ཆུ་ནག་དགོན་བཀྲ་ཤིས་ཆོས་གླིང་།

ཡོང་ཁུངས།   དབང་ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 19:54:59     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        ༄༅། ། མཆོད་གཞིས་ཆུ་ནག་གྲོང་ཚོ་ཡིན་པས་ཆུ་ནག་དགོན་ཞེས་འབོད། སྒྲུབ་སྡེ་འདི་ལྷ་ཆེན་སྟོད་སྨད་ཀྱི་མཚམས་འཇམ་དབྱངས་ཐང་དུ་ཡོད།
ཐོག་མར་སྟོང་འཁོར་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་གླང་མའི་ཆུ་འགྲམ་འཕྲང་ལམ་གོང་མ་ཟེར་བའི་སར་རབ་འདོད་མེ་ཁྱི་ཕྱི་ལོ་༡༧༦༦ལོར་ཕྱག་བཏབ་པར་གྲགས། དེ་ནས་བཟུང་སྟོང་འཁོར་ཐུབ་བསྟན་བཤད་སྒྲུབ་གླིང་གི་དགོན་ལག་ཏུ་གཏོགས། གནས་དེར་འདུ་ཁང་དང་སྐུ་གསུང་ཐུགས་རྟེན། གྲྭ་ཤག་སོགས་ཅི་ཙམ་ཡོད་པ་མི་གསལ་ཞིང་། དགེ་འདུན་ཞལ་གྲངས་བརྒྱ་ཕྲག་ལས་བརྒལ་བ་མདོ་སྨད་ཆོས་འབྱུང་དུ་གསལ། སྐབས་དེའི་མཆོད་གཞི་གཙོ་བོ་ནི་སྒོ་མེ་གོང་མ་དང་བར་མ། ཆུ་ནག་སོགས་ཡིན་ལ། གླང་མའི་ཆུ་འགྲམ་དེ་ལོ་ཚོད་ཅི་ཙམ་ཞིག་སོང་བ་ངེས་དཀའ་ཡང་། ཕལ་ཆེར་ལོ་ངོ་བཞི་ཅུར་ཉེ་བ་ཙམ་སོང་སྙམ། དགོན་གནས་སྤོ་དོན་ནི། གླང་མའི་ཆུ་འགྲམ་དེར་གནས་དབེན་ཞིང་སྐྱེ་བོ་མི་བསྲུན་པ་དག་གིས་རྐུ་འཕྲོག་བཅོམ་གསུམ་གྱིས་འཚེ་བས་གནས་དེར་སྡོད་མ་ནུས་པར་རབ་ཡིད་ཡས་མས་ཙམ་དང་། ཕྱི་ལོའི་དུས་རབས་བཅུ་དགུའི་མགོ་ཙམ་ལ་བཀྲ་ཤིས་ལྷ་ཆེན་སྨད་ཀྱི་ཁོངས་ལྗོན་ཤིང་ཐང་ཟེར་བའི་སར་དགོན་གནས་སྤོས། དེར་འདུ་ཁང་དང་རྟེན་བརྟེན་པ་གསར་བཞེངས་མཛད། ནང་རྟེན་གྱི་གཙོ་བོ་ནི་ཙན་དན་དམར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་བརྙན་དགུང་ལོ་བདུན་པའི་ཚད་ཅན། སྐུ་རྒྱུ་ཙན་དན་དཀར་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་ལག་ཁྲུ་དོ་ཙམ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་མང་ཙམ་བཞུགས་ཤིང་རེ་རེ་བཞིན་ད་ལྟ་ཤེས་དཀའ་བའི་གནས་སུ་གྱུར་རོ། སྐབས་དེར་དགོན་པར་བདག་སྐྱོང་བྱེད་པོ་ནི་དགེ་བཤེས་བྱམས་པ་འོད་ལྡན་ཞུ་བ་དེ་ཡིན། དུས་དེར་གྲྭ་ཤག་ཉི་ཤུ་ཙམ་དང་གྲྭ་པ་སུམ་ཅུ་ལྷག་བཞུགས་སྐད། སྐབས་དེར་སྡེ་འདི་ལྷ་ཆེན་སྨད་སྡེ་སོགས་ཀྱི་ཁོངས་སུ་གཏོགས་ཤིང་ལྷ་ཆེན་སྟོད་སྨད་དང་། དུད་ལུང་རབ་ཁ་སོགས་དགོན་པའི་མཆོད་གཞིས་སུ་གཏོགས། །
