང་སྲིད་བཙལ། སྐུ་ཕྲེང་དང་པོ་འདི་ཉིད་རང་སྡེ་ཨ་སྐོང་ཚོ་བའི་བརྩོན་འགྲུས་ཚང་ལ་འཁྲུངས་པ་དང་། སྐུ་ཕྲེང་གཉིས་པ་རང་སྡེ་ཨ་སྐོང་ཚོ་བའི་ལྷ་མཆོག་ཚང་ལ་འཁྲུངས། དགུང་ལོ་གསུམ་སྟེང་གདན་སར་བཀོད་པ་དང་བདུན་སྟེང་རབ་ཏུ་བྱུང་། དེ་ནས་རིམ་པར་དགོན་སྡེ་འདི་བའི་ཚོགས་འདོན་གྱི་སྐོར་དགུང་ལོ་བཅོ་ལྔའི་སྟེང་སྦྱང་བ་མཐར་ཕྱིན་ནས། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སུམ་ཅུའི་སྟེང་ནས་བཟུང་ཁྲི་ཀའི་གླིང་ཚ་དགོན་པ་དང་དགའ་ལྡན་དགོན་པར་ཕེབས་ནས་ཁྲིར་བཞུགས་ལོ་གསུམ་རེ་གནང་། དགོན་སྡེ་དེ་གཉིས་ལ་མཆོད་བཀུར་དང་། དགོན་པའི་སྤྱི་གཞུང་ལ་སྤྱི་འཇོག་དང་དགེ་འདུན་རྣམས་ལ་འགྱེད་སྐལ་ཕུལ་ནས་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད། དགུང་ལོ་དོན་གཅིག་སྟེང་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་ཕྲེང་གསུམ་པ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་ཉིད་རྡོ་རི་ཀ་རིང་ཚོ་བའི་ཡབ་རྒྱ་མཚོ་དང་ཡུམ་ནོར་བུ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་སྟེང་གདན་སར་བཀོད་པ་དང་བདུན་སྟེང་རབ་ཏུ་བྱུང་། ཨ་ཁུ་སྒར་བ་ཚང་ཡོངས་འཛིན་ལ་བསྟེན་ནས་བླ་མཆོད་སོགས་འདོན་ཆོས་བསླབས་ནས་དགུང་ལོ་བཅུ་བཞི་སྟེང་མཐར་ཕྱིན། དེ་ནས་དགུང་ལོ་བཅུ་བདུན་སྟེང་སྐུ་འབུམ་བྱམས་པ་གླིང་དུ་ཚོགས་བཞུགས་གནང་། བཀའ་ཆོས་མང་པོ་གསན། དགུང་ལོ་ཉེར་གསུམ་སྟེང་ཁོང་ཕྱིར་རང་དགོན་དུ་ཕེབས་ཏེ་ནང་བསླབ་པ་གསུམ་གྱི་ཉམས་ལེན་དང་ཕྱི་འདུལ་བའི་འདུལ་ཁྲིམས་ཞུ་དག་ཕུན་སུམ་ཚོགས་པར་མཛད། དམ་པ་འདི་ཉིད་ཀྱི་སྐུ་རིང་ལ་དགོན་སྡེ་འདིའི་འཛིན་སྐྱོང་དང་། ཚོགས་བསགས་སྒྲིབ་སྦྱོང་། ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་བརྩོན་གསུམ་ཚུལ་བཞིན་བགྱི་བའི་བྱ་བ་ཐམས་ཅད་གསར་བཅོས་མང་པོ་མཛད། དགུང་ལོ་སུམ་ཅུའི་སྟེང་མཆོད་རྟེན་སྐེ་དགོན་པར་ཕེབས་ནས་ལོ་གསུམ་ལ་བཞུགས་ཏེ་མཁན་པོའི་གོ་གནས་ཐོབ། ཕྱིར་རང་དགོན་དུ་ཕེབས་ནས་དགུང་ལོ་སོ་ལྔའི་སྟེང་བྱམས་ཁང་ཆེན་པོ་ཞིག་བཞེངས་པའི་ནང་དུ་བྱམས་སྐུ་ཆེན་པོ་གཅིག གསང་བདག་གཉིས། འཇམ་དབྱངས་གཉིས་དང་། སྐྱེས་རབས་རྒྱལ་པོའི་གྱན་ཐང་བརྒྱད། མཛད་བཅུའི་གྱན་ཐང་། འཇིགས་མེད། རྟ་མགྲིན། རྗེ་ཐང་སྟོང་སོགས་དང་བྱམས་སྐུ་ལ་ན་བཟའ་ཁ་ཚང་། ལི་ལས་གྲུབ་པའི་ཏིང་ཕོར་དང་ཚེ་འབར་སོགས་རྒྱས་པར་བཞེངས། དེ་ནས་ཁྲི་ཀའི་དགའ་ལྡན་དགོན་པ་དང་ཧོར་ཀྱའི་དགོན་པ། འཇམ་མོ་དགོན་བཅས་སུ་ཁྲིར་བཞུགས། དེ་རྗེས་སྒོ་མེའི་གསང་སྔགས་བདེ་ཆེན་གླིང་གི་ཁྲིར་ལོ་གསུམ་བཞུགས་ཏེ་དགོན་སྤྱི་གཞུང་ལ་དངུལ་སྒོར་སུམ་བརྒྱ་སྤྱི་འཇོག་དང་བླ་གྲྭ་རེར་དངུལ་སྒོར་བཅུ་རེའི་འགྱེད་གནང་ནས་མཆོད་བཀུར་རྒྱ་ཆེན་པོ་མཛད་དོ། ། 
        དེ་ནས་ཕྱིར་རང་དགོན་དུ་ཕེབས་ནས་དགོན་གྱི་ཆོས་ཐོག་སོ་སོའི་གཏོང་ཐེབས་ལ་དངུལ་སྒོར་སུམ་བརྒྱ་དང་དགོན་པ་སྤྱི་གཞུང་ལ་སྤྱི་འཇོག་དངུལ་སྒོར་ཉིས་སྟོང་། ལྔ་བཅུ་མ་གཅིག་ཕུལ་བ་དང་། གཞན་ལྷ་རྫས། མཆོད་རྫས་འབུད་བཀྲོལ་རོལ་མོ་སྣ་ཚོགས། འཆམ་གོས་སྣ་ཚོགས་སྤྱི་འཇོག་གནང་བར་མ་ཟད། བླ་གྲྭ་རྣམས་ལ་ལོ་རེ་བཞིན་འབྲུ་རིགས་ཀྱི་འགྱེད་སྐལ་ཕུལ། དམ་པ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་ནང་བསླབ་པ་གསུམ་གྱི་ཉམས་ལེན་དང་ཕྱི་འདུལ་བའི་འདུལ་ཁྲིམས་བསྲུང་ནས་ཚུལ་ཁྲིམས་ཀྱི་ཕུང་བོར་གྱུར་པ་མ་ཟད། ཞྭ་དམར་པཎྜི་ཏ། ཨ་ལགས་ཁ་ཀྱ་རིན་པོ་ཆེ། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་ཕུན་ཚོགས་རིན་པོ་ཆེ་སོགས་སྔ་རྗེས་སུ་གདན་དྲངས་ནས། བླ་གྲྭ་རྣམས་ལ་ལམ་རིམ་ཆེན་མོ་དང་། བྱང་ཆུབ་ལམ་རིམ། རྒྱུད་སྡེ་བཞིའི་དབང་ལུང་རྗེས་གསུམ། གཞན་བཀའ་ཆོས་གསུང་ཆོས་མང་པོ་གསུངས་པ་དང་། དེའི་ཞོར་དུ་རིག་གནས་སྐོར་གྱི་སུམ་རྟགས་དང་སྒྲ་སྙན་ངག