གཤོང་མོ་ཆེ་བཀྲ་ཤིས་འཁྱིལ་དགོན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 19:48:38     རྩོམ་པ་པོ།   མཁྱེན་རབ་རྒྱ་མཚོ།     ཀློག་ཐེངས།  

            གཞོང.jpg 

       ༄༅།།དགོན་པ་འདི་ཁྲི་ཀ་འཕྲང་དམར་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་ཅིང་།གྲུབ་མཐའ་དགེ་ལུགས་པ་ཡིན།ཐོག་མར་གྲུབ་དབང་པདྨ་ཀཱ་རའི་རིང་ལུགས་འཛིན་པ་གསང་སྔགས་སྔ་འགྱུར་བའི་བསྟན་པའི་སྲོག་ཤིང་ཧོར་མོའི་སྒོམ་རྒན་ཚང་གིས་རབ་བྱུང་བཅུ་གཉིས་པའི་ས་རྟ་སྤྱི་ལོ་༡༧༣༨/ལ་དགོན་ལུང་ཕུར་མཚམས་ཁང་བརྩིགས་ཏེ་དགེ་འདུན་བཅུ་ཕྲག་ལྷག་དང་མཉམ་དུ་ཚེ་དང་སྒྲུབ་པ་སྙོམས་པོེར་མཛད་ནས་བཞུགས།སྐབས་ཤིག་ལ་མཚམས་ཁང་བརྡིབས་ནས་གྲྭ་བ་འགའི་སྐུ་སྲོག་ཤོར། དེར་བརྟེན་དགོན་གནས་སྤོར་བའི་ཐུགས་འདུན་འཁྲུངས་པར་བཤད། དེའི་སྤྲུལ་སྐུ་ཨ་ཡག་སྦྱིན་པ་རྒྱ་མཚོས་སྔར་གྱི་མཚམས་ཁང་རི་ཞོལ་དུ་སྒྲུབ་སྡེ་འདི་ཉིད་གསར་འདེབས་མཛད་པས་གཤོང་མོ་ཆེ་བཀྲ་ཤིས་འཁྱིལ་ཞེས་གནས་ཀྱི་སྒོ་ནས་བཏགས། དམེ་ཀྱཱ་དང་ཆོས་ཚ་ཨོའུ་རོང་གི་གྲྭ་རྒྱུན་བསྡུས་ནས་རྒྱུན་ལྡན་གྱི་ཆོས་ཐོག་རྒྱུད་སྡེ་རྣམ་བཞིའི་ཆོ་ག་རྣམ་དག་བཙུགས། སྐུ་ཕྲེང་གསུམ་པ་ཨ་ཡག་བློ་བཟང་ཤེས་རབ་ཀྱི་རིང་ལ་དགོན་པ་ཁག་གཉིས་སུ་གྱེས། སྐུ་གོང་མའི་སྐུ་དབོན་བློ་བཟང་དཔལ་འབྱོར་གྱིས་ད་ལྟའི་གཤོང་མོ་ཆེའི་གནས་འདི་གཞིར་བཟུང་ནས་འདུ་ཁང་དང་རྟེན་་བཞེངས་མཛད། ཆོས་ཐོག་དང་གཞི་གསུམ་གྱི་ལག་ལེན་གསར་དུ་བཙུགས་ཐོག་ཆོས་འདུལ་བ་དང་མཐུན་པའི་བཅའ་ཡིག་ཀྱང་མཛད། ལ་མོ་ཞབས་དྲུང་དཀར་བོས་ཨ་ཡག་གྲུབ་ཆེན་རྒྱ་མཚོ་ཞེས་པའི་མཚན་གསོལ། དེའི་སྤྲུལ་སྐུ་ཨ་ཡག་སྐུ་ཕྲེེེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཐོག་མའི་འདུ་ཁང་རྨང་གཞིར་བཏང་སྟེ་འདུ་ཁང་ཆེན་མོའི་རྟེན་དང་བརྟེན་པ་བཞེངས་གྲུབ་མཛད། སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་འཛིན་ནོར་བུས་ལ་མོ་བདེ་ཆེན་དང་སྒྲུབ་སྡེ་འདི་གཉིས་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་སྐྱོང་ཁུར་མཛད། འདིའི་རིང་ལ་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་དགོན་འདིར་ཞག་བཞུགས་ཞུས། སྐུ་ཕྲེང་བཞི་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་ནི་རབ་བྱུང་བ ཅུ་དྲུག་པའི་ས་བྱི་ལ་འཁྲུངས།རེབ་གོང་སྐུ་ཕྱོགས་ཆེན་མོས་ཐུགས་ཐག་བཅད། རྒྱ་ཝར་རི་ཁྲོད་པ་དགེ་འདུན་ཐུབ་བསྟན་དབང་ཕྱུག་མཆོོག་གི་དྲུང་ནས་རབ་ཏུ་བྱུང། ལ་མོ་བདེ་ཆེན་དུ་ཚོགས་ཞུགས་གནང། བསྟན་པ་ཡང་དར་དང་བསྟུན་ནས་དགོན་སྡེ་འདི་ཉིད་སླར་གསོ་གནང། ཁྲི་ཀའི་རི་ཁྲོད་པ་ལོ་ཉི་ཤུ་ལྷག་གི་རིང་ལ་སྐྱོང་ཁུར་ཚད་མེད་གནང་།ལ་མོའི་ཡོངས་འཛིན་རིན་པོ་ཆེ་ལ་དུས་འཁོར་དབང་ཆེན་ཞུས་ཏེ་དགོན་གནས་འདིར་གནང་བ་དང་སྔ་ཕྱིར་ལན་གསུམ་ཕེབས་ནས་བཀའ་ཆོས་མང་དུ་གནང་།སྡེ་སྣོད་འཛིན་པ་ཆེན་པོ་བླ་བྲང་ཨ་ཁུ་༧བློ་བཟང་ཚང་ཕེབས་ནས་ཀྱང་བཀའ་ཆོས་མང་དུ་གནང། ལ་མོ་བདེ་ཆེན་གྱི་ཨ་ཁུ་དགེ་རྒན་ཚང་ཐེངས་མང་ཕེབས་ནས་གཞི་གསུམ་གྱི་ལག་ལེན་ངོས་གཙང་བཙུགས། 