         སྒྲུབ་སྡེ་འདེབས་པ་པོ་རྗེ་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཡིན། ཁོང་གི་སྐུ་ཕྲེང་དང་པོ་སྟོང་འཁོར་བྱང་སེམས་ཟླ་བ་རྒྱལ་མཚན་ཡན་གྱི་འཁྲུངས་རབས་རྣམས་སྐུ་འབུམ་གདན་རབས་སུ་གསལ་བས་འདིར་མ་བཀོད་ལ། ཟླ་བ་རྒྱལ་མཚན་མདོ་ཁམས་སྨད་དུ་འབྱུང་ཞེས་གསུངས་པ་ལྟར་བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་མདོ་སྟོད་སྨད་དུ་ཕྱེ་བའི་ནང་ཚན་བར་ཁམས་སྟོང་འཁོར་དང་ཨ་མདོའི་སྨད་དུ་རིམ་བཞིན་སྤྲུལ་བའི་ཟློས་གར་བསྒྱུར་ཏེ་སྟོང་འཁོར་སྤྲུལ་སྐུའི་མཚན་བྱུང་བའི་སྐུའི་ཐོག་མ་ཡིན། རྗེ་བྱང་སེམས་ཟླ་བ་རྒྱལ་མཚན་ནི་རབ་ཀླུ་མེ་ཕོ་སྤྲེལ་ཕྱི་ལོ་༡༤༧༦ལོར་འཁྲུངས་ཤིང་། དགུང་ལོ་གྱ་གཅིག་པ་རབ་བུག་མེ་འབྲུག་ཕྱི་ལོ་༡༥༥༦ལོའི་བར་བཞུགས་ཏེ་༧ རྒྱལ་བ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་བསོད་གྲགས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་པ་དང་དུས་མཚུངས་པར་བར་ཁམས་སྟོང་འཁོར་དགོན་གསར་བཞེངས་མཛད་པ་སོགས་རྨད་དུ་བྱུང་བའི་མཛད་བཟང་ཤིན་ཏུ་མང་ངོ་། །
གཉིས་པ་སྟོང་འཁོར་ཡོན་ཏན་རྒྱ་མཚོ་ནི། རབ་བུག་མེ་འབྲུག་ཕྱི་ལོ་༡༥༥༦ལོར་འཁྲུངས་པ་ནས་རབ་ཡིད་མེ་ཕག་ཕྱི་ལོ་༡༥༨༧དགུང་ལོ་སོ་གསུམ་བར་བཞུགས་ཏེ་༧གོང་ས་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་ཞབས་ལ་གཏུགས། རྒྱལ་དབང་སྐུ་ཚབ་ཏུ་སོག་པོ་ཨ་ཐན་རྒྱལ་པོའི་ཨུརྒེར་དང་སོག་ཡུལ་དུ་རྒྱལ་བསྟན་སྤེལ་བཞིན་དབུས་འགྱུར་ཆོས་ཀྱི་ཞིང་དུ་བྱོན་ཏེ་སེར་བྱེས་མཁན་པོ་སོགས་གནང་ངོ་། ། 
        གསུམ་པ་སྟོང་འཁོར་རྒྱལ་བ་རྒྱ་མཚོ་ནི། རབ་སོར་ས་བྱི་ཕྱི་ལོ་༡༥༨༨ལོར་འཁྲུངས་པ་ནས་དགུང་ལོ་ང་གཉིས་པ་རབ་དྲག་ས་ཡོས་ཕྱི་ལོ་༡༦༣༩ལོའི་བར་བཞུགས་ནས་༧གོང་ས་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་དང་སྡེ་བ་སྐྱིད་ཤོད་པ་བསྟན་འཛིན་བློ་བཟང་རྒྱ་མཚོར་མཇལ་ཞིང་། སོག་རྒྱལ་ཀོོ་ཤི་བསྟན་འཛིན་ཆོས་རྒྱལ་གྱིས་ཨུརྒེ་གདན་དྲངས་ནས་རྒྱལ་བོའི་ཐུགས་བཞེད་བཞིན་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་འགྲོ་རྣམས་ཚིམ་པར་མཛད། ཆུ་བཟང་བ་རྣམ་རྒྱལ་དཔལ་བཟང་སོགས་དང་མཇལ་ཏེ་ཟབ་རྒྱས་ཀྱི་གདམས་པ་མང་པོ་གསན་བཞེས་མཛད་པ་སོགས་དམ་པའི་རྣམ་ཐར་མང་ངོ་། །