གསོ་རིག ལས་བཞིའི་ཐབ་ཐིགས་སོགས་རྒྱས་པར་སློབ་ཁྲིད་གནང་དུ་བཅུག་པ་སོགས། དགོན་སྡེ་འདིར་ཐུགས་ཁུར་བཞེས་ནས་དགུང་ལོ་བདུན་ཅུའི་བར་བཞུགས། ཁོང་ལ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་ཞེས་མཚན་འབོད་པ་དང་། ཡུལ་མི་སྐྱ་སེར་རྣམས་ཀྱིས་རྡོ་རི་ཞབས་དྲུང་ངམ་རྡོ་རི་ཨ་ལགས་ཀྱང་ཞུ་ཞིང་ཕྱི་ལོ་༡༩༥༦ལོར་གཤེགས། །
ཨ་ལགས་བྱམས་པ་ཟླ་འོད་ཀྱི་སྐུ་ཕྲེང་བཀོད་པ་ལ། སྐུ་ཕྲེང་དང་པོ་འདི་ཉིད་སྒོ་མེ་གོང་མའི་རྡོ་ར་སྡེ་བར་འཁྲུངས། མཚན་གཞན་ཆུ་དཀར་ཨ་ལགས་ཀྱང་ཟེར། དགུང་ལོ་གསུམ་སྟེང་གདན་སར་བཀོད་པ་དང་བདུན་སྟེང་རབ་ཏུ་བྱུང་ནས་མཚན་ལ་བྱམས་པ་ཟླ་འོད་གསོལ། དགོན་སྡེ་འདིའི་ཚོགས་འདོན་ཐམས་ཅད་བསླབས་ནས་དགུང་ལོ་བཅོ་ལྔའི་སྟེང་མཐར་ཕྱིན། དགུང་ལོ་སོ་ལྔའི་སྟེང་སྒོ་མེ་མཆོད་རྟེན་སྐེ་དགོན་པའི་མཁན་པོར་ལོ་གསུམ་བཞུགས། དགོན་པ་སྤྱི་གཞུང་ལ་སྤྱི་འཇོག་དང་དགེ་འདུན་པར་འགྱེད་སྐལ་ཕུན་སུམ་ཚོགས་པ་མཛད། ཕྱིས་རང་དགོན་དུ་ཕེབས་ནས་འདུ་ཁང་ལ་གསེར་མཚོན་ཕུལ་བ་དང་། དགོན་པའི་འདོན་ཆོས་སྤྱོད། དབྱངས་རྟ་སྤྱོད་གསུམ། འཆམ་ལ་སོགས་པར་ཞུ་དག་རྒྱ་ཆེན་པོ་མཛད། དམ་པ་འདི་ཉིད་ཀྱི་ཉམས་ལེན་གཙོ་བོ་གཅོད་དང་། འཇིགས་བྱེད་ལྷ་བཅུ་གསུམ་པ་ཡིན་པས་ལོ་རེ་བཞིན་བསྙེན་སྒྲུབ་ཚུལ་བཞིན་དུ་བགྱིས་ནས་དགུང་ལོ་བདུན་ཅུའི་ཡས་མས་སུ་དགོངས་པ་ཆོས་དབྱིས་སུ་གཤེགས་སོ། །
སྐུ་ཕྲེང་གཉིས་པ་སྒོ་མེ་ཞོལ་མ་རྡོ་རི་གཉིས་ཚང་སྡེ་བའི་མོས་རྫ་ཚོ་བར་ཡབ་དཔལ་བཟང་དང་ཡུམ་གནམ་སྐྱིད་ཀྱི་སྲས་སུ་འཁྲུངས། ཐར་ཤུལ་རིན་པོ་ཆེས་ཐུགས་ཐག་བཅད་ནས་དགུང་ལོ་གསུམ་སྟེང་གདན་སར་བཀོད་པ་དང་དགུང་ལོ་བདུན་པར་ཐར་ཤུལ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་དེ་མཚན་ལ་བློ་བཟང་བསྟན་པ་རྒྱ་མཚོ་གསོལ། དགུང་ལོ་བཅུ་གསུམ་སྟེང་འདོན་