        གཞོང (3).jpg

        གཞན་ཡང་མཁས་པའི་དབང་བོ་ལྷ་སྡེ་ཨ་ཁུ་ཀུན་བཟང་ཚང་དང། རྒྱ་ཡག་ཡོངས་འཛིན་སྐལ་བཟང་དོན་གྲུབ་ཚང་། ཁྲི་ཀའི་སྐུ་ཕྱོགས་སྒོ་མང་ཚང་སོགས་ཞུས་ནས་དཔེ་ཁྲིད་ཀྱི་བཀའ་དྲིན་མང་དུ་བསྐྱངས། ལྷག་པར་དུ་སྤྱི་ལོ་༢༠༠༦/ནས་བཟུང་དགེ་བའི་བཤེས་གཉེན་རྒན་ལེགས་བཤད་རྒྱ་མཚོ་ཚང་དགོན་པས་གདན་ཞུས་ལྟར་དཔེ་ཁྲིད་དགེ་རྒན་གྱི་འགན་བཞེས་ཏེ་ལོ་རེར་བཞིན་དབྱར་གནས་སྐབས་ཆག་མེད་དུ་ཕེབས་ནས་གྲྭ་བཙུན་སློབ་གཉེར་བ་རྣམས་ལ་ལམ་རིམ་དང་བརྡ་སྤྲོད་སྙན་ངག་སོགས་ཀྱི་དཔེ་ཁྲིད་གནང་བས་བཀའ་དྲིན་ཤིན་ཏུ་ཆེ། སྤྱི་ལོ་༢༠༠༩/ལོར་གཤོང་མོ་ཆེའི་ཤེས་རིག་ཕན་བདེ་གླིང་ཞེསཔའི་སློབ་གྲྭ་གསར་དུ་བཙུགས། ད་ལྟ་གྲྭ་བ་བཞི་བཅུ་ལྷག་གིས་ལོ་རེའི་ཆོས་ཐོག་དང་ཟླ་རེའི་དུས་བཟང་།དབྱར་དགག་གསོ་གསུམ་སོགས་ཆག་མེད་དུ་ཡོད་པ་འདི་ལགས་སོ།།

                   གཞོང (2).jpg

       གསལ་འདེབས།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།