        བཞི་པ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་ནི། རབ་དྲག་ས་ཡོས་ཕྱི་ལོ་༡༦༣༩ལོ་ཀན་ཀྲོའུ་སུག་ཆུའི་འགྲམ་ཀྱི་རིཊ་རུས་བང་ཀྱའི་རྒྱ་ཕྲུག་ལོ་བཅུ་དགུ་ལོན་པ་ཞིག་ཤི་བའི་རོ་དུར་ཁྲོད་དུ་བསྐྱལ་བའི་ལམ་ཁར་དེའི་བེམ་པོ་ལ་འཕོས་ནས་ང་སྟོང་འཁོར་བ་ཡིན་ཞེས་སྨྲས་པ་དང་། གྲོང་འཇུག་གི་ལོ་ནས་བྱོན་པར་བརྟེན་སྟོང་འཁོར་འཕོ་བ་གྲོང་འཇུག་པར་གྲགས་པ། ཁོང་དགུང་ལོ་བཅུ་དགུའི་སྐབས་ནས་སྔར་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་མངའ་བས་ཀ་ཁ་སུམ་ཅུ་ནས་བཟུང་ཀློག་འདོན་གང་ཡང་སློབ་མི་དགོས་པར་རྒྱུད་ལ་རང་ཆས་སུ་འཁྲུངས། དེ་ནས་བཟུང་དགུང་ལོ་ཞེ་ལྔ་པ་རབ་དྲག་ཆུ་ཕག་ཕྱི་ལོ་༡༦༨༣ལོའི་བར་བཞུགས་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དང་། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་བཞེས་མཛད། ཀོོཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་བླ་མར་བཀུར། མཉྫུའི་གོང་མ་བདེ་སྐྱིད་རྒྱལ་བོས་ཤིང་སྦྲུལ་ཕྱི་ལོ་༡༦༦༥ལོར་ཆན་ཞི་མཉྫུའི་ཤྲཱིའི་གཟེངས་བསྟོད་དང་འཇའ་ས་ཐམ་ག་སོགས་ཕུལ་བས་གྲགས་སྙན་ཁྱབ་ཆེ་བ་བྱུང་ངོ་། །
        ལྔ་པ་སྟོང་འཁོར་ངག་དབང་བསོད་ནམས་རྒྱ་མཚོ་ནི། རབ་དྲག་ཤིང་བྱི་ཕྱི་ལོ་༡༦༨༤ལོར་སྣང་རའི་དཔོན་རྒྱུད་རུས་ལྡོང་གི་རིགས་སུ་ཀུན་མཁྱེན་འཇིགས་མེད་དབང་བོ་རྣམ་གཉིས་ཁུ་དཔོན་གྱི་ཚུལ་དུ་འཁྲུངས་པ་དགུང་ལོ་རེ་དགུ་པ་རབ་འདོད་ཆུ་སྤྲེལ་ཕྱི་ལོ་༡༧༥༢ལོའི་བར་བཞུགས་ནས་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་དང་མཇལ་ཞིང་། བར་ཁམས་སྟོང་འཁོར་དང་། ཟི་ལིང་སྟོང་འཁོར། དཔའ་རིས་མཆོད་རྟེན་ཐང་སོགས་དགོན་སྒྲུབ་སྡེ་རྣམས་ལ་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། མཚོ་སྔོན་དུས་འཁྲུག་གི་སྐབས་ཉན་ཀུན་ཡོའི་དམག་གིས་སྟོང་འཁོར་དགོན་གཏོར་བ་སླར་གསོ་གནང་ནས་ཐུབ་བསྟན་དར་རྒྱས་གླིང་ཞེས་མཚན་གསོལ། 
        དངོས་སློབ་ཀྱང་ཀུན་མཁྱེན་འཇིགས་མེད་དབང་བོ། གཡེར་གཤོང་དགེ་འདུན་ཟླ་བ་གྲགས་པ་སོགས་རྨ་ལྷོ་བྱང་གི་བླ་སྤྲུལ་བཤེས་གཉེན་ཕལ་མོ་ཆེ་བསྐྱངས་ཏེ་མཁས་ཤིང་གྲུབ་པའི་གྲགས་སྙན་ཕྱོགས་ཀུན་ཁྱབ་པ་ཞིག་གོ །