ཆོས་ཐམས་ཅད་ཐུགས་སུ་ཆུད། དགུང་ལོ་བཅུ་བཞིའི་སྟེང་ལྡི་ཚ་དགོན་པར་ཚོགས་བཞུགས་གནང་ནས་དགེ་བཤེས་ཆེན་པོ་ཕུན་ཚོགས་རིན་པོ་ཆེ་ཡོངས་འཛིན་ལ་བསྟེན་ནས་ཚད་མ་སོགས་སྦྱང། ཡབ་ཡུམ་གྱིས་གདན་དྲངས་ནས་མཚོ་སྔོན་པོའི་ཕྱོགས་སུ་ལོ་མང་པོར་བཞུགས། རྩ་བའི་བླ་མ་རྡོ་རྗེ་ཆེན་མོ་རྡོ་རི་ཞབས་དྲུང་རིན་པོ་ཆེའི་མདུན་དུ་འཕོ་བའི་གདམས་པ་དང་། ཨ་ཁུ་ཕུན་ཚོགས་རིན་པོ་ཆེའི་མདུན་དུའང་བཀའ་ཆོས་མང་པོ་གསན་ནས་ནང་རྟོགས་པའི་ཉམས་ལེན་རིམ་པ་རྒྱུད་ལ་འཁྲུངས། དམ་པ་འདི་ཉིད་ཀྱིས་དགོན་སྡེ་འདིར་མཆོད་བཀུར་བསྙེན་གསུམ་དང་གྲྭ་པ་རྣམས་ལ་དབུ་སྐྱོང་མཛད་བཞིན་བཞུགས། །
        དགོན་པའི་འབྲེལ་བའི་སྐོར། དགོན་སྡེ་འདིའི་མ་དགོན་ནི་སྒོ་མེ་མཆོད་རྟེན་སྐེ་དགོན་པ་ཡིན་པས་དེ་བཞིན་ཚོགས་སྟངས་དང་བཞུགས་སྟངས། གྲོལ་སྟངས། འདོན་རྟ་དབྱངས་གསུམ། འབུད་བརྡུངས་དཀྲོལ་གསུམ། ཆོ་ག་ཕྱག་ལེན་ཐམས་ཅད་མ་ནོར་བར་ཚུགས་ཡོད། དེར་མ་ཟད། ལྡི་ཚ་དགོན་པར་ཡང་འབྲེལ་བ་བཙུགས་ཡོད་དེ། དགོན་པ་དེའི་བླ་མ་དང་དགེ་བཤེས་ཆེན་མོ་རྣམས་ལོ་རེ་བཞིན་དགོན་སྡེ་འདིར་ཕེབས་ནས་བླ་གྲྭ་རྣམས་ལ་ནང་བསླབ་པ་གསུམ་གྱི་ཉམས་ལེན། ཕྱི་འདུལ་བའི་འདུལ་ཁྲིམས་སྲུང་བ་ལ་བསླབ་བྱ་གནང་དགོས་པའི་དོན་གྱིས་འགྲེལ་བ་ཆགས་ཡོད། །
        དགོན་པའི་སྒྲིག་འཛུགས་སྐོར། འཇམ་མོ་བཙན་པོ་མ་དཀོན་མཆོག་བསྟན་འཛིན་ཉི་མའི་སྐུ་རིང་ནས་དགོན་པ་འདིའི་དགོན་བདག་ནི་ཨ་ལག་འཇམ་མོ་ཡིན། དེ་སྐབས་ནས་དགོན་སྡེ་འདིའི་དགེ་བསྐོས་བསྐོ་ཚུལ་ནི། གྲྭ་པ་གསུམ་གྱི་མཚན་ཐོ་ཨ་ལགས་འཇམ་མོའི་མདུན་ཁྱེར་ནས། ལུང་བསྟན་ལས་ལོ་དེའི་དགོན་པའི་བྱ་བ་གྲྭ་པ་སུས་འགྲུབ་པའི་རྟེན་འབྲེལ་ལ་བརྟགས་ཤིང་། བླ་མ་འདི་བའི་ཕྱག་ཐམ་བརྒྱབ་ནས་ཐག་བཅད་རྗེས་དགའ་ལྡན་ལྔ་མཆོད་ཆེན་མོ་བཅུ་པའི་ཉེར་ལྔ་ཉིན་དགེ་བསྐོས་གསར་བ་ལ་དཔལ་དར་འཐེན་ནས་བསྐོ་བཞག་མཛད་དགོས། དགེ་བསྐོས་དེའི་ལྷ་སྡེ་ཚོ་བ་དྲུག་ཡོད་པའི་ཚོ་བ་རེ་ནས་གྲྭ་པ་རེ་འདེམས་ནས་རྒན་པ་དྲུག་གི་མིང་བཏགས་ཤིང་རྩ་འཛུགས་སུ་འདེམས་དེ། ལོ་དེར་དགོན་པའི་བྱ་བ་ཐམས་ཅད་དགེ་བསྐོས་གཙོས་མི་བདུན་པོས་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས། གཞན་བྱ་བ་ཆེན་པོ་ཐག་མི་ཆོད་པ་ཡོད་ན། བླ་མ་རྣམ་གཉིས་ལ་དགོངས་ཞུ་ཕུལ་ནས་ཐག་གཅོད་དགོས། ། 
        དགོན་པའི་ཆོས་ཐོག་གི་སྐོར། དགོན་སྡེ་འདིར་ཆོས་ཐོག་དྲུག་ཡོད་དེ། རྒྱ་ལོའི་སྨོན་ལམ། བཞི་པའི་མཆོད་པ། བཞི་པའི་སྨོན་ལམ། བརྒྱད་པའི་སྒྲུབ་མཆོད། བཅུ་པའི་ལྔ་མཆོད་དམ་བོད་ལོའི་གཏོར་སྒྲུབ་དང་དྲུག་གོ ཆོས་ཐོག་རེ་རེའི་དམིགས་སྒོ་དང་འདོན་ཆོས་ཕྱོགས་ནི། དང་པོ། རྒྱ་ལོའི་སྨོན་ལམ་ནི་བདག་ཅག་གི་སྟོན་པས་ཆོ་འཕྲུལ་དུས་ཆེན་ཡིན་པས། ཡུལ་མི་རྣམས་ཀྱིས་དྲིན་ཆེན་ཕ་མ་དང་སྤུན་གྲོགས་སོགས་སྲིད་པ་བར་དོ་ན་གནས་པའི་ཚེ་འདས་རྣམས་ཀྱི་དགེ་རྩར་དམིགས་ནས་བཙུགས་ཤིང་། འདོན་ཆོས་འཇིགས་བྱེད་སྒྲུབ་མཆོད་དང་སྟོང་མཆོད་ཡིན་ནོ།
       གཉིས་པ། བཞི་པའི་མཆོད་པའི་ཆོས་ཐོག་ནི་ཡུལ་སྡེ་འདི་གཙོས་རྒྱལ་ཁམས་སྤྱི་དང་། ཁྱད་པར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བ་དང་། ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་འཁྲུངས་ནས་སེམས་ཅན་གྱི་དཔལ་འབྱོར་གོང་དུ་འཕེལ་བའི་དོན་ལ་དམིགས་པའོ། འདོན་ཆོས་ནི་བླ་མཆོད་དང་སྨན་ཐུང་། སྨོན་ལམ་རྣམ་ལྔ། མ་ཎི། མདོ་གདུགས་སྒྲོལ་གསུམ་སོགས་ཡིན།

        གསུམ་པ། བཞི་པའི་སྨོན་ལམ་ནི་སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དུས་ཆེན་འདིར་བརྟེན་ནས། ཡུལ་མི་སེར་སྐྱ་ཚོགས་བསགས་རྣམས་ཆེད་དུ་བཙུགས་པ་དང་། འདོན་ཆོས་འཇིགས་བྱེད་སྒྲུབ་མཆོད་དང་སྦྱིན་བསྲེག བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་སྨྱུང་གནས་དང་མ་ཎི་འདོན་པའོ།