        དྲུག་པ་སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ནི། རབ་འདོད་ཤིང་ཁྱི་ཕྱི་ལོ་༡༧༥༤ལོར་རོང་བོ་མར་ནང་ཤིང་ལེ་ཁར་སྐུ་འཁྲུངས། དགུང་ལོ་ཞེ་ལྔ་པ་རབ་འདོད་ས་རྟ་ཕྱི་ལོ་༡༧༩༨ལོའི་བར་བཞུགས། རབ་འདོད་མེ་ཁྱི་ཕྱི་ལོ་༡༧༦༦ལོར་གླང་མའི་ཆུ་འགྲམ་དུ་ཆུ་ནག་དགོན་བཀྲ་ཤིས་ཆོས་གླིང་འདི་ཉིད་ཕྱག་འདེབས་གནང་ནས་རྟེན་བརྟེན་པ་གསར་བཞེངས་མཛད། དགོན་པ་དར་རྒྱས་བྱུང་ནས་གྲྭ་གྲངས་བརྒྱ་ཕྲག་ལྷག་ལ་འཕེལ། སྡེ་འདི་ཕྱི་ལོ་༡༧༦༦ལོར་བཏབ་པ་ནས་༡༩༩༢ལོའི་བར་ལོ་ཉིས་བརྒྱ་དང་ཉེར་དྲུག་འདས། དེ་མཚུངས་སུ་སྔ་ཕྱིར་སྟོང་འཁོར་མཁར་གྱི་དགའ་ལྡན་བསྟན་རྒྱས་གླིང། དཔའ་རིས་མཆོད་རྟེན་ཐང་དུ་བཀྲ་ཤིས་དར་རྒྱས་གླིང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ཆེན། ཀན་ཀྲོའུ་རྟ་རྨིག་དགོན་དུ་གྲགས་པ་དགའ་ལྡན་ཆོས་འཁོར་གླིང་སོགས་ཕྱག་འདེབས་མཛད་པ་དང་སོག་ཡུལ་དུ་ཡང་དགོན་སྡེ་ཁ་ཤས་དང་དེར་སྒར་བ་ཆེ་ཆུང་སོགས་ཡོད་པར་གྲགས། དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ནས་༧ རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ལས་ཟབ་ཆོས་མང་དུ་ཞུས། སེར་སྨད་ཐོས་བསམ་ནོར་བུའི་གླིང་དང་། ལྕགས་པོ་རི་ཁྲོད། གཙང་ཞཱ་ལུ་སོཊ་ཀྱི་མཁན་པོ་མཛད། དེ་ནས་མཉྫུའི་གོང་མ་ལྷ་སྐྱོང་དང་བསྔགས་སྨོན་སོགས་ལ་མཇལ་འཕྲད་གནང་ཞིང་ཕྱི་ལོ་༡༧༨༧ལོར་ཕཱུ་ཡིན་བློ་དང་། ཕྱི་ལོ་༡༧༨༩ལོར་དྲང་ཡིན་ཐམ་ཀ་ཕུལ་བས་ཆོས་སྲིད་ཀྱི་གྲགས་པ་ཕྱོགས་སུ་རྒྱས། །
        བདུན་པ་སྟོང་འཁོར་སྐལ་བཟང་མཁས་བཙུན་འཇམ་དབྱངས་རྒྱ་མཚོ་ནི། རབ་འདོད་ས་ལུག་ཕྱི་ལོ་༡༧༩༩ལོར་ཨ་རིག་ཏུ་འཁྲུངས་པ་དགུང་ལོ་བཅུ་གསུམ་ལས་མ་བཞུགས་ཤིང་དབུས་གཙང་ལྗོངས་སུ་ཆིབས་ཞལ་བསྒྱུར་ཏེ་༧རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ་དང་། པཎ་ཆེན་བསྟན་པའི་ཉི་མ་ཞལ་མཇལ་ནས་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་དུ་གྱུར། སེར་སྨད་ཆོས་གྲྭར་ཞུགས་པའི་ལོ་དེར་གཤེགས། །
        བརྒྱད་པ་སྟོང་འཁོར་ཐུབ་བསྟན་འཇིགས་མེད་སྐལ་བཟང་ངམ་བློ་བཟང་བསྟན་འཛིན་རབ་རྒྱས་ཉིད་ལ་པཎ་ཆེན་བསྟན་པའི་ཉི་མས་
གསོལ་འདེབས་རྒྱན་དྲུག་མཆོག་གཉིས་མར། མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་གསོལ། ཁོང་རབ་ཡིད་ཆུ་སྤྲེལ་ཕྱི་ལོ་༡༨༡༢ལོར་འཁྲུངས་པ་དང་རབ་ཡིད་ས་ཡོས་ཕྱི་ལོ་༡༨༡༩ལོར་དགུང་གྲངས་བརྒྱད་ལས་མ་བཞུགས་ཤིང་། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱི་ཞབས་ལ་གཏུགས་ཏེ་ཟབ་ཆོས་ཞུས། །
       དགུ་པ་སྟོང་འཁོར་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ནི། རབ་ཡིད་ལྕགས་འབྲུག་ཕྱི་ལོ་༡༨༢༠ལོར་རྭ་ཀེ་བར་དུ་སྐུ་བལྟམས་ཏེ། དགུང་ལོ་རེ་བཞི་པ་རབ་ཚེས་ཆུ་ལུག་ཕྱི་ལོ་༡༨༨༣ལོའི་བར་བཞུགས་ནས། ཡབ་རྗེ་གསེར་ཁང་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་དབང་ལུང་རྗེས་གསུམ་བཤད་ཁྲིད་མན་ངག་སོགས་གསན་ཅིང་། རྗེ་འདི་ལུང་བསྟན་དང་རྒྱལ་བོའི་བཀའ་བཞིན་ཤར་ཕྱོགས་རྒྱལ་ཁབ་ཆེན་མོར་ཆིབས་བསྒྱུར་ཕྱི་མ་མཛད་དེ།
       མཉྫུའི་རྒྱལ་རབས་དྲུག་པ་འོད་གསལ་རྒྱལ་བོ། བདུན་པ་ཞེ་ཕུན་རྒྱལ་བོ། བརྒྱད་པ་ཐོན་དྲི། རྒྱལ་བོ་དགུ་པ་བཀྭང་ཞི་རྒྱལ་བོ་སོགས་ལ་རིམ་བཞིན་མཇལ་འཕྲད་ཞབས་གྲོགས་གནང་བ་དང་། རྒྱལ་བོ་དེ་དག་གིས་ཀྱང་ཆེན་པོར་འོས་བའི་བཀུར་གཟོ་བླ་ན་མེད་པའི་ངོས་ནས་གསེར་ཁབ་ཕུ་ཡི་བླ་མ་དང་། ནུབ་ཕྱོགས་བླ་མ་སེར་མོ་བ་མཐའ་དག་གི་ལས་དོན་བྱེད་མཁན་དྲང་ལིན་ཐམ་ག་ཕུལ་བ་ལྟར་བདག་གིར་བཞེས་ཏེ་རེས་མོས་སུ་ལོ་སོ་དྲུག་བར་བསྟན་སྲིད་ཀྱི་ལས་དོན་བགྱིས་ངོས་༧གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་གསེར་ཁྲིར་མངའ་གསོལ་བྱེད་པའི་ཞབས་འདེགས་སྒྲུབ་པ་ལ་སོགས་ཆོས་སྲིད་ལ་མཁས་པའི་གྲགས་པ་ཆེ། ། 
        བཅུ་པ་སྟོང་འཁོར་བློ་བཟང་བསྟན་པའི་ཉི་མ་ནི། རབ་ཚེས་ཆུ་ལུག་ཕྱི་ལོ་༡༨༨༣ལོར་འཁྲུངས་ནས་དགུང་ལོ་བརྒྱད་ལས་མ་བཞུགས་ཤིང་།
ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་ལས་རབ་ཏུ་བྱུང་སྟེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མནོས། རྗེས་སུ་སྐུ་གདུང་ལ་གཞོན་ཤ་ཆགས་ཤིང་འཕེལ་གདུང་དང་སྐྲ་སེན་སྐྱེས་པ་སོགས་ངོ་མཚར་བའི་མཚན་མ་དད་ལྡན་རྣམས་ཀྱིས་མངོན་སུམ་དུ་མཐོང་བ་ཀུན་ལ་གྲགས་སོ། །