        བཞི་བ། བརྒྱད་པའི་སྒྲུབ་མཆོད་ནི་ཁམས་སྟག་ཤམ་རིན་པོ་ཆེ་དགོན་སྡེ་འདིར་གདན་དྲངས་ནས། རྡོ་རི་ཞབས་དྲུང་ཚང་ལ་ཆོས་རྒྱལ་གྱི་སྲོག་གཏད་དང་རྗེས་གནང་། གཞན་ཆོས་སྐྱོང་རྣམས་ཀྱི་རྗེས་གནང་གསུངས། རྗེས་སུ་ཁམས་སྟག་ཤམ་རིན་པོ་ཆེའི་ཐུགས་དགོངས་ལ་ཁོང་གིས་གདུང་མཆོད་དུ་དམིགས་ནས་དགོན་སྡེ་འདིར་ཆོས་ཐོག་ཞིག་འཛུགས་རྒྱུའི་རེ་འདོད་བླ་གྲྭ་རྣམས་ལ་གསུངས་ནས་ཆོས་ཐོག་འདི་བཙུགས། འདོན་ཆོས་ཀུན་རིག་དང་སྨན་བླའི་སྟོང་མཆོད་ཡིན། ལྔ་བ། བཅུ་པའི་ལྔ་མཆོད་ནི། རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཚུལ་བསྟན་པར་དུས་མཆོད་དུ་དམིགས་ནས་བཙུགས། འདོན་ཆོས་འཇིགས་བྱེད་སྒྲུབ་མཆོད་ཡིན། དྲུག་པ། བོད་ལོའི་གཏོར་སྒྲུབ་དེ་སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་དུ་དགེ་ལུགས་པའི་བསྟན་པ། དགོན་སྡེ་འདེའི་བླ་གྲྭ་རྣམས་ཀྱི་ཞབས་བརྟན། འགྲོ་བ་སེམས་ཅན་གྱི་བདེ་སྐྱིད། དད་ལྡན་སྦྱིན་བདག་རྣམས་ཀྱིས་དགོན་སྡེ་འདི་ལ་མཆོད་བཀུར་བསྙེན་གསུམ་བྱེད་པའི་རིམ་གྲོའི་ཆེད་དུ་བཙུགས། འདོན་ཆོས་འཇིགས་བྱེད་དང་ཆོས་རྒྱལ་གཏོར་སྒྲུབ་འདོན། གཞན་དགོན་སྡེ་འདིར་དབྱར་གནས་དང་གསོ་སྦྱང་མ་བཙུགས་པའི་ཚབ་ཏུ་ཟླ་རེའི་ཚེས་བཅོ་ལྔའི་ཉིན་གནས་བཅུའི་བསྟོད་པ་ཡིན་ནོ། ། 
        དགོན་པའི་འཛུགས་སྐྲུན་སྐོར། དགོན་པ་འདི་ཕྱི་ལོ་༡༧༤༧ལོར་བཏབ་ཅིང་འདུ་ཁང་ལོ་དེར་བཞེངས་ལ། བྱམས་ཁང་ཕྱི་ལོ་༡༩༢༡ལོར་བཞེངས་པ་ཡིན། དགོན་པར་ཉམས་ཉེས་ཐེབས་པའི་སྐོར། དང་པོ་ཁ་ཆེའི་ཟིང་འཁྲུག་གིས་འདུ་ཁང་དང་དངོས་རྫས་རྩ་ཆེན། ལྷ་རྟེན་ཆོས་གསུམ། གྲྭ་ཤག་མང་པོ་མེར་བསྲེགས་ནས་ཐམས་ཅད་ཤུལ་མེད་དུ་བཏང་། དེ་ནས་སྡེ་བཞིའི་སེར་སྐྱ་རྣམས་ཀྱི་བློ་གྲོས་དང་སྙིང་སྟོབས་ལ་བརྟེན་ནས་སྔར་ལས་ལྷག་པ་ཞིག་བཞེངས། དེའི་ནང་དུ་རྒྱལ་བའི་བཀའ་བསྟན་འགྱུར། རྗེ་བཙུན་ཅོག་རོང་བཤད་སྒྲུབ་རྒྱ་མཚོའི་ཤངས་ཁྲག་ལས་བྲིས་པའི་ལྷ་མོ་དམག་ཟོར་མའི་རྟེན་ཐང་། རྒྱན་དྲུག་མཆོག་གཉིས། བླ་མཆོད་ཚོགས་ཞིང་། འཇིགས་བྱེད། ཀུན་རིག