        བཅུ་གཅིག་པ་སྟོང་འཁོར་བློ་བཟང་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་ནི། རབ་ཚེས་ལྕགས་སྟག་ཕྱི་ལོ་༡༨༩༠ལོར་འཁྲུངས་པ་ནས་དགུང་ལོ་
ཉི་ཤུའི་བར་བཞུགས། ཧོར་ཆེན་ཡོངས་འཛིན་ཡེ་ཤེས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་མདོ་སྔགས་ཀྱི་གཞུང་ལ་གསན་སྦྱོང་གནང་། སྐུ་འབུམ་དུ་ཚོགས་ལ་ཞུགས་སྐབས་མཁས་པའི་གྲགས་སྙན་རྒྱས་ཤིང་། ༧རྒྱལ་དབང་བཅུ་བསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོར་མཇལ་ཞིང་བརྩེ་བས་རྗེས་སུ་བཟུང་སྟེ་མགོན་པོ་གང་གི་སྤྱན་སྔར་ཞབས་འདེགས་བགྱིས། མཉྫུའི་གོང་མ་བཀྭང་ཞི་དང་། རྒྱལ་མོ་ཚའི་ཞི་ཐེ་ཧུ། ཞོན་ཐོན་གོང་མ་སོགས་ལ་༧གོང་ས་མཆོག་དང་ལྷན་ཏུ་ལན་གྲངས་དུ་མར་མཇལ། །
         བཅུ་གཉིས་པ་སྟོང་འཁོར་བློ་བཟང་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་བརྒྱ་མཚོ་ནི། རབ་ཚེས་ལྕགས་ཁྱི་ཕྱི་ལོ་༡༩༡༠ལོར་སྟོང་འཁོར་དུ་འཁྲུངས། དགུང་ལོ་བཅུ་གཉིས་ལས་མ་བཞུགས་ཤིང་། ཧོར་ཆེན་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ལས་རབ་ཏུ་བྱུང་སྟེ་དབང་ལུང་རྗེས་གསུམ་སོགས་གསན་བཞེས་མཛད། །
བཅུ་གསུམ་པ་སྟོང་འཁོར་བློ་བཟང་བྱང་ཆུབ་བསྟན་འཛིན་རྒྱ་མཚོ་ནི། རབ་ཚེས་ལྕགས་སྤྲེལ་ཕྱི་ལོ་༡༩༢༠ལོར་དཔལ་རིས་མཆོད་རྟེན་ཐང་གི་ཉེ་འདབས་ཆོས་བཟང་སྡེ་ཁྲོད་དུ་འཁྲུངས། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ལས་རབ་ཏུ་བྱུང་ཞིང་དབང་ལུང་རྗེས་གསུམ་སོགས་ཟབ་རྒྱས་ཆོས་རྒྱུན་མང་དུ་གསན་བཞེས་མཛད། པཎ་ཆེན་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོའི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། ༧རྒྱལ་བའི་དབང་བོ་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་རང་དགོན་འདིར་ཕེབས་པར་མཇལ་ཞིང་དམ་པ་དེ་དག་གི་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་མངོན་དུ་གྱུར། དེ་ནས་རབ་རྒྱལ་ཆུ་ལུག་ཕྱི་ལོ་༡༩༤༣ལོར་སྐུ་འབུམ་བྱམས་པ་གླིང་གི་མཁན་ཁྲིར་བཞུགས་ཏེ་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་བཀུར་གང་ལེགས་མཛད། དེའི་ཕྱི་ལོ་ཤིང་སྤྲེལ་ཕྱི་ལོ་༡༩༤༤ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གསེར་ཁྲིར་མངའ་གསོལ་སྐབས། རྗེ་འདིས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་མཎྜལ་བཤད་པ་རྒྱས་འབུལ་དང་། 
        རབ་བྱུང་གསོལ་སྐབས་ལས་གྲས་སུ་ཞུགས། རབ་རྒྱལ་མེ་སྤྲེལ་ཕྱི་ལོ་༡༩༥༦དགུང་ལོ་སོ་བདུན་སྟེང་ལྷ་གདན་དུ་ཕེབས་ནས་འཕགས་ཡུལ་དུ་བྱོན་པའི་བར་རོ། །
        སྡེ་འདིའི་འདོན་ཆོས་སྤྱོད་ཀྱི་སྐོར་ལ། ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ། ལྔ་པའི་མཆོད་པ། བཞི་པའི་སྨྱུང་གནས། བཅུ་པའི་ལྔ་མཆོད། བོད་ལོའི་གཏོར་སྒྲུབ། ཟླ་རེར་བཅོ་ལྔའི་དུས་བཟང་ཆག་མེད་དང་། འདོན་ཆོས་གཙོ་བོ་གསང་བདེ་འཇིགས་གསུམ་དང་། ཀུན་རིག སྨན་བླ། མགོན་ཆོས་རྣམ་ལྔ་བཅས་སོ། ས་ཁྱི་ལོའི་ཡར་སྔོན་ཆོས་ཐོག་གཏོང་ཐབས་སུ་ཞིང་ས་མུའུ་བརྒྱད་ཅུ་ལྷག་ཡོད། དེའི་བརྔོ་ཐོགས་དགོན་པ་དང་འདེབས་མཁན་གཉིས་ལ་ཕྱེད་བགོ་བྱེད་རྒྱུ་དང་། ཞིང་ཁྲལ་སོགས་དགོན་པ་རང་གིས་མཇལ་དགོས་པའི་སྲོལ་ཡོད། སྟོང་འཁོར་དགོན་དང་ར་རྒྱ་གཉིས་ལ་སྔར་ནས་འབྲེལ་ཆེ་བར་གྲགས། །
        ཉམས་པ་སླར་གསོ་བྱས་པའི་ཚུལ་ལ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་རང་སའི་ཆོས་དད་མང་ཚོགས་ཀུན་སྐོམ་པའི་ཆུ་ལ་རེ་བ་ལྟར་རབ་རྒྱལ་ཆུ་ཕག་ཕྱི་ལོ་༡༩༨༣ལོར་སྔར་གྱི་དགོན་གནས་ལས་སྤར་ཏེ། ལྷ་ཆེན་སྟོད་སྨད་གཉིས་ཀྱི་མཚམས་འཇམ་དབྱངས་ཐང་ཟེར་བའི་སར་གནས་གཞི་གསར་དུ་བཏབ་ནས་དགོན་པ་སླར་གསོ་བྱེད་པའི་དབུ་བརྩམས། རབ་རྒྱལ་ཤིང་གླང་ཕྱི་ལོ་༡༩༨༥ལོའི་ཟླ་བརྒྱད་པར་ཆོག་མཆན་དངོས་སུ་གནང་སྟེ་དགོན་པ་དོ་དམ་ལྷན་ཚོགས་སྒྲིག་འཛུགས་བྱས་ཐོག་མཆོད་གཞིས་ཀྱི་སྡེ་སོ་སོའི་དད་ལྡན་དག་གིས་མཐུན་རྐྱེན་གང་དགོས་སྦྱར་ཏེ་འདུ་ཁང་གྱན་ལྔ་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་བྱས། ནང་རྟེན་གྱི་གཙོ་བོ་སྨན་འདམ་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ་ཁྲི་དྲུག་འགྱོགས་ཅན་གཙོས་འབག་སྐུ་བཞི། གྱན་ཐང་ཉེར་གཅིག བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བ་བཅས་བཞུགས། ད་ལྟ་གྲྭ་ཤག་ལྔ་གྲྭ་པ་ཉེར་ལྔ་ཙམ་ཡོད་ལ། སྔར་སྲོལ་ཕལ་ཆེར་ཉམས་གསོ་ཟིན་པ་བཅས་དེང་གི་གནས་ཚུལ་ལོ། །

 གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།