སྨན་བླ། ལྟུང་བཤགས འཛམ་གླིང་དམར་སེར། གདུགས་དཀར། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། དགའ་ལྡན་ལྷ་བརྒྱ་མ། འཁོར་དག་པ་རྣམ་རྒྱལ་སོགས་ཀྱི་གྱན་ཐང་བཞུགས་པ་དང་། སྒྲོལ་མའི་སྟོང་སྐུ། ཆོས་སྐྱོང་རྣམས་ཀྱི་འབག་སྐུ་སོགས་བཞུགས། རིག་གནས་གསར་བརྗེའི་དུས་སུ་རོལ་ཆས་རྒྱན་གོས་དང་། བྱམས་ཁང་ནང་གི་བྱམས་སྐུ། གྱན་ཐང་། རྟེན་བྱིན་ཅན་དང་དངོས་རྫས་རྩ་ཆེན་ཐམས་ཅད་ཤུལ་མེད་དུ་བཏང་སྟེ། ད་ལྟ་བཞུགས་པ་ནི་རྡོ་རི་ཞབས་དྲུང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཡིན་ནོ། དགོན་པའི་རྒྱུ་ནོར་སྐོར། དགོན་སྡེ་འདིར་ས་ཞིང་མུའུ་ཆིག་བརྒྱ་བཞི་བཅུ་ཡོད་ལ་དེའི་ནང་ཆུ་མ་མུའུ་བརྒྱད་ཅུ་དང་རི་མ་མུའུ་དྲུག་ཅུ་ཡིན། ཁང་བ་གྱན་སུམ་བརྒྱ་ཉི་ཤུ་ལྷག་དང་ཕྱུགས་ཟོག་ཉིས་བརྒྱ་དང་སོ་གཅིག རྟ་བོང་ང་ལྔ། ནགས་མུའུ་ཉེར་གསུམ་ཡོད་ལ་དེའི་ནང་སྡོང་བོ་ཆིག་སྟོང་དྲུག་བརྒྱ་ཙམ། སིལ་སྡོང་བཅུ་བདུན་ཡོད། དཔལ་འབྱོར་བདག་གཉེར་བྱེད་པའི་སྐོར། ལོ་རེར་མཆོད་གཡོག་འདེམས་བསྐོས་ནས་ལྷ་རྟེན་ཆོས་གསུམ། མཆོད་རྫས། འདུ་ཁང་དང་བྱམས་ཁང་སོགས་ལ་མཆོད་གཡོག་གི་བདག་གཉེར་བྱེད་དགོས་ལ། ལོ་དེའི་ནང་དངོས་རྫས་གང་ཞིག་མེར་བསྲེགས་པ་དང་རྐུན་མས་ཁྱེར་བ། ཆག་སྐྱོན་གང་བྱུང་ཡང་མཆོད་གཡོག་གིས་སྐྱིན་ཚབ་སྤྲོད་དགོས། ཆུ་མའི་ཞིང་ས་བླ་གྲྭ་རང་རང་ལ་བགོས་ནས་འདེབས་པ་དང་རི་མ་གྲོང་གི་ཁྱིམ་ཚང་ལ་སྤྲད་ནས་སྟོན་འཇུག་འདེབས་མཁན་ལ་ལོ་དེའི་ཡོངས་སྒོ་སུམ་ཆ་གཉིས་དང་། དགོན་པར་སུམ་ཆའི་གཅིག་ཕུལ་ནས་གཞུང་གཉེར་ལ་སྤྲོད་དོ། །

 གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།